རྭ་ལོ་ཙྭ་བའི་ཚོང་མགུར།

    རྭ་ལོ་ཙྭ་བས་གསུངས།


ཚོང་དཔོན་གྲགས་པ་ནོར་བུ་བྱ་བ་དེ་དྲེའུ་སྔོན་པོ་གཅིག་བཞོན།  དྲེའུ་བརྒྱ་ཙམ་ལ་ཁལ་བཀལ།  ཁྱི་གསུམ་རོལ་དུ་ཁྲིད། འཁོར་ཉི་ཤུ་ཙམ་གྱིས་བསྐོར་ནས་བྱུང་བ་དང་འཕྲད།  ཁྱེད་གཉིས་གར་ཕྱིན་ཟེར།  བལ་ཡུལ་དུ་ཕྱིན་གསུངས་པས།  ཚོང་བྱས་སམ་ཟེར་བ་ལ།  ཚོང་བྱས་གསུངས་པ་རྭ་ཆེན་གྱིས་འདི་སྐད་གསུངས་སོ།

                      
  རྭ་ལོ་ཙྭ་བས་གསུངས།


ཕ་བླ་མ་བྷ་རོའི་ཞབས་ལ་འདུད།།
འགྲོ་དབུལ་བ་ཞི་བར་བྱིན་གྱིས་རློབས།།
ལས་ཅན་སྐྱེས་བུའི་ཚོང་པ་ང་།།
འབྲས་བུའི་ཚོང་གཅིག་བྱ་སྙམ་པས།།
ཐེག་པ་ཆེན་པོའི་དྲེའུ་ལ།།
དད་པ་འགྱུར་མེད་སྒ་གདན་བསྟད།།
དགེ་བ་བཅུའི་ཚོང་ཟོག་བཀལ།།
ཚད་མེད་བཞིའི་གྲོགས་དང་བསྡེབས།།
ཚོགས་གཉིས་རྫོགས་པའི་ཚོང་འདུས་སུ།།
འཁོར་འདས་ས་མཚམས་མགྲོན་ཁང་བཟུང་།།
ཐབས་ཤེས་གཉིས་ཀྱིས་ཚོང་བྱས་པས།།
སྐུ་གསུམ་ནོར་བུ་རིན་ཆེན་ལེན།།
བདེ་བ་ཐབས་ཀྱི་གནས་པོ་ལ།།
རེ་དོགས་མེད་པའི་གནས་ཁྲལ་མཇལ།།
ཤེས་རབ་སྟོང་པའི་ཨ་མ་དེས།།
འདུ་འབྲལ་མེད་པ་གཤེགས་སྐྱེལ་བྱེད།།
འཆི་མེད་གཉུག་མའི་རང་ཡུལ་དུ།།
འབྱིངས་དང་རིག་པ་མ་བུ་མཇལ།།
རང་ཤར་ཡོན་ཏན་ལོངས་སྤྱོད་རྒྱས།།
འདུལ་བ་ངར་འཛིན་འགོང་པོ་འདུལ།།
སྐྱོང་བ་རིགས་དྲུག་སེམས་ཅན་སྐྱོང་།།
ཚེ་འདི་བདེ་ལ་ཕྱི་མ་སྐྱིད།
ཁོ་བོའི་ཚོང་ནི་དེ་ལྟར་བྱས།།
ཁྱེད་ཀྱང་མཛད་ན་དེ་ལྟར་མཛོད།།
སེར་སྣས་བསག་པའི་ལོངས་སྤྱོད་འདི།།
དཀའ་སྤྱད་དུ་མས་བསྒྲུབས་བསྒྲུབས་ཀྱང་།།
ཤི་བའི་འོག་ཏུ་གཞན་གྱིས་ཁྱེར།།
དགྲ་བོ་འབོད་པའི་གཡབ་མོ་ཡིན།།
རྐྱེན་གྱིས་འབྲེལ་བའི་ཉེ་དུ་འདི།།
དགའ་བའི་ངོ་བཟུང་བྱས་བྱས་ཀྱང་།།
འབྱོར་ན་གཉེན་ལ་རྒུད་ན་དགྲ།།
ང་ཁྱོད་མང་པོ་འཁྲུགས་པའི་རྒྱུ།།
ཆེད་དུ་བསྐུལ་བའི་འཁོར་གཡོག་འདི།།
གོས་དང་ཟས་ཀྱིས་བསྐྱངས་བསྐྱངས་ཀྱང་།།
མགུ་བ་ཉུང་ལ་འཁང་བ་མང་།།
དོན་མེད་སེམས་རྩ་དཀྲུགས་པའི་རྒྱུ།།
དེ་བས་དཔོན་དུ་བླ་མ་བཟང་།།
ནོར་དུ་འཕགས་པའི་ནོར་བདུན་བཟང་།།
གྲོགས་སུ་བྱང་ཆུབ་སེམས་ཉིད་བཟང་།།
བྲན་དུ་འཕྲིན་ལས་རྣམ་བཞི་བཟང་།།
             ཞེས་གསུངས་སོ།

                          རྩོམ་སྒྲིག་པ། མྱི་གསར་བ།