མི་ལབ་དགུ་ལབ་ལ་གུ་འདི་འདྲ་བཏང་ངོ་།

    འབྲུག་པ་ཀུན་ལེགས་ཀྱིས་མགུར།


འབྲུག་པ་ཀུན་ལེགས་ནི
འཇིག་རྟེན་ཕལ་པ་ལྟར་སྡོད་ས་གཅིག་ཏུ་བསྡད་ནས་ལྟོ་གོས་འཛོམས་པ་ཙམ་གྱི་བློ་ཚིམས་པ་ཞིག་མིན་པར་ཡུལ་ཀུན་ཏུ་བྱོན་ཏེ་ཆོས་དང་འཇིག་རྟེན་ཀུན་ལ་ཞིབ་དཔྱད་ཟབ་མོ་མཛད་མཁན་ཞིག་ཡིན་པས་ཁོང་གང་དུ་བྱོན་པའི་ཡུལ་གྲུ་རྣམས་སུ་བླ་སྤྲུལ་དང་དགེ་བཤེས་སྔགས་པ་སོགས་སྟོན་པ་ཤྭཀྱ་ཐུབ་པའི་རྗེས་འཇུག་ཏུ་ཁས་འཆེ་བ་འགའ་ཞིག་གིས་དཀོར་ནག་ཟ་བ་དང་།  དཔོན་གཟུགས་འཛིན་པ།  ནོར་ཕྱིར་ཆོས་འཚོང་བ།  གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་པ་བྱས་ཏེ་ཐ་ན་སེར་དམག་བསྡུས་ནས་དམག་འཁྲུག་རྒྱག་པ་སོགས་ཆོས་མིན་གྱི་བྱ་བ་མཐའ་དག་ལ་ངོ་རྒོ་བྱ་ཞིང་།   ཁོང་གང་དུ་བྱོན་པའི་ས་གནས་ཀུན་ཏུ་ཆོས་པའི་མིང་ཁྱེར་ནས་འཇིག་རྟེན་ཁོ་ན་སྒྲུབ་པ་དང་།  སྤྱི་ལ་བསྙད་ནས་སྒེར་དོན་སྒྲུབ་པ།  ལས་འབྲི་མི་བརྩི་བ།  ཁ་བཤད་དང་ལག་ལེན་ཕྱོགས་འགལ་ཡིན་པ།  ཕན་ཚུན་མགོ་སྐོར་དང་གཡོ་རྒྱུ་བྱེད་པ་སོགས་སྤྱོད་ངན་སྣ་ཚོགས་ཁྱབ་ཡོད་པ་དེར་སྐུ་ཚེ་ཧྲིལ་པོར་དགག་རྒྱག་དང་མཚང་བརྟོ་ཁོ་ན་བྱས་ཤིང་།  ཁོང་གིས་གསུངས་རྩོམ་རྣམས་ནི་མགུར་མ་དང་།  གླུ་རྟ།  བྲོ་གཞས།  བོན་པོའི་འདོན་རྟ།  ཀ་བཤད།  འཕྲིན་ཡིག  སྒྲུང་ཐུང་སོགས་བོད་རང་གི་སྔར་ཡོད་གོམས་སྲོལ་ལྟར་དུ་བྲིས་པ་ལེགས་སོ།།
ན་མོ་ཟ་ར་ཟི་ར་ཧོ།།

              
འབྲུག་པ་ཀུན་ལེགས་ཀྱིས་གསུངས།
བྱ་རྒོད་ནམ་འཕང་གཅོད་པ་དང་།།
བླ་མས་རོ་ཆོག་མཛད་པ་དང་།།
རྟོགས་ལྡན་ཕུང་པོ་འཁུར་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
 
ཡོན་བདག་ཁ་བཀོད་བྱེད་པ་དང་།།
ལུག་རྫིས་རྐང་འཛིན་བྱས་ནས་སྤྲོད།།
བཤན་པས་གྲི་གུ་བརྡར་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
 
རྟག་ཆད་ལྟ་བར་ལྟ་བ་དང་།།
གོལ་ཤོར་སྒོམ་དུ་སེམས་པ་དང་།།
སྐྱུར་འགོང་སྤྱོད་པར་བརྩི་བ་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
 
སྒོམ་ཆེན་རི་ཁར་འདུ་ལོང་གསོག །
མཚན་ཉིད་པ་གྲྭ་སར་གོ་བཤེར་མཛད།།
སྔགས་པ་ནང་དུ་གཏད་སེལ་འཇུག །
ང་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
 
སྒོམ་པ་མེད་པའི་བཙུན་ཁྱེར་དང་།།
རྟོགས་པ་མེད་པའི་བརྟུལ་ཞུགས་དང་།།
རྒྱུ་འབྲས་མི་བསམ་ཆོས་བཤད་གསུམ།།
གསུམ་འདི་གསུམ་མཐོང་བས་སྐྱོ་དྲགས་བྱུང་།།
 
ད་ནི་དཔའ་བོ་ཐུབ་ཆེན་གྱིས།།
ཇི་ལྟར་གསུངས་བའི་སྙིང་པོའི་དོན།།
རྟོག་པའི་པུར་གྱིས་མ་བྲིས་པར།།
རང་བཞིན་ངང་ལ་གནས་པར་ཤོག །
                  ཅེས་སྨྲས་སོ།།


འབྲུག་མགུར།

བཀའ་བརྒྱུད་གངས་རིའི་ཕྲེང་བ་མཐོན་པོའི་སྤོར།།
སྐལ་ལྡན་གྲུབ་མཆོག་ཆར་སྤྲིན་དུ་མའི་དབུས།།
བཀའ་བབས་གདམ་པའི་འབྲུག་སྒྲ་ཆེར་སྒྲོག་པའི།།
བཀའ་བརྒྱུད་དཔལ་ལྡན་ཀུན་ལེགས་འདི་སྐད་ལོ།།
བདེ་གཤེགས་གསུང་རབ་དོན་དང་མི་མཐུན་ན།།
གདམས་ཆུང་སྡུག་བཙུར་ཆེ་བས་ཅི་ཡོང་བ།།
ཡང་དག་དགེ་བའི་བཤེས་ཀྱིས་མ་ཟིན་ན།།
རང་བཟོ་ཤེས་རབ་ཆེ་བས་གང་ཡོང་བ།།
འགྲོ་ཀུན་བུ་བཞིན་བརྩེ་བར་མི་བལྟ་ན།།
སྨོན་འཇུག་ཆོ་ག་མཁས་པའི་ཅི་བྱེད་པ།།
སྡོམ་གསུམ་གནད་ཚང་གཅིག་པར་མ་ཤེས་ན།།
གཅིག་བསྲུང་གཅིག་ཤོར་འདི་ཀས་ཅི་བཏུབ་པ།།
སངས་རྒྱས་རང་ལ་ཡོད་པ་མ་ཤེས་ན།།
གྱད་ཀྱི་ནོར་འཚོལ་འདི་འདྲས་གང་བྱེད་པ།།
སོས་དལ་རྒྱུན་གྱི་སྒོམ་ལུགས་མ་ཤེས་ན།།
རྣམ་རྟོག་བཀཀ་སྒོམ་འདི་འདྲས་གང་ཡོང་བ།།
སྤྱོད་པ་དུས་ཚོད་བཞི་དང་མ་འབྲེལ་ན།།
སྨྱོན་སྤྱོད་ཧུར་ལངས་འདི་ཚོ་སུ་ཡིན་པ།།
ལྟ་བ་ངོས་བཟུང་མེད་པར་མ་ཤེས་ན།།
ཕྱོགས་ལྷུང་དམིགས་གཏད་མཁན་འདིས་གང་བྱེད་པ།།
ལྡན་གྲོལ་མི་ལྡན་ཟས་ལ་སྲེད་པ་འདི།།
ཕྱི་མར་བུ་ལོན་བསགས་ནས་སུས་འཇལ་བ།།
བདེ་དྲོད་མེད་པར་རས་རྐྱང་གྱོན་པ་འདི།།
གྲང་དམྱལ་ད་ལྟ་སྦྱངས་ནས་ཅི་འདྲས་འབྱུང་།།
མན་ངག་མེད་པར་བརྩོན་འགྲུས་བརྩོམ་པ་འདི།།
གྲོག་མ་བྱེ་རིར་འཛེགས་པས་ཅི་འགྲུབ་པ།།
ཐོས་པ་བསགས་ནས་གནས་ལུགས་མི་སྒོམ་པ།།
ནོར་རྫས་ཡོད་ནས་ལྟོགས་གྲིར་སྡོད་པ་འདྲ།།
དགེ་བཤེས་མཁས་པ་འཆད་རྩོད་མི་བྱེད་པ།།
དུག་སྦྲུལ་མགོ་ལ་ནོར་བུ་ཡོད་པས་ཅི།།
བློན་པོ་མི་ཤེས་བཞིན་དུ་ཤོར་བ་འདི།།
རང་སྐྱོན་རང་གིས་སྒྲོག་པ་ཁོ་ནར་འདུག །
ཆོས་ཀུན་གཅིག་དུ་སྒྲིལ་ལ་ཉམས་ལེན་མཛོད།།
                     ཅེས་ཀྱང་སྨྲས་སོ།།


 མི་ལབ་དགུ་ལབ་ལ་གུ་འདི་འདྲ་བཏང་ངོ་།
 
གར་མཁན་དཔའ་བོས་གར་སྟབས་བསྒྱུར་བས་སྲིད་པ་གསུམ་གྱི་གར་བྱས་སོ།།
གར་ཡང་མ་ཕྱིན་ཕྱོགས་བཅུར་ཕྱིན་པས་གང་ཡང་མ་མཐོང་ཐམས་ཅད་མཐོང་།།
ག་ལེ་བྱས་ནས་རྒྱུགས་ཏེ་ཕྱིན་པས་གོམ་པ་གཅིག་གིས་ས་གསུམ་བསྒྲོད།།
མི་འགྲོ་བྱས་པས་ཐམས་ཅད་འགྲོ་ཟེར་བསྡོངས་ནས་ཕྱིན་པས་རང་གཅིག་པོ།།
མི་བྱེད་བྱས་པས་བྱེད་དོ་ཟེར་ནས་བྱེད་རང་བྱས་ཙ་བྱེད་རྒྱུ་ཟད།།
ཟབ་ཟབ་མང་པོ་བསྡུས་ནས་ཟབ་ཟེར་ཟབ་རྒྱུ་མི་འདུག་མི་ཟབ་པའང་ཟབ་པར་སོང་།།
སྤྲོས་པ་བྱས་པས་སྤྲོས་མེད་རྙེད་ནས་སྤྲོས་བྲལ་ཁོ་རང་བརྗེད་ནས་ཐལ།།
ཉམས་དགའི་གླུ་ལ་ཟད་པ་མི་འདུག་སེམས་ཀྱི་རང་རྩལ་ལྷོད་ལྷོད་ལྷོད།།
དོན་གྱི་དབྱིངས་ལ་སྨྲ་རྒྱུ་མི་འདུག་སྨྲ་བ་ཐམས་ཅད་དོན་ལས་བྱུང་།།

                        མྱི་གསར་བས་ཡི་གེར་ཕབས།
                              རྩོམ་སྒྲིག་པ། གུ་དཔལ་ཤིས།
         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།