བདག་གི་བྱིས་དུས་ཀྱི་འཇིག་རྟེན།

    རྩོམ་པ་པོ། ཆོས་དབྱིངས་རྒྱལ་མཚོ།


བདག་གི་བྱིས་དུས་ཀྱི་འཇིག་རྟེན།

 

                           ཆོས་དབྱིངས་རྒྱལ་མཚོ།  


          བདག་གི་སྟོད་ལྭའི་བྲང་ཁའི་གློ་ཁུག་དེ་ལ་ཨི་ཁུང་གཉིས་བུག་ནས་ཡོད་པས་གལ་སྲིད་ཡིད་འཇོག་མ་བྱས་པར་ཅ་ལག་ཆུང་ཆུང་ཞིག་དེར་བཅུག་ན།  བརྒྱ་ཆའི་བརྒྱད་ཅུ་ལ་ཕྱི་ཟུར་གྱི་ཐེད་མཚམས་བརྒྱུད་ཐད་ཀར་བོར་འགྲོ་ཞིང་། བརྒྱ་ཆའི་ཉི་ཤུ་ལ་ནང་ངོས་ཀྱི་བུ་ག་བརྒྱུད་སྟོད་ལྭའི་སྣེ་གང་ཞིག་ཏུ་འཚང་ནས་ཡོད་ཀྱང་སྲིད། གང་ལྟར་དེ་རིང་ཡང་ཐུར་སྦྲང་ཞིག་གློ་ཁུག་དེར་བཅུག་ནོར་ཤོར་ནས་གར་སོང་ཆ་མེད་དུ་གྱུར་འདུག  ཨ་ཁ། རི་མོ་དམར་ཤད་འཐེན་ཡོད་པའི་ཐུར་སྦྲང་རིལ་བུ་དེ། ཞོགས་པ་རྫི་ལ་འགྲོ་ཁར་ཨ་མས་འགྱིག་དམ་བཞི་སྒམ་ཞིག་ནས་ཁྲོག་སྒྲ་དང་བཅས་བཏོན་ཞིང་། ཨིན། ཞེས་སྦྱིན་བྱུང་བ་དང་། ཨ་མས་ཨིན་ཞེས་པའི་ཚིག་ཙམ་གྱིས་སྦྱིན་པ་ནི། གཅེས་ཕྲུག་ཁ་སང་ནང་བཞིན་དེ་རིང་ཡང་རྫི་གོ་ཆོད་པར་གྱིས་ཤིག་ཅེས་པའི་བརྡ་ཡིན། སྐབས་དེར་ངས་རང་གི་ཁུ་ཚུར་དང་འདྲ་བའི་ཐུར་སྦྲང་དེ་ཐད་ཀར་ནུ་མ་བྲ་བར་སྣབས་ཆུ་འདྲེས་མའི་ལྕེ་ལྡག་ཅིག་བྱས་ཏེ་རྫི་ལ་ཆས་པ་ཡིན། ཡིན་ཡང་རྫི་ཁར་ཐོན་ནས་ནུ་འདོད་ཀྱི་འགྲམ་ཆུ་ལྡང་དུས་ཐུར་སྦྲང་ནི་གར་སོང་མི་འདུག   ངས་གར་སོང་མེད་པའི་ཐུར་སྦྲང་ཡིད་ལ་དྲན་གྱིན། ཨ་མ་མ། ཕྱོགས་གང་དུ་བོར་བ་ཡིན་ནམ་ཞེས་བསམ་བློ་གཏོང་གིན་ངག་འདར་བའི་ཁེར་ལབ་གཅིག་བྱས་ཏེ། ཐོག་མར་རང་གི་ལུས་ཀྱི་གློ་ཁུག་ཚང་མ་བསྔོགས་བཤེར་ཐེངས་མང་བྱས་ཤིང་དེ་ནས་རྒྱབ་ཀྱི་སྒྱེ་ཆུང་ནང་སྔར་བཞིན་བཙལ་ཀྱང་མ་རྙེད་པས་རང་དང་སྣང་བའི་འཇིག་རྟེན་ལ་ཁོང་ར་ཡི་ཚུལ་དུ་གམ་གྱི་སུར་ཕུང་སྟེང་གན་ཀྱལ་དུ་འགྱེལ་ནས་བསྡད།  མེ་ཏོག་དམར་སྐྱ་བཀྲ་བའི་སུར་ཕུང་སྟེང་གན་རྐྱལ་དུ་འགྱེལ་ཞིང་གན་རྐྱལ་དུ་འགྱེལ་བའི་མིག་ཆུ་རྣ་འགྲམ་ནས་བཞུར་བའི་བདག་གི་རྣམ་པ་དེ་ནི། གཡུལ་ས་གང་ཞིག་ཏུ་དཔའ་བོ་སུ་ཞིག་རྒྱལ་ཁབ་དང་མི་རིགས་གང་ཞིག་གི་དོན་དུ་མདུང་སོ་སྟོང་གི་སྟེང་ལ་མཆོངས་བའི་རྣམ་པ་ཞིག་དང་ཀུན་ནས་མཚུངས་སོང་།  དེའི་ནུབ་མོར་བདག་ནི་ཚོང་ཉེན་ཐེབས་པའི་མི་ཞིག་དང་འདྲ་བར་འདས་ཟིན་པའི་དོན་ལ་བསམ་བློ་གཏོང་གིན་སོམ་ཉི་དང་འགྱོད་གདུང་དྲག་པོས་གཉིད་གཏན་ནས་ཡོང་གིན་མེད་དེ།  འདི་ལྟར།  ཐུར་སྦྲང་དེ་ད་ནང་ཞོགས་པ་དང་ཐོག་ཨ་མས་ང་ལ་སྦྱིན་དུས་ནི་ལྕེ་རྩེ་གླན་ཙམ་ལས་ནུས་མེད།  དེ་ནས་ལམ་བར་ནས་གཅིན་དང་པོ་གཏོང་དུས་ནི་གློ་ཁུག་ཕྱི་ནས་བརྙོངས་བས་ཀྱང་ཤེས་ཐུབ་པས་བོར་མེད།  དེ་ནས་ཅིའི་ཕྱིར་བེའུ་རྩ་ཁར་བཀྲམ་རྗེས་ངའི་ལུས་ཐོག་ནས་གར་སོང་འདིར་སོང་མེད་པ་རེད་དམ།  ཨོ།  རྫི་རོགས་གཅིག་གིས་བརྐུས་པ་མིན་ནམ་དེའང་ཡིན་དོན་མེད་དེ།དེ་རིང་གི་རྫི་རོགས་ནི་ནམ་རྒྱུན་ང་ལ་ཀ་ར་སོགས་ཚུར་སྦྱིན་མྱོང་བའི་རྒ་རྒས་རྐྱང་རེད། བརྒྱ་ལ་གལ་ཏེ་རྐུ་སྲིད་ནའང་ངའི་ཅ་ལག་ཤིན་ཏུ་ཆུང་བས་ཁོ་ཚོའི་མིག་གིས་ཀྱང་ཨེ་མཐོང་ཅི་ཤེས།  ཨེ།  གཅིག་བྱས་ན་གློ་ཁུག་ནང་ངོས་ཀྱི་བུ་ག་བརྒྱུད་སྟོད་ཐུང་གི་སྣེ་ཟུར་གང་ཞིག་ཏུ་ད་དུང་ལུས་ནས་མེད་དམ་སྙམ་བཞིན་སྔས་འགྲམ་གྱི་སྟོད་ཐུང་གི་ཟུར་ཁུག་དག་ན་ཡང་ཡང་བརྙོངས།  དེ་ལྟར་སྙིང་ཆུང་སྒྱུ་མའི་རྟ་ཕོ་འདྲ་བ་དེ་འདས་ཟིན་གྱི་འཇིག་རྟེན་དག་ན་ཡར་རྒྱུག་དང་མར་འདུར་བྱེད་ཀྱིན། རང་ལུས་ས་འབུ་གྲོད་རྡོ་འདྲ་བ་དེ་ཉི་ཟེར་ལྟ་བུའི་ཚ་གདུང་གང་ཞིག་གིས་བསྲེགས་ནས་གཉིད་མ་ཁུག་པར་ཨ་མའི་གྲུ་ཁུག་དུ་ཕར་ཧྲིལ་ཚུར་ཧྲིལ་གྱིས་བསྡད། སྐབས་དེར། ནམ་གྱི་གུང་མོར་སླེབས་པའི་བརྡ་རུ་རྣ་འགྲམ་ནས་འཐེན་གྱིན་པའི་ཨ་མའི་སྔུར་བ་ཡང་མོ་དེ་རིམ་གྱིས་ཕུ་རུ་འགྱུར་ཞིང་།  ཐབ་ཐོག་ན་སྤར་བའི་གཟིམས་ཀོང་ཆུང་ཆུང་དེའང་རིམ་གྱིས་ཚག་སྒྲ་དང་བཅས་ནག་ཐོ་ཐོ་ཡི་སྡོང་རོའི་རྒྱབ་ཏུ་ཡིབ་ཀྱིན་འདུག་པས། ངས་ལུས་སེམས་གཅིག་སྒྲིལ་གྱིས་གཉིད་ཞེས་པར་ཡིད་གཏད་ནས་མིག་ཤེད་ཀྱིས་བཙུམས་རུང་། རི་ལ་བོར་བའི་ཐུར་སྦྲང་རིལ་བུ་དེ་ནི་མིག་གིས་བལྟས་པ་ཇི་བཞིན་གསལ་བའི་ཚུལ་དུ་ཤར་ཡོང་ལ།  ཇི་བཞིན་གསལ་བའི་ཚུལ་དུ་ཤར་བ་ལས་ག་ལེར་འགྱོད་གདུང་འདྲེས་མའི་དབུགས་རིང་ནར་མོ་ཞིག་སྣ་གཅིག་པུ་ནས་ཕྱིར་གཏོང་འགྲོ་ཞིང་། དེ་ནས་ཡང་སྔར་བཞིན། ཡ་དེ་ནས་དེའི་བར་དུ་ནི་བོར་དོན་ཅུང་མེད།  དེ་ནས་དེའི་བར་དུ་ནི་རང་གི་ལུས་ཐོག་ན་ཡོད།  ད་འོ་ན་ཡང་སྙིང་གང་དུ་བོར་བ་ཡིན་ནམ་སོགས་སྔར་བཞིན་བསྐྱར་བའི་ཚུལ་གྱིས་གཉིད་ཇེ་དངས་དང་དྲན་པ་ཇེ་གསལ་དུ་འགྱུར་འགྲོ་ཨང་།  གོ་རིམ་དེ་དག་གི་ཁྲོད་ནས་ང་ལམ་ལ་འགྲོ་ཡི་ཡོད་དེ། ནམ་རྒྱུན་གྲོགས་པོ་དགའ་ལོ་དང་ཕྲད་མ་ཐག་གྲུབ་ཡོང་བའི་འཇིག་རྟེན་དེར་འགྲོ་ཡི་ཡོད། འཇིག་རྟེན་དེར་ངས་འོག་ལ་ཤིང་ལྕང་མའི་རྟ་ཞིག་ཞོན་ཏེ་ཐལ་བ་འཚུབ་སེ་ཐོན་པ་དང་། གྲོགས་དགའ་ལོས་ཡ་གྲོགས་པོ་བསོད་ལྡན་འོ་བརྒྱལ་བྱུང་ངམ་ཞེས་ཡིད་དུང་བའི་ཚུལ་གྱིས་རྟ་ཁ་བླངས་པ་ན། ངས་ཀྱང་དཀའ་མ་ཐལ་དཀའ་མ་ཐལ་ཞེས་འཛུམ་པའི་སོ་དཀར་སྟོན་བཞིན། གྲོགས་པོ་དགའ་ལོ་ཁྱོད་ཀྱང་བདེ་མོ་འཚམས་པོ་ཡིན་ནམ་ཞེས་འཚམས་འདྲི་ཞིག་བྱས་པ་དང་། གྲོགས་དགའ་ལོས་ཡ་ནང་ལ་ཕེབས་དང་ནང་ལ་ཕེབས་ཟེར་ནས་རང་ཁྱིམ་ཡིན་སྲིད་པའི་གད་ཁུག་ཞིག་ཏུ་ཁྲིད་ནས་དེར་ས་དཀར་ནག་གི་ཚོད་མ་འདྲ་མིན་དང་། ཨོང་བ་སྐམ་རློན་གྱི་ཤ་བཙོས་སྣ་ཚོགས་དང་། གཞན་ཡང་རྡེའུ་དཀར་དམར་གྱི་ཀ་ར་བུ་རམ་སོགས་ཀྱི་སྡེར་ཁ་ཟབ་རྒྱས་བསྒྲིགས་འདུག་པ་དེ་ཧུར་ཧུར་དང་ཅག་ཅག་གིས་རོལ་ནས་བསྡད།  དེ་ནས་ངས་ང་ཡོང་དོན་དང་ཁོས་ང་བོས་ཚུལ་སོགས་བཤད་པ་ལས་འཕྲོས་ངེད་ཁག་གཉིས་ཀྱི་ད་ལོའི་དབྱར་རུ་དེ་ཨ་ཁུ་ཚེ་ལྷ་ཚང་གི་གྱང་ཁུད་དུ་སྤོ་རྒྱུར་གྲོས་འགྲིགས་ཏེ་ཕྱི་ཉིན་གཡག་རྭ་ཆེ་ཆུང་རྣམས་ལ་རུ་བཀལ་ནས་གྱོང་ཁུག་དེ་ན་རུ་བབས།  གྱང་ཁུད་དེར་ངེད་གཉིས་གཙོས་གཟུགས་མེད་ཀྱི་ཕ་མའམ་རྡོ་རྡེའུ་ཡི་བུ་དང་ཆུང་མ་སོགས་ཡོད་པས། སླར་ཡང་གནས་དེར་ཐབ་ཀ་བཅའ་བ་དང་སྦྲ་གུར་ཕུབ་པ་མ་ཟད། རྡོ་རྡེའུ་ཡི་མ་དང་ཆུང་མ་རྣམས་ཀྱིས་འབྲི་རྭ་ཕྲ་སྦོམ་དག་ལས་འོ་མ་བཞོ་བ་དང་ཇ་བསྲུབས་པའི་ལས་ལ་བྲེལ་ཞིང་། ཤིང་རིང་ཐུང་གི་ཕ་དང་ཨ་མྱེ་དག་གི་འཁོར་ལོ་དང་ཕྲེང་བ་བགྲང་བཞིན་དགོངས་འདོན་བྱེད་པ་སོགས་ཕལ་ཆེར་ཨ་མ་དང་ལྷན་དུ་འཆར་བའི་འཇིག་རྟེན་དང་གཅིག་ཡིན། ཨ་མ་དང་ལྷན་དུ་འཆར་བའི་འཇིག་རྟེན་དང་རྦད་དེ་འགལ་ས་ནི་རྡེའུའི་ཆུང་མ་ལ་བརྩེ་བ་བཅངས་ཆོག་པ་དང་། འབྲི་ཡི་རྭ་ཅོ་ནས་འོ་མ་བཞོ་རུང་བ་སོགས་འཁོར་འདས་ཟང་ཐལ་རྟོགས་པའི་རྣལ་འབྱོར་པའི་གཟིགས་ངོ་བཞིན་གོ་རིམ་མེད་པ་དེའོ།  །དེ་ལྟར་གོ་རིམ་མེད་པའི་འཇིག་རྟེན་དེར་སླར་ཡང་གོ་རིམ་ཡོད་པ་ལྟ་བུའི་ལོ་སར་ཞིག་ཚེས་ཤིང་།  ལོ་སར་དེའི་ཞོགས་པར་ཨ་མས་གློ་ཁུག་རལ་བའི་སྟོད་ལྭ་དེ་བདག་ལ་སྔར་ལྟར་བསྐོན་ནས། སྟོད་ལྭའི་རྒྱབ་དང་ཕྲག་གོང་ན་འབྱར་བའི་སུར་རུའི་མེ་ཏོག་དེ་དག་ཐལ་རྡུལ་གྱི་ཚུལ་དུ་ཕུ་ཕུ་ཞེས་རྡེབ་ཀྱི་ཡོད། ཨ་མས་ཕུ་ཕུ་ཞེས་རྡེབ་བཞིན་པའི་སྐབས་དེར་བདག་གི་བརླ་བར་ནས་གློ་བུར་དུ་ཅི་ཞིག་ལྷུང་བ་ལྟ་བུའི་ཀོག་སྒྲ་ཞིག་གྲགས་པ་དང་། ཨ་མས་རི་ལ་བོར་བའི་ཐུར་སྦྲང་དེ་ལོས་ཡིན་སྙམ་པའི་ཚུར་གྱིས་ཨིན། འདི་ཅི་རེད་ཁ་སང་སྦྱིན་རྒྱུའི་ཐུར་སྦྲང་དེ་ད་དུང་ཡང་ནུ་མ་ཚར་རམ་ཞེས་ཡིད་གཉིས་ཚུལ་དུ་བདག་ལ་སྤྲད་བྱུང་བས། ང་ནི་གསེར་གྱི་ལུག་མགོ་ཞིག་བརླ་བར་དུ་ལྷུང་བ་ལྟ་བུའི་ཚོར་བས་གནམ་ལྡིང་ས་ལྡིང་བྱེད་བཞིན་ཨ་མའི་ལུས་ལ་བསྐོར་བར་བརྒྱབ།  མ་གཞི་ཨ་མས་ཁ་སང་དེ་རིང་གི་ངའི་སེམས་ཁམས་རྟོགས་ཏེ་ཐུར་སྦྲང་དེ་ནི་ཆེད་དུ་ཐང་ལ་ལྷུང་བ་མ་ཡིན་ནམ། ངས་ཨ་མའི་ཐུ་སྣེ་ལ་བཟུང་སྟེ་བསྐོར་བ་ལན་མང་བརྒྱབ་རྗེས་ཐད་ཀར་རྩེད་རོགས་བྱིས་པ་ཚོའི་ཁྲོད་དུ་རྒྱུག་ཅིང་། ཨ་མས་ཀྱང་ཧ་ཅང་བཅོས་མིན་གྱི་འཛུམ་མདངས་ཤིག་གིས་རང་གི་བུའི་རྒྱབ་གཟུགས་ནས་སྐྱེལ་མ་བྱེད་ཀྱི་ཡོད།  ངས་རྩེད་རོགས་ཚོའི་ཁྲོད་ནས་ཁ་ནང་ཡོད་པའི་ཐུར་སྦྲང་དེ་མཆིལ་མ་འཇིབ་པའི་སྒྲ་དང་བཅས་ཕྱིར་བཏོན་ཅིང་མིག་ཐད་དུ་གཟིར་ཙམ་བྱས་ཏེ་ཡར་བཅུག་པ་ན།  ཁོ་ཚོས་ཀྱང་དེའི་འགྲོས་ཀྱིས་ཞིབ་ལྟ་ཞིག་བྱས་རྗེས་མཆིལ་མ་རེ་སྒོག་གེར་མིད་ནས་བསྡད། དེའི་ཁྲོད་ཀྱི་གྲོགས་དགའ་ལོས་འཛུམ་པའི་ཤ་སྐྱི་སྡུད་བཞིན་ག་རེ་ང་ལ་གཅིག་ནུ་ཆུག་ཅེས་གམ་དུ་ཡོང་ནས་ངེད་གཉིས་ཆང་དཀར་བཏུག་རེས་བྱེད་པ་བཞིན་ཕར་སྤྲད་ཚུར་ལེན་གྱི་ནུས། དགའ་ལོའི་ཕུ་བོ་ཆོས་བཟང་རྒྱུག་ཡོང་ནས་འེ་འེ་གནམ་གྲུ་འགྲོ་ཡི་འདུག་ཅེས་ལབ་པ་དང་། ངའི་ཁ་ནས་ཐུར་སྦྲང་འཕྲོག་སྟེ་ཁོ་རང་གི་ཁ་ནང་དུ་བཙུད་རྗེས་རྟ་གསར་ཞིག་གི་ཚུལ་དུ་ཡར་རྒྱུག་མར་རྒྱུག་བྱེད། དགའ་ལོ་ངེད་གཉིས་ཀྱིས་ངུ་སྐད་འདོན་བཞིན་ཁོ་ལ་ཚུར་སྟེར་རོགས་ཞེས་ཡར་འདེད་མར་འདེད་རབ་གཅིག་བྱས་རྗེས། ཁོས་ཡ་ཡ་ཁྱོད་གཉིས་ལ་ཕར་སྤྲོད་ཆོག་ཟེར་ནས་ངའི་ལག་ཏུ་ནུས་ཟིན་པའི་ཐུར་སྦྲང་གི་ཡུ་བ་དེ་བཞག་རྗེས་ཧ་ཧ་ཧོ་ཧོ་ཟེར་བཞིན་བྲོས་སོང་།  ང་ནི་དེ་མ་ཐག་ཕ་མ་དུས་གཅིག་ཏུ་ཤི་བ་ལྟར་ངུ་ཅོར་རྒྱག་བཞིན་ས་ཐོག་ཏུ་ཡར་འགྲིལ་མར་འགྲིལ་ཇ་ཡུན་ཙམ་བྱས། མཚམས་ཤིག་ལ་དགའ་ལོས་འགྲོ་ངེད་གཉིས་ཀྱིས་དགྲ་ཤ་ལེན་བཞག་ཟེར། གཏམ་དེ་ཐོས་མ་ཐག་ངས་ཀྱང་ལོས་བདེན་སྙམ་པ་ལྟར་རང་གི་སྐེ་ལ་བཀོན་པའི་འགྱིག་མདའ་དེ་ཚུར་བླངས་ཏེ་ཐད་ཀར་ཨ་ཁུ་ཚེ་དར་ཚང་གི་སྒོ་ལ་སོང་ནས།  ཁོ་རེ་ཆོས་བཟང་མཆུ་ཤོ་ཕྱི་ལ་ཤོག་ཅེས་བོས་པས། ཨ་ཁུ་ཚེ་ལྷས་ཤར་སྒྲ་དང་བཅས་རབ་གསལ་ཕྱེས་ནས། ཁོ་རེ་སྤྲང་ཕྲུག་ཁྱེད་གཉིས་ཅི་འུར་བརྒྱབ་ཡིན་ང་མར་ཡོང་ནས་བརྒྱ་ལྕག་རེ་དགོས་སམ་ཞེས་བོས་བྱུང་བ་དང་།  ངས་ཨ་ཁུ་ཚེ་ལྷའི་ཡ་ཐོད་འགྱིག་མདའི་རྭ་བར་དུ་བླངས་ནས་ཤུར་སྒྲ་དང་བཅས་འཕངས་པས། ཆོབ། ཅེས་པའི་སྒྲ་ཞིག་གྲགས་ཡོང་སྟེ་ཨ་ཁུ་ཚེ་ལྷའི་མིག་ཡ་ས་རུ་ལྷུང་སོང་། དེ་དང་མཉམ་དུ། ཨ་ཁུ་ཚེ་ལྷས་ཁྲག་དམར་ལྷོག་ལྷོག་གི་གདོང་ལས་ནང་དོན་མི་གསལ་བའི་སྐད་སྒྲ་ཞིག་སྒྲོག་རྗེས་སྟ་རེ་ལག་ཏུ་ཐོགས་ནས་ཤོར་བྱུང་ཨང་། མ་གཞི་ནས་ཨ་ཁུ་ཚེ་ལྷ་ནི་དོན་ཅུང་ཙམ་ལའང་སྐད་སྒྲ་ཆེན་པོས་ཁོང་ཁྲོ་བ་དང་གྲི་མགོ་འཕུར་ངེས་པའི་རྒས་པོ་སྨ་ར་ཅན་ཞིག་ཡིན་པས།  ཡུལ་འདིའི་མི་རྣམས་ཀྱིས་ཁོ་ལ་ཨ་ཙི་འབའ་ལ་ཞེས་བསྙད་དེ་རང་རང་གི་བྱིས་པ་དག་སྡིག་བྱེད་དུ་བཀོལ་གྱི་ཡོད། དེའང་དཔེར་ན། བྱིས་པ་ཚོ་ཞོགས་པ་ཡར་ལངས་དུས་ལུས་ལ་གོས་རྩག་མགྱོགས་པོར་མ་གྱོན་ན་ཨ་ཙི་འབའ་ལས་འབུ་རྣ་གཅོད་ངེས་ཞེས་དང་།  དགོང་མོ་མར་ཉལ་དུས་འཇམ་ཅག་གེར་མ་ཉལ་ཚེ་ཨ་ཙི་འབའ་ལས་ཁ་སྤུ་གཏུགས་ངེས་ཞེས་སོགས་བཤད་ནས་སྡིག་ཀྱི་ཡོད་པས། སྡེ་འདིའི་བྱིས་པ་ཡོད་ཚད་ཁོ་ལ་འཆི་བདག་བཞིན་ཧ་ཅང་སྐྲག། ནམ་རྒྱུན་འཆི་བདག་བཞིན་འཇིགས་པའི་མི་དེ། དེ་རིང་མི་ཡུལ་དུ་ཐོན་པ་ཇི་བཞིན་ཨ་ཁུ་ཚེ་ལྷ་ནི་ཚིག་དྲེག་ཆགས་པའི་སློག་པ་དེ་གྱོན་མ་ལྷུག་གིས་ཉེ་སར་ཐོན་ཟིན། ང་ནི་བླ་ཆད་ལ་ཁད་ཀྱིས་སྒོ་གང་ཞིག་ནས་ཨ་མ་ཞེས་པའི་འབོད་སྒྲ་གཅིག་ཕྱིར་གཏོང་སྟེ་བྲོས། ལ་བྲོས་ལ་ལ་བྲོས་ཐུར་བྲོས་ཐུར་ལ་བྲོས་ཀྱང་། ཨ་ཁུ་ཚེ་ལྷས་ནི་ནོར་ཁྱུ་སྟོང་ནས་དམིགས་དབེན་ཚེ་ཟད་གཅིག་ལ་གཏད་པའི་སྤྱང་ཀི་ཞིག་དང་འདྲ་བར་མུ་མཐུད་དུ་བདས་བྱུང་།  སྐབས་དེར་ངས་སྒོ་ངེས་མེད་དག་ནས་ཨ་མ་ཞེས་དང་སྲོག་སྐྱོབས་རོགས་ཞེས་པའི་སྒྲ་ངེས་མེད་དུ་སྒྲོག་ཀྱི་ཡོད་པ་ལྟར། ངའི་ལག་ནས་བཟུང་བའི་ཨ་མའང་ངེས་མེད་དུ་གྲུབ་སྟེ་སླར་ཡང་མ་བུ་གཉིས་མུ་མཐུད་དུ་བྲོས།  ཨ་མས་ངའི་ལག་ནས་བཟུང་སྟེ་སྲོག་བསྡོས་ཀྱིས་བྲོས་ཀྱང་ཨ་ཁུ་ཚེ་ལྷའི་འཛིན་འདོད་ཀྱི་ཁ་རླངས་ཚ་ལམ་ལམ་ལྟག་པར་རྒྱག་འོང་ཞིང་། བསད་འདོད་ཀྱི་སྟ་རེས་ཀྱང་བདག་གི་སྒལ་གཞུང་ན་རེག་ཙམ་རེག་ཙམ་གྱིས་ཉེ་བར་སླེབས་འདུག  འདི་ནི་གཟར་ངོགས་གང་ཞིག་ནས་ཤ་ཚ་བའི་ཡུ་མོ་མ་བུ་གཉིས་སྡེར་སེན་རྣམ་པར་བཀྲ་བའི་སྟག་རྒོད་གཅིག་གིས་བྲབ་ཡོང་བ་དང་གཉིས་སུ་མ་མཆིས།  དེ་ལྟར་མ་བུ་གཉིས་ཕན་ཚུན་གཏམ་ཚིག་གཅིག་གི་བརྡ་དོན་སྤྲོད་ཁོམ་མེད་པར་བྲོས་བྲོས་པའི་མཐར། སླར་ཡང་ངེས་མེད་དུ་གྲུབ་བམ། མ་བུ་གཉིས་གཏིང་མཐའ་མི་མངོན་པའི་བྲག་ཁ་ཞིག་ཏུ་ཐོན་ཏེ་རྐང་པའི་ཕྱི་རྟིང་ཙམ་ཡང་སྤོ་ས་མེད་པར་གྱུར། ད་ནི་གནས་འདི་རུ་འཆི་བདག་ཨ་ཁུ་ཚེ་ལྷ་སྒུག་རྒྱུ་ལས་གཞན་ཅི།  གནད་འགག་འདི་ལ་ཐུག་དུས་ཨ་མས་ངའི་བུ་སྐྱོབས་རོགས་ཞེས་དང་། ངའི་བུ་འདིའི་སྲོག་སྐྱོབས་རོགས་ཞེས་ངུ་སྐད་འདྲེས་མའི་འབོད་སྒྲ་འགའ་གཡས་རི་ནས་གཡོན་རིར་འགོས་སོང་བས། ལམ་ཡང་ནོར་སྲིད་པའི་ཨ་ཁུ་ཚེ་ལྷ་ནི་དེ་མ་ཐག་སྲོག་སྐྱོབ་དྲིན་ཆེན་ཞིག་ཐོན་པ་དང་འདྲ་བར་དབུགས་ཧར་རེ་ཐོན་ཟིན།  ཁོས་མིག་ཡས་དམིགས་དབེན་ལ་ཅེར་ནས་ལག་ཡས་རང་གི་ལྟོ་བ་སྐྱོར་བཞིན་ཧལ་སྒྲ་དང་བཅས་དབུགས་རིང་ཐུང་འགའ་བཏང་རྗེས་འདི་ལྟར། མོ་རེ་སྤྲང་མོ་སྤྲང་ཕྲུག་ངའི་ལག་ཏུ་ཞོགས། དེ་མིན་ན་ཁྱེད་གཉིས་ཀ་མལ་འདི་ན་བསད་མི་བཞག་རེ་ཞེས་སྟ་རེ་ཡང་འཇུ་བྱེད་བཞིན་ཇེ་ཉེར་བཅར་བྱུང་བ་དང་།  ཨ་མས་ངུ་ཤར་རི་ལུང་བཤིགས་པ་འདྲ་ཞིག་བྱས་ཏེ་རང་གི་བུ་འཕོངས་རྒྱབ་འདེད་བཞིན་ཁོའི་སྟ་རེའི་སོ་ཁ་ནི་རང་གི་ལུས་ཀྱི་ལེན་པར་གྲ་སྒྲིག་བྱས།ཁོས་ལག་གི་སྟ་རེ་རྡོ་བཞིན་འཕངས་པས་མ་བུ་གཉིས་ནི་བྱ་ཆ་གནམ་ལ་ལྡིང་བ་ལྟར་བྲག་གཡང་དེ་ནས་ལྷུང་སོང་། བྲག་གཡང་ནས་མར་ལྷུང་བའི་འཇིག་རྟེན་དེར་ཨ་མས་སྐར་ཆ་ཁ་ཤས་ཀྱི་ཚེའི་ལྷག་མ་སྤྱད་དེ། བདག་ལ་ངོ་མཚར་བའི་རོལ་རྩེད་ཅིག་བསླབ། དེ་ནི་ཐོག་མར་མོ་རང་སྒྱུ་མ་མཁན་ཞིག་ཏུ་སྤྲུལ་རྗེས་མཆན་ཁུང་ནས་དགའ་ལོའི་སྤུན་ཡས་འཕྲོགས་སོང་བའི་ཐུར་སྦྲང་དེ་འདྲ་འཛད་མེད་དུ་སྤྲུལ་ཞིང་། མཐར་དེ་དག་གིས་ཀྱང་རང་རང་དང་མཚམས་པའི་གཤོག་པ་རེ་ཐོགས་ཏེ་འཇིག་རྟེན་ཆུང་ཆུང་དེའི་བར་སྣང་ན་སྐར་ཚོགས་ལྟར་ཡོངས་སུ་ཁྱབ་སོང་། དེ་ནི་ཨ་མའི་བུ་སྡུག་ཁྱོད་ཀྱི་ཐུར་སྦྲང་ནི་སུས་ཀྱང་འཕྲོག་མི་ཐུབ་ཟེར་བ་དང་འདྲ་བས་བདག་ནི་རེ་ཞིག་དགའ་ནས་དགོད་དགོས་པར་གྱུར།  མཚམས་འདིར། ཨ་མས་ཧ་ཅང་ཡིད་ཚིམ་པའི་ཉམས་ཀྱིས་ང་རང་བྲང་ལ་དམ་པོར་སྦྱར་ནས་དཔྲལ་བའི་དཀྱིལ་དུ་ཚ་དྲོད་འབར་བའི་འོ་ཞིག་བྱས་རྗེས།  ཆོབ། ཅེས་པའི་སྒྲ་དེ་གྲག་ཡོང་།  སྒྲ་དེ་གྲག་མ་ཐག་ངས་ཨ་མ་ཞེས་ལན་མང་བོས་ཀྱང་ཨ་མས་ཅིའང་མི་སྨྲ་བར་སྐྱོན་གྱིས་མ་གོས་པའི་མིག་ཟུང་གཅིག་པུས་ང་ལ་ཅེར་ནས་འདུག  ངས་ཀྱང་རྡེབ་ཙམ་མི་བྱེད་པའི་ཨ་མའི་མིག་ཟུང་ལ་ཧོད་དེར་ཅེར་ནས་ཡུད་ཙམ་འགོར་དུས། ཨ་མའི་རྣ་འགྲམ་ནས་ཐུར་སྦྲང་གི་དམར་ཤད་ལས་ཀྱང་དམར་བའི་གཤེར་ཁུ་ནར་མོ་ཞིག་དལ་གྱིས་བཞུར་ཡོང་སྟེ།  འཇིག་རྟེན་ཡོངས་སུ་སྣུབ་འགོ་རྩོམ་སོང་།  ངས་རང་ཡང་བསྣུབ་པར་དོགས་ཏེ་ཨ་མ་ཞེས་སྐད་ཤུགས་ཆེན་པོས་བོས་པས། སླར་ཡང་འཇིག་རྟེན་གཞན་ཞིག་གྲུབ་པ་དང་འདྲ་བར་ཨ་མས་མཉེར་རིས་གསེབ་ནས་ཡིད་གཉིས་ཀྱི་མིག་གིས་བདག་ལ་བལྟས་འདུག  ཡིན་ཡང་ངས་མལ་ས་གཅིག་ནས་བརྒྱུད་པའི་འཇིག་རྟེན་དེ་དག་གི་སྐྱེ་འཆི་བརྗོད་ནས་ཨ་མའི་ཡིད་གཉིས་བསལ་འདོད་མེད་དེ། དོན་འདིའི་རིགས་ཇི་ལྟར་བཤད་ཀྱང་ཨ་མས་དེ་ནི་རྨི་ལམ་ཞིག་རེད་ཅེས་སྤྱི་སྡོམ་ཞིག་བརྒྱབ་ངེས་པས་སོ།།

              རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease