རང་སྣང་མཐོ་བའི་ང་ཚོ།

    རྩོམ་པ་པོ། གཟུངས་འདུས་སྐྱབས།


རང་སྣང་མཐོ་བའི་ང་ཚོ།
 
                   གཟུངས་འདུས་སྐྱབས།

གཅིག   
       ང་ཚོ་ལོ་ན་གཞོན་དུས་སུ། ལང་ཚོ་ནི་ང་ཚོའི་མ་རྩ་ཡིན་ལ།དུས་མཚུངས་སུ་ང་རྒྱལ་ཁེངས་དྲེགས་བྱེད་པ་ནི་ང་ཚོའི་རང་གཤིས་ཤིག་ཀྱང་ཡིན། ཚང་མས་ཁོང་ལ་སྐུ་ཞབས་ཞེས་འབོད་ཀྱིན་ཡོད་རེད།བྱས་ཙང་ངས་ཀྱང་ཁོང་ལ་སྐུ་ཞབས་ཞེས་འབོད་པར་བྱེད།རེད་ཡ། བོད་རིགས་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་'ང་རྒྱལ་ནི་རང་གི་གཟི་བརྗིད་ཡིན།'ཞེས་གསུངས་མྱོང་ཡོད།འོ་ན་གཞན་གྱིས་ང་ལ་ན་གཞོན་ཞིག་གི་ངོས་ནས་བཤད་ན་ང་རྒྱལ་རང་རློམ་བྱེད་པ་ནི་ལེགས་ཆ་ཞིག་ཡིན་ནམ་སྐྱོན་ཆ་ཞིག་ཡིན་ཞེས་དྲིས་པ་ཡིན་ན།ངས་ཕྱིར་ཅི་ལྟར་ལན་འདེབས་དགོས་པ་མི་ཤེས་མོད།འོན་ཀྱང་ཞིབ་ཏུ་རང་གིས་རང་ལ་བྱ་ར་ཞིག་བྱས་ཚེ།ང་ཡང་ང་རྒྱལ་ཆེ་བའི་མི་ཞིག་ཡིན་པ་ནི་བསྙོན་མེད་རེད།
 
       ང་ནི་དབུལ་པོ་དབུལ་རྐྱང་ཞིག་ཡིན།ཡིན་ན་ཡང་ལོ་ཆུང་དུས་ཀྱི་རང་སྣང་དེའི་སྟབས་ཀྱིས།ངས་གཏན་ནས་ཕྱུག་པོ་དེ་ཚོར་ཁ་ངོ་སྟེར་མི་བསམ།ཁོ་ཚོར་རྒྱས་སྤྲོས་ཅན་གྱི་རླངས་འཁོར་དང་ཐོག་བརྩེགས་ཅན་གྱི་ཐོག་ཁང་ཡོད་ཀྱང་ཆོག གང་ལྟར་ངས་ཁོ་ཚོར་ཡིད་སྨོན་བྱེད་ཀྱིན་མེད།ཁོ་ཚོའི་ཐོག་ཁང་དེ་དང་བསྡུར་ན།ང་ད་དུང་བདག་གི་སྟབས་བདེའི་ཁང་བ་འདི་ལ་གཞལ་ཡས་ཁང་ཞིག་ལྟར་འདང་རྩིས་ཡོད།ཁོ་ཚོའི་རིན་གོང་གཅིག་ལས་གཅིག་མཐོ་བའི་རླངས་འཁོར་དེ་དག་དང་བསྡུར་ན།ང་ད་དུང་རིན་གོང་ཧ་ལམ་དམངས་སྒོར་ཉིས་བརྒྱ་ཙམ་ཡིན་པའི་བདག་གི་ལྷམ་ཆ་གཅིག་འདི་ལ་འདང་རྩིས་ཡོད།ངས་ད་དུང་རང་ཉིད་ནི་ད་གཟོད་དངོས་ནས་ཕྱུག་པོ་ཞིག་རེད་བསམ་ཡོད།རྒྱུ་མཚན་ཅིའི་ཕྱིར་ཟེར་ན།ཕྱུག་པོ་དེ་ཚོས་ནམ་ཡང་ང་འདྲའི་དབུལ་བོ་དག་གི་དཀའ་སྡུག་གི་འཚོ་བ་ལོངས་སུ་སྤྱོད་མི་ཐུབ་པ་མ་ཟད།དཀའ་སྡུག་དེའི་ཁྲོད་ཀྱི་ཉམས་མྱོང་གསེར་གྱི་ཐིགས་པ་གསོག་ཐབས་མི་འདུག་སྙམ་ཡོད།
 
       ང་ཡི་གཟུགས་གཞི་དང་བྱད་བཞིན་དེ་འདྲ་འབུར་དུ་ཐོན་པ་ཞིག་མིན་ན་ཡང་།ཀུན་གྱིས་གསར་སྟོབས་རེད་ཟེར་བའི་གསར་བུ་དེ་ཚོར་སྟོབས་སྣང་ཞིག་གཏན་ནས་མི་འདུག ལྷག་པར་དུ་བུད་མེད་རྣམས་ཀྱིས་གསར་ཡག་ཟེར་བའི་གསར་བུ་དེ་ཚོ་མཐོང་དུས།བུད་མེད་འདི་དག་གི་མིག་ལ་སྐྱོན་ཞིག་འདུག་སྙམ་པའི་སྣང་བ་སྟེར།དེ་ཚོས་གསར་སྟོབས་དང་གསར་ཡག་ཟེར་བའི་གསར་བུ་དེ་ཚོ་དང་བསྡུར་ན།རང་ཉིད་ནི་ད་གཟོད་ཕྱི་ཕྱུག་ནང་ཕྱུག་གི་གསར་བུ་སྟོབས་ཆེན་ཞིག་རེད་འདོད།སྤྱིར་བཏང་དུ་གནམ་འོག་འདིར་བསོད་ནམས་ཀྱི་དབང་གིས་དབུལ་ཕྱུག་བཀར་ཞིང་ལས་དབང་གི་སྟབས་ཀྱིས་ཡག་བཙོག་བཀར་ཡོད་པ་བདེན་དུ་ཆུགས་ཀྱང་།དབང་བོ་རྣམ་ལྔ་ཚང་བའི་ཆ་རྐྱེན་འོག་ཏུ་སུས་ཀྱང་རང་ལས་ལྷག་པའི་གསར་ཡག་སྟོབས་ཆེན་ཞིག་མེད་འདོད་ན་ལོས་ཆོག
 
       ང་ནི་སློབ་ཆུང་མ་གཏོགས་མཐར་ཕྱིན་མེད་པའི་རིག་གནས་ཆུ་ཚད་ཧ་ཅང་དམའ་བའི་མི་བུ་སྤྱིར་བཏང་བ་ཞིག་ཡིན།ཡིན་ན་ཡང་ད་སྐབས་དྲ་སྒང་སོགས་སུ་འཆད་ཁྲིད་དང་སྤྱི་ཚོགས་ཀྱི་གནས་བབ་གང་ལ་གཟུར་གནས་ཀྱིས་དཔྱད་བརྗོད་དང་རྩོམ་ཡིག་སོགས་འབྲི་མཁན་གྱི་མཁས་པ་དེ་དག་མཐོང་སྐབས་སུ་ཡང་།ཨོཾ་བ་ཛྲ་ས་ཏྭ།ཉེས་པ་རེད་ཡ་ཉེས་པ་རེད།བདག་གི་སྣང་ངོར་དེ་ཚོ་ཡང་མཁས་པ་ཞིག་རེད་འདོད་གཏན་ནས་མ་སྐྱེས།ད་དུང་དེ་ཚོ་དང་བསྡུར་ན་རང་ཉིད་ནི་ད་གཟོད་མཁས་པ་ངོ་མ་ཞིག་རེད་སྙམ་པ་མ་ཟད།རང་གིས་རང་ལ་འདི་འདྲའི་སྡོམ་ཚིག་ཅིག་ཀྱང་བཀོད་ཡོད་དེ།མི་ཞིག་གི་བསམ་བློའི་གོ་རྟོགས་དེ་མི་གཞན་པ་དག་ལས་མཐོ་སར་སླེབས་ཚེ་མི་དེ་ཁེར་རྐྱང་དུ་ལོག་འགྲོ་ཞེས།རང་ཉིད་ད་ལྟ་ཀུན་དང་མཐུན་ཐབས་མེད་པའི་གཤིས་ཀ་འདི་ཡང་རང་ཉིད་ཀྱི་ཡོན་ཏན་ལྟ་བུ་ཞིག་ཏུ་རློམ་ཡོད།ཐེངས་ཤིག་རང་རློམ་གྱི་གཤིས་སྤྱོད་འདི་ལ་བདག་གི་ཆེས་སྙིང་ཉེ་བའི་མི་སྟེ།སྤོ་བོ་ལགས་ཀྱིས་གཤེ་གཤེ་ནམ་བཀའ་བཀྱོན་ཞིག་ཀྱང་གནང་མྱོང་།
 
       'མི་ཡི་ཡན་ན་མི་དང་།སྟག་གི་ཡན་ན་རྒང་ཟེར་ནི་རེད།ཞི་ལུ།ལོ་ཆུང་དུས་སུ་སྣང་བ་མི་མཐོ་མཁན་སུ་རེད།ད་ནི་ཁྱོད་ཀྱིས་རང་ཚོད་བཟུང་ན་རེད།ཁྱོད་ཀྱི་ལོ་ཚོད་འདི་ནས་ང་ཡང་ཡོང་མྱོང་ནི་རེད།དེ་འདྲའི་ང་རྒྱལ་ཁེངས་དྲེགས་ཤིག་མ་བྱས་ན་བཟང་སྙམ།'
 
       བདག་གིས་ཆེས་སྙིང་ཉེ་བའི་མི་སྟེ་སྤོ་བོ་ལགས་ལ་ཕྱིར་ཁ་ལན་ཅི་ཡང་མ་བསློགས་མོད།འོན་ཀྱང་སེམས་སུ་སྤོ་བོ་ནི་ཅི་འདྲའི་མི་ཤེས་ཡོན་མེད་པ་ཞིག་རེད་སྙམ་པ་དང་།སྤོ་བོ་དང་ངེད་གཉིས་དུས་རབས་གཅིག་གི་མི་མིན་པས་བསམ་གཞིག་གཏོང་སྟངས་ཀྱང་ཡེ་ནས་འདྲ་ས་འགྲོ་རྒྱུ་མ་རེད་བསམ།སྙིང་རྗེ།སྤོ་བོས་ཅི་ཡང་ཤེས་ཀྱིན་མི་འདུག་བསམ།ང་ཚོ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་མི་རྣམས་ལ་འདི་འདྲའི་བཤད་ཚུལ་ཞིག་ཡོད་དེ།སྔ་རབས་པ་ལས་ཕྱི་རབས་པ་ལ་བློ་ཁོག་ཡངས་ཤིང་།རྒས་པའི་ལྗོན་ཤིང་ལས་གསར་སྐྱེས་ཀྱི་མྱུ་གུ་ལ་སྐྱེ་སྟོབས་ཀྱི་དཔལ་རྫོགས་ཟེར།ལ་ལ་ལ།ཅི་མ་བདེན།
 
གཉིས།
       ལོ་ངོ་ཉི་ཤུ་ལྷག་ཅི་ཡིན་འདི་ཡིན་མེད་པར་བཞུད་སོང་བའི་དེ་རིང་གི་ཉིན་མོར།ང་རང་དགོན་པའི་འདུ་ཁང་གི་མདུན་དུ་སོང་ནས་འདི་ལྟར་གསོལ་འདེབས་ཤིག་བྱེད་དགོས་བྱུང་སོང་།
 
       'སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་པོས་མཁྱེན།བདག་གི་ཆེས་སྙིང་ཉེ་བའི་སྤོ་བོ་ལགས་ཀྱི་རྣམ་ཤེས་དེ་ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག'
 
       ད་ལྟ་བདག་གི་སྐྲའི་ཉག་མ་འགའི་སྐྲ་མདོག་ཀྱང་རང་བྱུང་གིས་དཀར་པོ་རུ་གྱུར་ཡོད་ལ།ཐོད་པ་རུ་བོད་ཡིག་གི་གསལ་བྱེད་ཡི་གེ་ཟ་དང་ཇ་ལྟ་བུའི་ཤའི་གཉེར་མ་འགའ་ཡོད་པ་མ་ཟད།མིག་གཉིས་ཀྱི་མཐའ་རུ་ཡང་དབྱིན་ཡིག་གིི་གསལ་བྱེད་ཡི་གེ་Eཆེ་འབྲི་དང་Fཆེ་འབྲི་ལྟ་བུའི་ཤའི་གཉེར་མ་འགའ་ཡང་གདོང་གི་སྐྱི་པགས་ཀྱི་འགུལ་སྐྱོད་དང་བསྟུན་ནས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག ཐ་ན་ད་ལྟ་བདག་གི་ལོ་ཆུང་དུས་ཀྱི་རང་སྣང་དེ་ཡང་གར་སོང་ཆ་མེད་དུ་གྱུར་བ་ལྟར།ད་ལྟ་ངས་རང་ཉིད་ནི་ཇི་འདྲའི་མི་ཡིད་ཆེས་མེད་མཁན་ཞིག་དང་ཇི་འདྲའི་རང་དམན་ཅན་གྱི་མི་ཞིག་ཡིན་པ་ཚོར་གྱིན་ཡོད།རེད་ཡ།འདིས་ཅི་ཞིག་མཚོན་ནམ།རེད།འདིས་ང་རང་ལོ་རེ་ནས་ལོ་རེར་ཇེ་རྒས་ཡིན་པ་མཚོན།
 
       'སྤོ་བོ་ལགས།ངས་ཁྱོད་རང་དྲན་གྱིན་འདུག ངས་ད་ལྟ་རང་ཚོད་ཟིན་བཞིན་འདུག'
 
       འདི་ནི་ངའི་ངོས་ཟིན་ཞིག་ཡིན་ལ།མཚམས་མཚམས་སུ་དུས་དང་ཁོར་ཡུག་ལ་ཁྱད་པར་མེད་པར་རང་གིས་རང་ལ་དབང་མེད་དུ་ཤོར་འགྲོ་བའི་ཆིག་ལབ་ཅིག་ཡིན།བསམ་ཞིང་བསམ་ན་ངས་སྤོ་བོ་ལ་མཐོང་ཆུང་བྱས་པ་ཐལ་དྲགས་འདུག མི་ཤེས་ན་རྒན་ལ་ཕྲིས།མི་རིག་ན་སྒང་ལ་བུད་ཟེར་བ་ཅི་མ་བདེན།སྤོ་བོ་ལགས།བལྟས་ཡོང་ན་ཁྱོད་ནི་དངོས་ནས་མིག་རྒྱང་རིང་བའི་རྒན་པོ་ཞིག་ཡིན་འདུག
 
       མྱི་ཆེན་ལ་ཁ་གཏོང་བ་དང་ཆུ་ཆེན་ལ་རྡོ་འཕེན་པ་ནི་ང་གཅིག་པོ་ག་ལ་ཡིན།ང་ཚོའི་ས་ཆ་འདི་རུ་མི་བུ་ཅིག་ཅིག་རླབས་ཆེན་དང་མཁས་པ་རེེ་ཡོད་ན།དེ་ལ་ཕྲག་དོག་བྱེད་པ་ལས་ནུས་པ་འདོན་པའི་གོ་སྐབས་མི་སྤྲོད་པ་ནི་ཡུལ་གྲུ་འདིའི་སྲོལ་ལྟ་བུ་ཞིག་ཏུ་ཆགས་ཚར་འདུག ཨ་ཁ་ཁ།ང་ཚོ་མུ་མཐུད་ནས་འདི་ལྟར་སོང་བ་ཡིན་ན།འུ་ཚང་ལ་ཁ་ཕྱོགས་སྟོན་མཁན་གྱི་དཔྱོད་ལྡན་མཁས་པའི་ཁྱུ་ཚོགས་དེ་སུ་དང་སུས་བྱེད།སྔོན་ཆད་བདག་གིས་ལོ་ཆུང་དུས་ཀྱི་རང་སྣང་འབའ་ཞིག་ལ་བརྟེན་ནས་མཁས་པའི་ཁྱུ་མཆོག་དག་ལ་དོགས་པ་ཟོས་པར་མཐོལ་ལོ་བཤགས།
 
       མི་རེ་རེ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་ས་རེད།གཙོ་བོ་ང་ཚོས་ཁྱད་ཆོས་དེ་རང་སྔོག་འདོན་བྱེད་ཐུབ་མིན་ལ་རག་ལས་པ་རེད།མང་བོ་ཞིག་གིས་གདོང་གི་སྐྱི་ལྤགས་ཡག་མིན་དང་གཟུགས་ཀྱི་ཆེ་ཆུང་རན་མིན་ནི་དེ་འདྲ་གཙོ་བོ་ཞིག་མ་རེད་ཟེར།ཡིན་ཡང་དངོས་ཡོད་གནས་ཚུལ་ནི་དེ་དང་ལྡོག་ཟླར་ལངས་ཡོད་དེ།སྤྱི་ཚོགས་འདིའི་སྒང་དུ་གདོང་གི་སྐྱི་ལྤགས་དང་གཟུགས་ཀྱི་ཆ་ལག་ལ་བརྟེན་ནས་རླུང་རྟ་རྒྱུག་བཞིན་པའི་མི་བུ་ག་ཚོད་ཅིག་ཡོད་ཨང་།མ་གསང་དྲང་མོར་བཤད་ན།བདག་གིས་ཕ་མ་གཉིས་ཀྱིས་གནང་བའི་རང་ལུས་འདི་རྫོབ་པོ་ཞིག་རེད་གཏན་ནས་བསམ་གྱིན་མེད་མོོད།འོན་ཀྱང་ཁ་ཡ་ན་ཟླའི་གྲས་ཀྱི་གསར་སྟོབས་དང་གསར་ཡག་དེ་ཚོར་ཁས་མི་ལེན་པའི་རང་སྣང་དེ་ཡང་སྒེར་སེམས་ཆེ་དྲགས་པས་ཡིན་ཡང་སྲིད།གང་ལྟར་ད་ལྟ་ནོར་འཛོལ་དེའི་ཕྱིར་དུ་མཐོལ་ལོ་བཤགས།
 
       དཔལ་འབྱོར་གོ་ལ་ཅན་གྱི་དེང་གི་དུས་སུ།ཕྱུག་པོ་ཆགས་འདོད་ཀྱི་ཧམ་སེམས་ཧ་ལམ་མི་ཡོད་དོ་ཅོག་ལ་གདའ་ཞིང་།སྒོར་མོ་ཕར་འཚོལ་ཚུར་འཚོལ་གྱི་འགྲན་རྩོད་ཆེན་མོ་དེའི་ཁྲོད་དུ་རྒྱལ་ཁ་ལེན་རྒྱུ་ཡང་ལས་སླ་མོ་ཞིག་ག་ལ་ཡིན།ཡིན་གཤིས།ཐོག་བརྩེགས་ཅན་གྱི་ཐོག་ཁང་དང་གོང་མཐོ་ཡིན་པའི་རླངས་འཁོར་གྱི་བདག་པོ་དེ་དག་ཀྱང་རང་དགར་ཕྱུག་པོ་ཆགས་པ་ཞིག་གང་ནས་ཡིན།སྔོན་ཆད་ལོ་ཆུང་དུས་ཀྱི་རང་སྣང་དེའི་དབང་གིས་ངས་ཕྱུག་པོ་དེ་ཚོར་ཡིད་སྨོན་སྐྱེས་མ་མྱོང་ལ་ཁ་ངོ་ཡང་སྟེར་མ་མྱོང་།ད་ཆ་ཞིབ་ཏུ་འདང་རེ་བརྒྱབ་ན།ཁོ་ཚོ་ང་འདྲའི་དབུལ་བོ་དག་གི་ལྡོག་ཟླར་ལངས་ནས་འཇིག་རྟེན་གྱི་ཕུན་ཚོགས་ཇི་སྙེད་ཅིག་ལོངས་སུ་སྤྱོད་ཐུབ་པ་དེ་ཡང་ནུས་པ་ཞིག་ཅི་ལ་མིན།ཧ་ཧ།སྔོན་ཆད་བདག་གིས་དེ་ཚོའི་རླངས་འཁོར་དང་བདག་གི་རྐང་འགོའི་ལྷམ་གཉིས་གཤིབ་བསྡུར་བྱས་པར་མཐོལ་ལོ་བཤགས།
 
       རེད་ཡ་འདི་རུ་གཏམ་རྒྱུད་ཅིག་ཡོད་དེ།ཐེངས་ཤིག་ངས་རང་གི་ཚ་བོ་གཟུངས་འབུམ་རྒྱལ་གྱི་ང་ཆེ་ང་མཐོའི་གཤིས་ཀ་དེ་བློར་མ་བབས་པས་གམ་དུ་བོས་ནས་ཁ་ཏ་ཞིག་བྱེད་ན་བསམ།
 
       'གཟུངས་འབུམ་རྒྱལ།མི་ཡི་ཡན་ན་མི་དང་།སྟག་གི་ཡན་ན་རྒང་ཟེར་ནི་རེད།ཞི་ལུ།ལོ་ཆུང་དུས་སུ་སྣང་བ་མི་མཐོ་མཁན་སུ་རེད།ད་ནི་ཁྱོད་ཀྱིས་རང་ཚོད་བཟུང་ན་རེད།ཁྱོད་ཀྱི་ལོ་ཚོད་འདི་ནས་ང་ཡང་ཡོང་མྱོང་ནི་རེད།དེ་འདྲའི་ང་རྒྱལ་ཁེེངས་དྲེགས་ཤིག་མ་བྱས་ན་བཟང་སྙམ།'
 
       ཚ་བོས་ང་ལ་ཡ་ལན་ཞིག་སྟེར་ཁུལ་བྱས་མོད།འོོན་ཀྱང་ང་རང་ཁོས་རྣ་ཡ་གཅིག་གིས་ཉན་ཡོད་ན་ཡང་རྣ་ཡ་གཅིག་ལས་ཕུད་ཡོད་མེད་ལ་དོགས་པ་ཟོས།རྒྱུ་མཚན་སྔོན་ཆད་ང་རས་ཀྱང་སྤོ་བོ་དག་ཞིང་བོ་ལ་དེ་ལྟར་སྣང་ཆུང་བྱས་མྱོང་།དེ་ལྟར་ན་ད་ལྟ་ཚ་བོ་དང་ངེད་གཉིས་ཀྱིས་འདས་ཟིན་པའི་ལོ་ཟླའི་ཁྲོད་ཀྱི་སྤོ་བོ་དང་ངེད་གཉིས་ཀྱི་འཚོ་བ་ལ་བསྐྱར་ཟློས་བྱེད་ཀྱིན་ཡོད་པ་ཡིན་ནམ།རེད།འཚོ་བ་ནི་སྔ་ཕྱིའི་བསྐྱར་ཟློས་ཤིག་རེད།
 
       ང་ཚོ་ལོ་ན་ཆུང་དུས་སུ།ལང་ཚོ་ནི་ང་ཚོའི་མ་རྩ་ཡིན་ལ། དུས་མཚུངས་སུ་ང་རྒྱལ་ཁེངས་དྲེགས་བྱེད་པ་ནི་ང་ཚོའི་རང་གཤིས་ཤིག་ཀྱང་ཡིན། བདག་གིས་ལོ་ཆུང་དུས་ཀྱི་རང་སྣང་དེ་ལ་བསྟོད་པ་བྱེད་མི་ཐུབ་ལ་སྨད་པ་དེ་བས་ཀྱང་བྱེད་མི་ཐུབ། ཅིའི་ཕྱིར་དུ་ཞེ་ན། རྒས་ཤིང་འཁོགས་པའི་ད་ལྟའི་ང་ནི་མི་བུ་རང་རྟོན་མེད་པ་ཞིག་ཏུ་ཆགས་ཚར་འདུག་པས།ལྟོས་བཅས་ཀྱིས་སྔོན་ཆད་དང་བསྡུར་ན་ཉམས་མྱོང་འབེལ་བོ་ཡིན་པའི་ཁ་སང་དེ་རིང་གི་ལོ་ཚོད་འདི་ལ། ཡིད་ཆེས་ཆེས་ཆེར་མངའ་བའི་ལོ་ཆུང་དུས་ཀྱི་རང་སྣང་དེ་ལྟ་བུ་ཞིག་ཡོད་ན་ནི། ང་རང་གྲགས་མེད་ཚོར་མེད་དུ་རྒས་མི་སྲིད།ཤུ་་་་་་། ང་དང་འདྲ་བའི་རང་རྟོན་མེད་པའི་རྒན་པོ་དག་ཀྱང་ཅི་ཡིན་འདི་ཡིན་མེད་པར་རྒས་མི་སྲིད། ཤུ་་་་་་།

                           རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease