ང་།

    རྩོམ་པ་པོ། གཟུངས་འདུས་སྐྱབས།


ང་།
 
                      གཟུངས་འདུས་སྐྱབས།
གཅིག
 
       དོན་དམ་དུ་འཇིག་རྟེན་དུ་ང་ཞེས་པ་ཞིག་ཡོད་དམ།དོན་དམ་དུ་ང་ཞེས་པ་ནི་ང་ཡིན་ནམ།ཡང་ན་ང་ཞེས་པ་ནི་བདག་འཛིན་གྱི་བསམ་པ་མཚོན་བྱེད་ཀྱི་མཚན་ཉིད་དམ་མཚན་གཞི་ཞིག་ཡིན་ནམ།དེ་མིན་ང་ཞེས་པ་ནི་གཞན་ལས་ལོགས་སུ་བཀར་བྱེད་ཀྱི་ཐ་སྙད་དམ་བརྡ་ཆད་ཅིག་ཡིན་ནམ།
      དྲི་བ་ནི་དྲི་བ་རང་སྟེ།ལན་ཞིག་རྙེད་པར་གྱུར་ན་ལན་ཙམ་ཡིན་ལ།མ་རྙེད་པའི་དབང་དུ་བཏང་ན་སྔར་བཞིན་དྲི་བ་ཙམ་རེད།བརྒྱ་ལ་ལན་གསལ་བོ་གསལ་བོ་ཞིག་རྙེད་སྲིད་པའི་དབང་དུ་བཏང་ཡང་།དེ་ལ་དེ་ལས་ལྷག་པའི་དགེ་མཚན་ཞིག་ཡོད་མེད་བཤད་དཀའ་མོ་རེད།མཚན་ཉིད་རིག་པ་ཞེས་པ་ནི་གཏན་ཚིགས་རིག་པའི་དོན་གཅིག་མིང་གི་རྣམ་གྲངས་སུ་བརྩི་ཆོག་ལ།གཏན་ཚིགས་རིག་པ་དང་མཚན་ཉིད་རིག་པ་གང་ཡིན་ན་ཡང་ཆོག དེ་ནི་འཇིག་རྟེན་ལྟ་ཚུལ་སྐོར་གྱི་རིག་པའི་གཞུང་ལུགས་ཤིག་ལ་བགྲང་འདུག་ལ།དྲང་མོར་བཤད་ན།རིག་པའི་གཞུང་ལུགས་འདི་ཡང་ཚུགས་ཐུབ་ཀྱི་གཞུང་ལུགས་ཤིག་ཡིན་མིན་བཤད་ཁག་པོ་རེད།དེ་ལྟ་ན་རྟོགས་ཐབས་དཀའ་བའི་དྲི་བ་དེ་དག་གི་དྲིས་ལན་འཚོལ་ཞིབ་ཀྱི་བགོས་སྐལ་འདི་ཉིད་ཕར་མཚན་ཉིད་རིག་པ་སྨྲ་བ་དེ་དག་ལ་ཕུལ་བར་བགྱིས།
 
གཉིས།
      
      གཡུ་འབྲུག་གྲགས་པའི་སྟེང་ལ་འཇའ་གུར་ཕུབ་སོང་ཟེར་བ་ནི།ང་ཚོ་དད་པ་ཅན་མང་བོོ་ཞིག་གི་སྐྱེས་རྟགས་ཡིན་པ་འདྲ།བླ་མ་སྤྲུལ་སྐུ་དེ་ཚོ་ཕར་ཞོག ཐ་ན་ཕུགས་བསམ་མེད་ལ་གཤིས་ཀ་ཡང་གྱོང་བའི་མི་དེའི་རིགས་ལ་ཡང་སྐྱེས་རྟགས་ཡ་མཚར་བ་རེ་གླེང་རྒྱུ་འདུག་པས།འཇིག་རྟེན་གནམ་འདིའི་འོག་ནས་མི་སུ་ཞིག་ཨ་མའི་མངལ་ནས་བཙའ་སྐབས།ཡ་མཚར་གྱི་སྔ་ལྟས་འདི་དང་གན་ལྟ་བུ་ཞིག་བྱུང་སོང་ཟེར་ཡང་།ང་རང་དེ་ལ་དད་པ་དང་ཡིད་ཆེས་སྐྱེ་རྒྱུ་ཧ་ཅང་དཀའ་བའི་ཚོད་དུ་གདའ།ཡིན་ན་ཡང་།མི་བུ་སུ་ཞིག་ཡིན་ན་ཡང་རང་རང་སོ་སོ་སྐྱེས་པའི་སྐྱེས་ལོ་དང་།ཡང་ན་སྐྱེས་པའི་ཉི་མ་དང་སྐར་མ་ཡོད་པ་བདེན་པ་རེད།དེ་ལྟ་ན་ཕྲན་ཆུང་ང་ནི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གསེར་ལུང་ཡུལ་ཚོ་རུ་སྐྱེས་པ་ཞིག་ཡིན།
      ང་རང་སྐྱེས་པ་ནས་ད་ལ་ཐུག་གི་བར་དུ།ལུས་སེམས་གཉིས་ཀྱི་ཆ་ལ་འགྱུར་ལྡོག་བགྲང་གིས་མི་ལང་པ་ཞིག་ཐེབས་སོང་།ལུས་ལ་མཚོན་ན།ཆུང་དུས་ཀྱི་སྙི་ཞིང་སྙི་བའི་བྱིས་དུས་ཀྱི་སྐྱི་པགས་ལས་འགོངས་ཏེ།དར་མའི་དུས་ཀྱི་མཁྲེགས་ཤིང་མཁྲེགས་པའི་ན་ཚོད་དར་ལ་བབ་དུས་སུ་ཁེལ་ཡོད་ལ།སེམས་ལ་མཚོན་ན།ལུས་ཀྱི་ལང་ཚོ་མཁྲེགས་ཤིང་ཁྲག་གི་རྒྱུ་བ་སྐྱེན་སྟབས།ཆགས་སྲེད་ཀྱི་རྔམ་པ་ལྡབ་འགྱུར་གྱིས་ཇེ་ཆེར་སོང་སྟེ།ཨེ།ངོ་མ།མོ་གཟུགས་ཤིག་ཡིན་པ་ཙམ་གྱིས་འཐུས་ཏེ་ལོ་ཚོད་ལ་ཆེ་ཆུང་མེད་པའི་ཚོད་དུ་འདུག ཨེ།ངོ་མ།བྱ་བ་གང་ཞིག་གཉེར་ན་ཡང་ཆོག སྡོམ་པ་བཞེས་ཡོད་པའི་བཙུན་གཟུགས་ཤིག་ཡིན་ན་མ་གཏོགས།ཆགས་པ་སྤྱོད་སའི་མོ་གཟུགས་ཤིག་རིང་དུ་སྤོང་རྒྱུ་ནི་ཤིན་ཏུ་དཀའ་མོ་རེད་སྙམ།

གསུམ།
     
      ཉེ་འགྲམ་གྱི་མི་ཚོགས་ཆེན་པོ་འདི་ཉིད་མི་གཅིག་ཡིན་པའི་དབང་དུ་བཏང་ན།མི་དེའམ་ཁོའམ་ཁོ་མོས་རྒྱུན་དུ་ང་ལ་འདི་ལྟར་དྲི་བ་འདོན་བཞིན་འདུག
      'ཧེ་ཨ་རོ་ཁྱོད་ད་དུང་ཕོ་རྐྱང་ཡིན་ནམ།'
      ཡང་ན་དེ་ལྟ་མ་ཡིན་པའི་དྲི་བ་གཞན་ཞིག་ཀྱང་འདི་ལྟར་འདོན་བཞིན་འདུག
      'ཧེ་ཨ་རོ་ཁྱོད་ལ་ད་དུང་དགའ་ཕྱོགས་ཅི་ཞིག་ཡོད།'
      མི་ཚོགས་སམ་ཁོའམ་ཁོ་མོའི་དྲི་བ་དེ་དག་ནི་ཆེས་སྤྱིར་བཏང་སྤྱིར་བཏང་གི་དྲི་བ་རེ་རེ་ཡིན་པ་སུས་ཀྱང་ལོས་ཤེས།ང་ཚོ་མི་བུ་མང་བོ་ཞིག་གིས་དྲི་བ་འདིའི་རིགས་ཐོས་མྱོང་བ་མ་ཟད།དེ་ལ་དེེར་མཐུན་གྱི་ལན་མི་འདྲ་བ་ཡང་ཇི་སྙེད་ཅིག་བཏབ་ཡོད་སྲིད།རེད་ཀྱང་།ང་ལྟ་བུའི་མི་ཀླད་རྡིབ་ཅིག་གིས་དྲི་བ་འདི་དག་ལ་ལན་གང་ལ་གང་འཚམ་ཞིག་བཏབ་ཁུལ་བྱས་ཀྱང་།སེམས་སུ་ནམ་ཡང་རང་གིས་རང་ལ་འདོན་སྲིད་པའི་དྲི་བ་གཞན་མང་བོ་ཞིག་འཕྲོ་རིམ་འཕྲོར་འཁོར་ཡོང་།
      'གཞན་གྱིས་རང་ལ་ཚུར་འབོད་པའི་ཁྱོད་ཅེས་པ་དང་།རང་གིས་གཞན་ལ་ཕར་ལབ་པའི་ང་ཞེེས་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད།ཡང་ན་ང་ཞེས་པའི་བདག་འཛིན་གྱི་བསམ་བློོ་དེའི་འབྱུང་ཡུལ་གང་ཡིན།ད་དུང་ཁྱོད་ཅེས་པའི་གཞན་སྟོན་གྱི་སེམས་འགྱུ་དེའིིི་སྔོན་འགྲོའི་ཆ་རྐྱེན་ཅི་ཡིན།'      
      གཞན་གྱིས་བཏོན་པའི་དྲི་བ་དང་།རང་གིས་བསམ་པའི་དྲི་བ་འདི་དག་ཡ།བསམ་ཞིང་བསམ་ན་འཇིག་རྟེན་ནི་དྲི་བའི་ཁྲོད་ཀྱི་འཇིག་རྟེན་ཞིག་དང་།སུ་ཞིག་གིས་དྲི་བ་ཅི་ཞིག་གི་ལན་དུ་ཅི་མ་བདེན་སྙམ་པའི་ལན་རེ་གསར་གཏོད་བྱེད་ནུས་པ་ཡིན་ན།དེ་ཉིད་འཇོན་ཐང་ཅན་གྱི་མིའམ་རིན་ཐང་ཅན་གྱི་མི་རུ་བཀུར་འདུག་པ་མ་ཡིན་ནམ།ཡིན་ཕྱིན།གོ་ལ་འདིའི་སྟེང་གི་མི་ཡོད་དོ་ཅོག་དྲི་བ་རེ་རེ་འཚོལ་ཕྱིར་འདུར་གྱིན་འདུག་སྙམ་ཞིང་།ལ་ལས་ཁྱིམ་ཚང་གི་དཔལ་འབྱོར་ཇི་ལྟར་གོང་དུ་སྤེལ་བའི་དོད་དུ་སྒོར་མོ་གསོག་ཐབས་ཀྱི་དྲི་བ་ཞིག་འཚོལ་བཞིན་འདུག་ལ།ཡང་ལ་ལས་མིའི་རིགས་ཀྱི་འབྱུང་འགྱུར་རམ་གོ་ལ་ཧྲིལ་བོ་འདིའི་ཆགས་འཇིག་ལ་ཇི་ལྟར་སྔོན་སྲུང་བྱེད་པའི་དྲི་བ་ཞིག་འཚོལ་གྱིན་འདུག འོ་ན་དྲི་བ་འཚོལ་སྟངས་མི་འདྲ་བ་ལས་མི་བུ་སོ་སོའི་རིན་ཐང་ལ་ཡང་ཧེ་བག་བྱུང་བ་ཨེ་རེད།དེ་ཡང་རྩོམ་འདིའི་ཁྲོད་ཀྱི་དྲི་བ་གཞན་ཞིག་ཡིན།   
 
བཞི།
 
      ང་ནི་ང་ཡིན་པར་བགྱིས་ཤིག ང་ནི་ང་ཡིན་པར་བྱས་ན་ཡང་།ངའི་ངོ་བོ་ང་རང་གིས་མཐོང་ཐབས་ཁག ངོ་བལྟ་ལས་གསལ་བའི་ང་ནི་ངའི་ཕྱི་ཤུན་ཡིན་ནམ།གལ་ཏེ་ངོ་བལྟ་ལས་འཕྲོས་པའི་ང་ནི་ངའི་ཕྱི་ཤུན་ཙམ་ཡིན་ན་ནི།ངའི་ཕྱི་ཤུན་གྱི་བེམ་གཟུགས་ནི་འདི་ལྟ་བུ་ཞིག་རེད་ཟེར་ཆོག གཟུགས་གཞི་མི་རིང་མི་ཐུང་སྨི་ཚད་གཅིག་ཚེག་བདུན་ལྔ།ལྗིད་ཚད་མི་ལྕི་མི་ཡང་སྤྱི་རྒྱ་དྲུག་ཅུ་ཡས་མས།མ་ཟད་ངོ་མདངས་མི་དཀར་མི་ནག ཡང་མི་དམར།སྐྲ་མདོག་མི་སེར་མི་ནག ཡང་མི་དཀར།མིག་ཟུང་ཆེ་ཡང་དེ་གཉིས་ལ་ཡང་ཆེ་ཆུང་ཞིག ཐོད་པའི་ལེབ་ཞེང་ཆེ་ཞིང་སྣའི་གཟེངས་ཅུང་མཐོ།སྐེ་མཇིང་མཐོ་ལ་ཕྲག་ཞེང་འབྲིང་ཙམ་སྦོམ།ཁོག་སྟོད་མི་ཆེ་མི་ཆུང་ལ་ཁོག་སྨད་མི་རིང་མི་ཐུང་།འགྲོ་བའི་ཚེ་ན་བརླ་གཉིས་རང་བྱུང་དུ་ཅུང་ཙམ་བགྲད་ནས་འགྲོ་བཞིན་ཡོད་པ་དེ་གཞན་གྱི་ངག་ལས་ཐོས་པ་མིན་ན།རང་གི་གོམ་པ་སྤོ་སྟངས་དེ་རང་གིས་ཀྱང་ཚོར་དཀའ་བ་ཞིག་རེད།རྣ་ཅོག་གཉིས་གཡས་གཡོན་དུ་བརྒྱངས་ནས་ཡོད་ཅིང་།གལ་ཏེ་རྣ་ཅོག་འདི་གཉིས་ཕྱེ་མ་ལེབ་ཅིག་གི་གཤོག་པ་རུ་སྤྲད་ན་ནི།ཕྱེ་མ་ལེབ་དེ་འཕུར་རྩལ་ཅན་གྱི་ཕྱེ་མ་ལེབ་ཅིག་ཡིན་པ་གདོན་མི་ཟ་སྙམ།ཧ་ཧ།འདི་ཡང་རྟོག་བཟོ་བྱས་པ་ལས་ཐོན་པའི་དགོད་བྲོ་བའི་སོམ་ཉི་ཞིག་ཡིན་སྲིད།
      སའི་གོ་ལའི་རང་འཁོར་དེའི་སྟབས་ཀྱིས།ཉིན་མཚན་གྱི་དབྱེ་བ་གསལ་བའི་མི་ཡུལ་འདི་ནས།ཡང་ན་སའི་གོ་ལའི་སྤྱི་འཁོར་དེའི་སྟབས་ཀྱིས།དབྱར་དགུན་སྟོན་དཔྱིད་ཀྱི་རེས་འཁོར་ནས་དུས་ཚིགས་བཞིའི་དབྱེ་བ་ཕྱེ་བའི་འཛམ་བུའི་གླིང་འདི་རུ།ང་དང་ང་ཡི་ཚེ་སྲོག་ལ་གཅེས་སྤྲས་དཔྱིས་ཕྱིན་པ་བྱེད་པའི་ཕན་ཆད་ནས།ང་ཚོས་ད་དུང་ང་ཞེས་པའི་བདག་འཛིན་གྱི་ཐ་སྙད་དེའི་ཁེ་ཕན་དང་སྙན་གྲགས་ཀྱི་ཆེད་དུ།གཞན་གྱིས་ཡིད་སྨོན་འཆོར་བ་མ་ཟད།གཞན་གྱིས་ཕྲག་དོག་བྱེད་སྲིད་པའི་ཤུལ་རྗེས་ག་ཙམ་ཞིག་ཅི་ཐུབ་ཀྱིས་འཇོག་དང་འཇོག་བཞིན་ཡོད་པ་ལ།གཅིག་བྱས་ན་འདི་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཡིན་སྲིད་ཀྱང་།སྒུལ་ཤུགས་དེའི་ཆེད་དུ་གནོན་ཤུགས་ཀྱི་མནར་གཅོད་ཀྱང་ཅི་ཙམ་ཞིག་མྱོང་བཞིན་ཡོད་དམ།གན།ཡང་དྲི་བ་ཞིག་རང་ཤུགས་སུ་ཐོན་སོང་།
 
ལྔ།
 
      བརྩམས་སྒྲུང་འདིའི་ནང་དུ་ངས་ང་རང་ཉིད་འབྲི་བར་རྩོམ།དེ་ལྟ་ན་བརྩམས་སྒྲུང་འདིའི་ནང་གི་མི་སྣ་ནི་ང་ཞེས་པའི་རང་ཉིད་དེ་དང་།བྱུང་རིམ་ནི་རང་གིས་རང་ཉིད་འཚོལ་བའི་གོ་རིམ་དེ་ཡིན་ལ།ཁོར་ཡུག་ནི་ང་ཞེས་པའི་ང་རང་འཚོ་སའི་མི་ཡུལ་འདིའི་གྲུ་ཟུར་ཆུང་ཆུང་དེ་ཡིན།ངའི་ཕ་ཡུལ་ནི་རྨ་ཆུའི་ཁུག་པ་རུ་ཆགས་པའི་འབྲོག་སྡེ་ཆེན་མོ་ཞིག་ཡིན།འབྲོག་སྡེ་དེའི་ཆེད་དུ་ངས་རང་ཉིད་ཀྱི་ཤི་བའི་རྗེས་ཀྱི་དུར་ཐལ་ཡང་གནས་འདི་རུ་གཅོལ་ན་བསམ་ཡང་།གཉིད་ཀྱི་གཏིང་དུ་བྱིང་བའི་འབྲོག་སྡེ་འདི་ཉིད།ང་ལྟ་བུའི་མི་བུ་སྟོང་ལྷག་གིས་རང་ཉིད་མཆོད་མེ་བཞིན་དུ་སྦར་ཐུབ་པའི་དབང་དུ་བཏང་ན་ཡང་།འབྲོག་སྡེ་འདི་ཉིད་མུན་འཐོམས་ཀྱི་གཉིད་ལས་སད་དུ་འཇུག་ཐུབ་རྒྱུ་མ་རེད་བསམ།རེད་དེ།ངས་སྔར་བཞིན་རང་གི་ཚོད་ཀྱིས་འབྲོག་སྡེ་འདིའི་ཆེད་དུ་མི་བཟང་དོན་བཟང་གི་བྱ་བ་རེ་བསྒྲུབ་ཨེ་ཐུབ་ལ་འབད་ན་འདོད།འདི་ནི་ངས་རང་གིས་རང་ལ་བཞག་པའི་ཆོད་སེེམས་ཤིག་ཡིན་ན་ཡང་།ཕ་གའི་རྒད་པོ་གཡག་ཞོན་གན་གྱིས་ར་ཙེ་ལ་རྔུབ་འཐེན་ཞིག་བྱས་རྗེས།སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་དུད་རླངས་དེའི་ཁྲོད་དུ་བཤད་པའི་སྐད་ཆ་དེས་ང་ལ་དོགས་པ་རྟ་རོ་ལྟ་བུ་ཞིག་ཟ་རུ་བཅུག་སོང་།
      'རང་མགོ་ཐོན་སོང་ན།གཞན་མགོ་ཤ་བཏགས་མཛའ་ནི་མ་རེད།'
      བདེན་ཡང་སྲིད།གུས་པ་ངས་ང་ཞེས་པའི་ང་ཡི་རང་དོན་ཙམ་ཡང་མ་འཁྱོངས་པར།གཞན་གྱི་ཆེད་དུ་མནོོ་བསམ་བཏང་ནས།གཞན་གྱི་དོན་དུ་བྱས་རྗེས་རེ་འཇོག་རྒྱུ་ཟེར་བ་ནི།གནས་ལུགས་དང་མཐུན་པ་ཞིག་ཡིན་ཡང་།དོན་དངོས་དང་གནས་ཐུབ་རྒྱུ་ཧ་ཅང་ཁག་པས།རྒད་པོ་གཡག་ཞོན་གན་གྱིས་བཤད་པའི་སྐད་ཆ་ལ་དང་ལེན་བྱེད་ཐུབ་པ་མ་ཟད།ད་ནས་བཟུང་ཐོག་མར་རང་ཉིད་མི་ཚད་ལྡན་ནམ་མི་ནུས་ལྡན་ཞིག་ཏུ་ཡོང་བར་འབད་པ་བྱེད་ན་བསམ།ཡིན་ཙང་།ཕྲན་ཆུང་ངས་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་ཡོད་ཚད་མཐོར་འདེགས་གཏོང་ངམ།མི་ཞིག་གི་འཕེལ་རྒྱས་དེ་སློབ་སྦྱོང་རྐྱང་རྐྱང་གིས་གོང་འཕེལ་གཏོང་ཐུབ་པ་ཞིག་མ་རེད་ལ།ཡང་ལྷན་སྐྱེས་ཀྱི་ཤེས་རབ་དང་སྟེས་དབང་གི་གོ་སྐབས་ཁོ་ནའི་དབང་གིས་རང་ཉིད་ཡར་རྒྱས་སུ་གཏོང་ཐུབ་པ་ཞིག་ཀྱང་མ་ཡིན་པས།ཇི་ལྟར་བྱས་ཏེ་ངའམ་རང་ཉིད་དོན་དང་ལྡན་པའི་ངའམ་རང་ཉིད་ཅིག་ཏུ་འགྱུར་བར་བྱ།
 
དྲུག
 
     ངས་རང་གི་ཚོད་ཀྱིས་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ།ད་དུང་མཛེས་དཔྱོད་ལྟ་བ་བཅས་གློག་ཀླད་ཀྱི་མ་ལག་ཅིག་ལྟར་གསར་བསྒྱུར་བྱས་པའི་ཉིན་དེ་ནས་བཟུང་།སྒེར་སེམས་ཆེ་བའི་ང་ནི་སྒེར་སེམས་ཅན་གྱི་ང་ཞིག་ཏུ་གྱུར་སོང་ལ།སྒེར་དོན་གྱི་ཆེད་དུ་ངས་བྱ་དངོས་མང་བོ་ཞིག་གི་མདུན་ནས་འཁྲབ་སྟོན་རྫུན་མ་ཇི་སྙེད་ཅིག་འཁྲབ་མྱོང་ལ།འཁྲབ་སྟོན་རྫུན་མ་དེ་དག་འཁྲབ་ཕྱིར་འཁྲབ་རྩལ་ཡང་གང་ལ་གང་འཚམ་ཞིག་སྦྱོང་མྱོང་།ངས་ད་དུང་དེ་ལྟར་སོང་ན་ནམ་ཞིག་རང་ཉིད་མི་སྣ་གལ་ཆེན་ཞིག་ཏུ་འགྱུར་བར་འཆར་ཡན་རིང་ལུགས་ཀྱི་རྨི་ལམ་རྨིས་པ་ཡང་གྲངས་མེད་ཀྱང་།དགའ་མ་ཏཱ་རེ་སྐྱིད་ཀྱིས་ང་ལ་བསྩལ་བའི་གདེང་འཇོག་གི་སྐད་ཆ་སྙིང་ལ་གཟན་པ་དེ་ཉིད།རང་ཉིད་རྒྱ་ཁར་གཞལ་བྱེད་ཀྱི་རྒྱ་མ་ཞིག་ཡིན་པར་བགྱིས་ན།ང་རང་རྒྱ་ཁ་ནས་ཡང་དྲགས་པས་རྒྱ་ཁར་འཇོག་ཐབས་བྲལ་བའི་ཚོད་དུ་འདུག
      'ཁྱོད་ལ་ཐ་ན་རང་ལ་དབང་བའི་རླངས་འཁོར་ཞིག་ཀྱང་མེད་ཙ་ན།དེ་འདྲའི་རང་བརྩི་ཆེ་དོན་ཅི།'
      ངའི་བློ་ངོར་བུད་མེད་ཀྱི་གོ་བབ་ནི་ཧ་ཅང་དམིགས་བསལ་བ་ཞིག་སྟེ།ཁོ་མོ་ཚོ་ནི་དཔལ་འབྱོར་གྱི་ཉ་ཟན་གྱིས་བསླུ་བྲིད་ཐེབས་སླ་བའི་དཔལ་འབྱོར་རིག་པའི་མཐོ་རིམ་སྲོག་ཆགས་རེ་རེ་རེད་ཅེས་སྨྲ་སྤོབས་ཀྱང་།བུད་མེད་ཡོད་དོ་ཅོག་རྒྱུ་ནོར་སྐྱབས་འཚོལ་རིང་ལུགས་པ་རེ་རེ་མིན་པ་ཡང་ཁས་འཆེས་ཀྱིན་ཡོད།དགའ་མ་ཏཱ་རེ་སྐྱིད་ནི་མཐའ་གཅིག་ཏུ་རྒྱུ་ནོར་སྐྱབས་བཀུར་རིང་ལུགས་པ་ཞིག་རེད་ཟེར་དཀའ་མོད།འོན་ཀྱང་རླངས་འཁོར་ཡོད་མེད་ཙམ་གྱི་བསམ་ཚུལ་ཉི་ཚེ་བ་ཞིག་འཁྱེར་ཡོང་སྟེ།མི་ཞིག་གི་རང་བརྩི་རང་མཐོ་ལ་རྡོག་རལ་གཏོང་བ་ནི་ཅི་འདྲའི་མིག་རྒྱང་ཐུང་བའི་རིན་ཐང་ལྟ་བ་ཞིག་རེེད།ང་ལ་མཚོན་ན་ཉི་མ་དེ་ནས་བཟུང་།ཏཱ་རེ་སྐྱིད་ནི་ཆགས་པ་འཕེར་ན་ཆགས་པ་ཞི་བྱེད་ཀྱི་ཤའི་ཁུང་བུ་ཞིག་གི་ཚབ་དོད་དུ་གྱུར་སོང་།ཆེས་མ་མཐའ་ཡང་བུད་མེད་འདིའི་རིགས་ལ་ཡང་འདོད་སྲེད་ཀྱི་ཕྱོགས་ནས་བཀོལ་སྤྱོད་ཀྱི་རིན་ཐང་བླ་ལྷག་ཅིག་ཡོད་འདུག དེ་ངས་སེམས་གཏིང་ནས་ཁས་ལེན་གྱིན་ཡོད།

བདུན།
 
      ང་ནི་དེ་འདྲའི་རང་ལ་གཅེས་སྤྲས་བྱེད་མཁན་ཞིག་རེད།ཁྱོད་ཀྱང་དེ་ལྟར་རང་ལ་གཅེས་གཅེས་གནང་མཁན་ཞིག་ཡིན་སྲིད།ང་དང་ཁྱོད་ཀྱི་འཇིག་རྟེན་ནི་མི་རེ་གཉིས་ཤིག་གི་འཇིག་རྟེན་ཆུང་ཆུང་རེ་རེ་ཡིན་པ་ལྟར་སྣང་ཡང་།དོན་ལ་མི་གཅིག་ཁོ་ནས་ཆོག་སྟེ།མི་གཅིག་ཁོ་ནའི་སེམས་ཀྱི་འཇིག་རྟེན་དེ་ནི་ཧ་ཅང་རྒྱ་ཆེ་ལ་ཤིན་ཏུ་གཏིང་ཐག་རིང་བ་ཞིག་མ་ཡིན་ནམ།
      'སྒེར་སེམས་ཆེ་དྲགས་པ་ལ།ཁྱོད་ཀྱི་མི་ཚེ་ལ་དོན་སྙིང་ཟེར་བ་ཞིག་གླེང་ཐབས་བྲལ།'
      བར་སྐབས་ཤིག་ལ་ང་ནི་རང་ཉིད་ལ་གཅེས་སྤྲས་ཆེས་ཆེར་བྱེད་ཅིང་།སྒེར་དོན་འབའ་ཞིག་དོན་དུ་གཉེར་བའི་སྒེར་སེམས་ཅན་ཞིག་ཏུ་གྱུར་པ་ང་རང་གིས་ཀྱང་ཤེས་ཡོད།འོན་ཏེ།དེེ་ཡང་རང་གིས་ཚོད་ཀྱིས་སྤྱི་དོན་རེ་བསྒྲུབ་བསམ་པའི་བསམ་བློའི་མེ་རྟ་ཞིག་ཡོད་པ་དེ་གཞན་གྱི་མཐོང་ཆུང་གི་སྐད་ཆས་ཏལ་དུ་བཅུག་པས་ཡིན།རེད་དེ།གཞན་དོན་གཡུག་ཅིང་རང་དོན་རྐྱང་རྐྱང་ལ་གཞོལ་ན་ཡང་།ཅི་འདྲའི་ཚིག་རྩུབ་སྨྲ་མཁན་རེ་ཡོད་པ་ལ།གོང་གི་སྐད་ཆ་དེ་ནི་ཕ་ཡུལ་གྱི་ཤེས་ཡོན་པ་ཞིག་གིས་ང་ལ་བསྩལ་བའི་སྐད་ཆའི་འགྲམ་ལྕག་རེད།གཞན་དོན་བསྒྲུབ་པའི་ལྷག་བསམ་གྱི་མེ་རྟ་དེ་ཏལ་དུ་འཇུག་མཁན་གཞན་རེད་ལ།རང་དོན་བསྒྲུབ་པའི་ལས་བགྱི་བ་ལ་དགག་རྒྱག་གནང་མཁན་ཡང་གཞན་རེད།དེ་དང་ལྷན་དུ།གཞན་གྱི་རྣམ་འགྱུར་ལ་སྣང་འཇོག་ལྷག་མ་བྱེད་མཁན་དེ་ང་ཡིན་ལ།གཞན་གྱི་གདེང་འཇོག་ལ་རེ་བ་ལྷག་མ་བཅངས་མཁན་དེ་ཡང་ང་མ་ཡིན་ནམ།
      གཞན་དོན་བསྒྲུབ་པ་ལ་འཕྱ་དགོད་ཅིག རང་དོན་བགྱི་བ་ལ་ཡང་མཐོང་ཆུང་ཞིག གཞན་གྱི་མིག་ནང་གི་རང་ཉིད་དེ་བཅའ་རྒྱུ་དཀའ་ལ།རང་གི་སེམས་ནང་གི་རང་ཉིད་དེ་འཚོལ་རྒྱུ་ནི་དེ་བས་ཀྱང་ཁག་པ་ལ།ཐ་ན་ངས་རང་ཉིད་ཀྱི་གཟུངས་འདུས་སྐྱབས་ཞེས་པའི་བཏགས་མིང་དེ་མ་གཏོགས།རང་ཉིད་ངོ་མ་དེ་སུ་ཡིན་པ་ཡང་རྟོགས་ཐབས་བྲལ་སོང་།གཞན་པ་དེ་ཚོས་ཀྱང་དོན་དམ་དུ་རང་ཉིད་སོ་སོོ་སུ་ཡིན་པ་ཤེས་ཀྱིན་མེད་ན་ཐང་།མི་ཡུལ་འདིར་བློས་འཆུན་དཀའ་བའི་གསང་བ་མོད་པ་མ་ཟད།ང་ཚོས་ཐ་ན་རང་ཉིད་དང་བར་ཐག་ཆེས་ཉེ་བའི་རང་ཉིད་རྙེད་ཐུབ་ཀྱིན་མི་འདུག་བསམ།གལ་ཏེ་རང་ཉིད་དམ་ང་ཞེས་པ་འདིའི་ཕུང་གཟུགས་དང་རྣམ་ཤེས་ཀྱི་ཡོང་ཁུངས་ངོ་མ་དེ་རྟོགས་ཐུབ་པ་ཡིན་ན།ང་ཚོའི་ད་ལྟའི་ཡོད་ཚད་ལ་འགྱུར་ལྡོག་བླ་ལྷག་ཅིག་འབྱུང་སྲིད་ན་ཐང་མོད་ཀྱང་།འགྱུར་ལྡོག་དེ་ཇི་ལྟ་བུའི་འགྱུར་ལྡོག་ཅིག་ཡིན་པ་ནི་དངོས་ནས་ཚོད་བགམ་བྱེད་དཀའ་བ་ཞིག་རེད།

བརྒྱད།
      
     ཆར་བ་ཤག་ཤག་འབབ་པའི་དགུན་གཞུང་ཞིག་གི་ཞོགས་པར།ངའི་སེམས་སུ་མཐོ་སྒང་འདིར་དགུན་གྱི་དུས་སུ་ཡང་ཆར་བ་འབབ་པ་ནི་རྟེན་འབྲེལ་ཞིག་ཏུ་བསམ་ཡང་།སའི་གོ་ལའི་ཁོར་ཡུག་ཡོངས་སུ་གཏོར་བརླག་ཚབས་ཆེན་ཐེབས་ཏེ།གནམ་གཤིས་ཀྱི་གནས་ཚུལ་རྒྱུན་ལྡན་མིན་ཟེར་བའི་གཏམ་ངན་དེ་དག་ཡིད་ལ་དྲན་ན།དེ་རིང་གི་དགུན་གཞུང་གི་ཆར་བ་འདི་ཡང་རྟེན་འབྲེལ་ཞིག་ཏུ་གྲུབ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེེ་འདི་ནི་ཐན་ལྟས་ཤིག་གི་སྔ་ལྟས་སུ་སྒོམ་པ་མ་ཟད།ད་ལྟ་འབབ་བཞིན་པའི་ཆུ་ཡི་ཆར་ཐིགས་རེ་རེ་ནི་མ་ཡུམ་སའི་གོ་ལ་འདིས་བསམ་བཞིན་དུ་ངེད་ཅག་གི་མགོ་ཐོག་ཏུ་གཏོར་བའི་མིག་ཆུའི་ཐིགས་པ་རེ་རེར་འཁྲུལ་བ་དང་ཆབས་ཅིག བསམ་གཞིག་གཞན་ཞིག་གི་མགོ་ཡང་འདི་ལྟར་བརྩམས་པ་སྟེ།མ་གཞི་ང་ཞེས་པའི་ང་མང་བོ་ཞིག་གིས་མིའི་རིགས་ཀྱི་ཚོགས་པ་གྲུབ་འདུག་བསམ་ལ།ད་དུང་གོ་ལ་གཅིག་གི་མཁའ་དབུགས་རྔུབ་ཀྱིན་པའི་ང་ཚོས་ཅིའི་ཕྱིར་དུ་ང་དང་ཁྱོད།ཡང་ན་ཁྱོད་དང་ང་ཞེས་ས་མཚམས་ཤིག་ཕྱེ་དགོས་དོན་ཅི་ཡིན་ནམ་སྙམ།
      ཁྲིགས་ཁྲིགས་མེད་ན།གནམ་འོག་གི་མི་མང་ཆེ་བ་ཞིག་རང་ཉིད་ཀྱི་འདོད་མོས་ལྟར་གྱི་མི་ཞིག་བྱེད་པའི་ཆེད་དུ་འདུར་གྱིན་ཡོད་ན་ཡང་།རང་ཉིད་སུ་ཡིན་པ་དང་།ཡང་ན་ང་ཞེས་པ་ནི་དོན་དམ་དུ་ཇི་ལྟ་བུའི་གབ་ཚིག་ཅིག་ཡིན་པ་ཤེས་ཀྱིན་མི་འདུག ཁོ་ཚོ་ཡང་ང་དང་འདྲ་བར་རང་ཉིད་ཅེས་པའི་ཕུང་བོ་འདི་དང་བདག་འཛིན་གྱི་སྣང་བ་འདི་ལ་བརྩེ་འདང་དམིགས་བསལ་བ་ཞིག་ཡོད་ན་ཡང་།ངའམ་རང་ཉིད་ཅེས་པ་གང་ནས་ཡོང་བ་དང་གང་ལ་འགྲོ་དགོས་པ་སུས་ཀྱང་ཚོད་དཔག་བྱེད་ཐུབ་ཀྱིན་མི་འདུག་སྙམ།
      'ཨ་མའི་ཁོག་ནས་ཡོང་ཞིང་།ཕྱི་མའི་ཡུལ་ལ་འགྲོ་དགོས་པ་རེད།'
      འདི་ནི་མི་སྐོར་ལོག་ཅིག་དང་ཡང་ན་མི་བསོར་མོ་ཞིག་གི་ལན་འདེབས་སྟངས་རེད།མ་གསང་དྲང་མོར་བཤད་ན།མི་སྐོར་ལོག་དེའམ་མི་བསོར་མོ་དེ་ནི་ང་རང་ཉིད་ཡིན།ངས་དེ་ལྟར་ང་ཚོ་ནི་ཨ་མའི་ཁོག་ནས་ཡོང་ཞིང་ཕྱི་མའི་ཡུལ་ལ་འགྲོ་དགོས་པའི་རྟོག་བཟོའི་སེམས་ཀྱི་བློས་བསླངས་བྱས་ཀྱང་།དེ་ནི་གླེང་རིན་མེད་པའི་བསམ་པའི་བློས་བསླངས་ཤིག་ལས་ཅི་ཡང་མིན་ཚོད་རེད།
 
དགུ
 
       'ང་ཚོ་གང་ནས་ཡོང་ཞིང་གང་དུ་འགྲོ་དགོས་པ་རེད།ང་རང་གང་ནས་ཡོང་ཞིང་གང་དུ་འགྲོ་དགོས་པ་རེད།'
      ངས་འདི་ལྟར་རང་གིས་རང་ལ་དྲི་བ་ཞིག་བཏོན་པ་དང་ཆབས་ཅིག དོར་མའི་གློ་ཁུག་ལས་ཕྱི་ཤུན་གྱི་ཁ་མདོག་གློ་ཁ་ཡིན་པའི་ངོ་བལྟ་དེ་འཁྱེར་ཡོང་ནས་རང་གི་ངོ་གདོང་ལ་རང་གིས་བལྟས་པ་ཡིན།རེད་ཡ།ང་ཚོ་མི་མང་བོ་ཞིག་གི་གློ་ཁུག་ཏུ་ཡོད་པ་ནི་གཙང་ཤོག་དང་ཁ་པར།ཡང་ན་སྒོར་ཁུག་ཡིན་སྲིད།འོན་ཀྱང་གླེན་པ་ང་དུས་དང་རྣམ་པ་ཀུན་དུ་གློ་ཁུག་ཏུ་ངོ་བལྟ་བཅུག་ནས་འགྲོ་རྒྱུའི་གོམས་གཤིས་ཕུང་གསུམ་པ་ཞིག་ཆགས་ཡོད།ང་ལ་མཚོན་ན་གོམས་གཤིས་ཕུང་གསུམ་པ་འདི་ཡང་རྒྱུ་མཚན་མེད་པར་ཆགས་པ་ཞིག་མ་ཡིན་ཏེ།ངས་མི་ཡུལ་འདིའི་གྲུ་ག་མི་འདྲ་བ་རེ་རེ་ནས་རང་ཉིད་ཀྱི་གདོང་དབྱིབས་དང་།གདོང་དབྱིབས་དེའི་ཕག་ཏུ་འཛུལ་བའི་རང་ཉིད་ལ་བལྟ་བསམ་ཡང་།མཐའ་མཇུག་ཤའི་སྐྱི་ལྤགས་ཤིིག་གི་ངོས་སུ་རྫི་མ་གཉིས་དང་མིག་གཉིས། སྣ་གཅིག་དང་ཁ་གཅིག ད་དུང་མགོ་ཟུར་དུ་ཐོགས་པའི་རྣ་ཅོག་གཉིས་དང་སྐྲ་ཉག་ཁྲི་མ་འབུམ་གྱིས་གཡོགས་ཡོད་པའི་དངོས་པོའི་གཟུགས་ཀྱི་ངོ་གདོང་ཞིག་ལས།འདུ་ཤེས་ཀྱིས་གྲུབ་པའི་ང་ཞེས་པ་དེ་ངོ་བལྟ་ལས་མཐོང་ཐབས་མེད་པའི་ངེས་ཤེས་གསར་བ་གཞན་ཞིག་རྙེད།ཡིན་ན་ཡང་།ངས་སྔར་བཞིན་ངོ་བལྟ་དེ་དོར་མའི་ཁུག་མ་རུ་བཅུག་ནས་དེ་ལ་གཅེས་གཅེས་གནང་འདོད།རྒྱུ་མཚན་འཇིག་རྟེན་འདིའི་ལོངས་སྤྱོད་ཇི་སྙེད་ཅིག་ལོངས་སུ་སྤྱོད་ཐུབ་མིན་ནི་ངོ་གདོང་ཆུང་ཆུང་འདིའི་སྐྱི་ལྤགས་ཀྱིིིིིིི་ཡག་བཙོག་ལ་ཡང་ཐུག་ཡོད་པས་ཡིན།
 
བཅུ།
      
     ང་དུས་ཚོད་དང་མཉམ་དུ་ཨ་མའི་མངལ་ནས་བལྟམས་ཏེ་མི་ཡུལ་འདིར་སྐྱེས་པ་བདེན་ལ།ནམ་ཞིག་ལ།ཡང་དུས་ཚོད་དང་མཉམ་དུ་ཟག་བཅས་ཀྱི་ཕུང་གཟུགས་འདི་བསྐྱུར་ནས་གནས་ངེས་མེད་ཅིག་ཏུ་འགྲོ་དགོས་པར་སྟ་གོན་བྱེད་ཀྱིན་ཡོད།
     སྙིང་ཉེ་བའི་དུས་རབས་འདིའི་མི་རྣམས།ང་ཚོ་ཚང་མ་གནས་ཡུལ་གཅིག་ལ་འཛོམས་ཏེ་མཉམ་དུ་བདེ་སྐྱིད་དང་སྡུག་བསྔལ་གྱི་ཚོར་བ་གླེང་རྒྱུ་བྱུང་བ་ལ།ང་རང་སེམས་གཏིང་ནས་དགའ་མོས་སྐྱེས་ཡོད་ལ།ཡང་ང་ཚོས་ང་དང་ཁྱོད་ཅེས་ཕྱོགས་རེ་བའི་བསམ་བློའི་འཁྱེར་སོ་རེ་འཁྱེར་ཡོང་སྟེ།ཕན་ཚུན་ལ་འགྲན་རྩོད་དང་གཡོ་སྒྱུ་ཚད་པ་ལ།ང་རང་ཞེ་གཏིང་ནས་དོགས་པ་ཟོས་ཡོོད།འདི་ལྟར་གུས་པ་ངས་ང་ཞེས་པའི་བྱེ་བྲག་གི་ཕུང་གཟུགས་འདིའི་ཆེད་དུ་མནོ་བསམ་བཏང་བཏང་བའི་མོད་ལ།ཅི་ཡིིན་འདི་ཡིན་མེད་པར་དགུན་གྱི་ཆར་ཆུ་དེས་རང་ལུས་ཡོངས་སུ་བངས་ཡོད་པ་གཏན་ནས་མ་ཚོར།མ་གཞི་འདུ་ཤེས་ཀྱི་དམིགས་པ་ཕྱོགས་གཅིག་ལ་གཏད་དྲགས་ན་ནི།ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི་ཐོ་ཡོར་ལྟ་བུའི་གཟུགས་གཞི་འདིས་ཕྱིའི་བྱ་དངོས་ཀྱི་འགུལ་སྐྱོད་ཚོར་མི་ཐུབ་པ་ཡིན་ནམ།
      'ང་སུ་རེད་ལ།ཁྱོད་ཀྱང་སུ་ཡིན།'
      ངས་ཡང་བསྐྱར་རང་གིས་རང་ལ་དྲི་བ་ཞིག་བཏོན་ཡང་།ཐ་ན་འདི་རེད་སྙམ་པའི་དྲིས་ལན་སྟབས་བདེ་སྟབས་བདེ་ཞིག་ཀྱང་རྙེད་མ་ཐུབ།རང་ཉིད་མི་ཤེས་པའི་ང་།ང་མི་ཤེས་པའི་རང་ཉིད།ངོ་མ་འདི་ནི་བཟོད་གླགས་བྲལ་བའི་སྡུག་བསྔལ་ཞིག་ཡིན་པ་མ་ཟད།བཤད་སྲོལ་མེད་པའི་ངོ་ཚ་ཞིག་ཏུ་ཡང་འགྲོ་སྲིད།རྟོགས་ཐབས་བྲལ་བའི་གསང་བའི་སྐུད་ཐག་མང་བོས་འཕྲོ་རིམ་འཕྲོར་ང་ཡི་སེེམས་ཁམས་ལ་གཡས་དཀྲིས་གཡོན་དཀྲིས་བརྒྱབ་བརྒྱབ་པས།མཚམས་འདིར་ང་ཡི་མིག་ཀོང་དུ་མིག་ཆུ་དྲོན་པོ་ཞིག་ཀྱང་འཁྱིལ་ནས་ཐོན་ཡང་།འཁྱག་ཅིང་འཁྱག་པའི་དགུན་གཞུང་གི་ཆར་བ་དེས་དེ་མ་ཐག་ཏུ་ཁྱུར་མིད་བཏང་།
      'ང་ཡ་ང་།ང་ཚོ་ཡ་ང་ཚོ།གང་ནས་ཡོང་།གང་དུ་འགྲོ'

               རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease