བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།

    ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།



བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།


                 ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།



རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན།།
ཕ་ཆོས་རྒྱལ་ངག་གི་དབང་པོ་ལ།།
བདག་སྙིང་ནས་དད་པས་གསོལ་བ་འདེབ།།
སེམས་གྱོང་པོ་ཐུལ་བར་བྱིན་གྱིས་རློབས།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
སྨན་ལྗོངས་དང་ནགས་ཚལ་གངས་རིས་མཛེས།།
ཟས་རང་གྲུབ་ཤིང་ཐོག་ཚོད་མ་དང།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
བྱ་ཁུ་བྱུག་སྔོན་མོས་སྐད་སྙན་འབྱིན།།
ཆུ་གཙང་མས་ལྷུང་ལྷང་སྙན་པ་སྒྲོག།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
གྲོགས་རི་དྭགས་བག་ཕེབས་རྒྱུ་ཞིང་རྩེ།།
མདོག་རབ་མཛེས་མེ་ཏོག་གཅལ་དུ་བཀྲམ།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
སུས་མ་བྱས་རང་བྱུང་བྲག་ཁུང་དེ།།
དགུན་དྲོ་ཞིང་དབྱར་དུས་རབ་ཏུ་བསིལ།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
དགྲ་གཉེན་གཉིས་གང་དང་འབྲེལ་ན་མེད།།
ཆགས་སྡང་གི་ཟག་པ་ངངགིས་འགྲིབ།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
གཞན་ཆེ་ཆུང་མི་ཡིས་རྒྱུ་འགྲུལ་མེད།།
སེམས་གཡོ་རྒྱུ་ཚུལ་འཆོས་ངང་གིས་འགྲིབ།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
ཚེ་འདི་ཡི་རྣམ་གཡེང་འདུ་འཛི་མེད།།
རང་གཅིག་པུར་དགེ་སྦྱོང་ངང་གིས་འཕེལ།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
དུས་བཞི་བོ་རིམ་གྱིས་འགྱུར་བའི་ཚེ།།
ཚེ་མི་རྟག་དྲན་ནས་སྐྱོ་ཤས་འཕེལ།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
བློ་རྣམ་རིག་དབང་པོ་རབ་ཏུ་གསལ།།
ཉམས་རྟོགས་པའི་ཡོན་ཏན་ངང་གིས་འཆར།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
ཁོང་བླ་མ་མཁས་པ་མང་བོ་བཞུགས།།
ནང་སེམས་ལ་ཕན་པའི་མགུར་དབྱངས་ལེན།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
རྗེ་བླ་མ་ལྷ་ཡིས་བྱིན་གྱིས་རློབ།།
མ་མཁའ་འགྲོའི་ཚོགས་ཀྱིས་དངོས་གྲུབ་སྟེར།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན།།
དཔའ་ཆོས་སྐྱོང་སྲུང་མས་བར་ཆད་བསྲུང་།།
ལྷ་དཀར་ཕྱོགས་རྣམས་ཀྱིས་མཐུན་རྐྱེན་སྦྱོར།།
བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད།།

 

ང་རྣལ་འབྱོར་ཚེ་ལྷག་རི་ལ་སྐྱེལ།།
མི་སྐལ་ལྡན་ཡོད་ན་རི་ལ་ཤོག །
དུས་ཀུན་ཏུ་རི་ཁྲོད་དབེན་པ་བསྟེན།།
ཚེ་འདི་ནས་བདེ་ནས་བདེ་བར་འགྲོ།།

 

ང་བཟའ་མེད་དགོས་མེད་སློང་མོ་བ།།
འཁོར་གཡོག་མེད་དཔོན་མེད་རང་གཅིག་པུར།།
གནས་མི་མེད་ཁྱི་མེད་ལུང་སྟོང་ན།།
འཕྲལ་དཔག་མེད་ཚད་མེད་སྐྱིད་ནས་བླངས།།

 

གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱང་།།
རྒྱུད་དམ་པའི་ཆོས་ལ་རབ་ཕྱོགས་ནས།།
ནང་སེམས་ཉིད་གྱོང་བོ་འདུལ་ཕྱིར་དུ།།།
གནས་དབེན་པའི་རི་ངོགས་བསྟེན་པར་ཤོག།

                བང་སོས་ཡི་གེར་ཕབས།
                         རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།