ནུབ་ཁའི་ཐན་སྐད།

    རྩོམ་པ་པོ། བྱང་འཇག་མ།


ནུབ་ཁའི་ཐན་སྐད།

               
                   བྱང་འཇག་མ། རྫ་སྟོད།
        འཇིག་རྟེན་འདི་ཆགས་འཇིག་འགྲོ་བར་ངས་མི་རྟོགས། རྒྱུ་རྐྱེན་ང་རང་དེའི་ཐད་ནས་བསམ་གཞིག་བྱེད་ཐུབ་པའི་རླབས་ཆེན་གྱི་ཚད་རིག་ཞིབ་འཇུག་པ་ཞིག་མིན།  འགྲོ་བ་མིའི་བསམ་བློ་ལ་འགྱུར་ལྡོག་ཐོན་ཡོད་མིན་ཡང་ངས་མི་མཁྱེན། དེ་ལྟར་ང་ཡང་མི་སེམས་ལ་རྒྱུས་ལོན་བྱེད་མཁན་གྱི་སེམས་ཁམས་རིག་པའི་སྐྱེས་ཆེན་ཞིག་གི་ཚད་དུ་སླེབས་མེད།  ངས་རང་གི་གོ་བ་འདི་དག་ངས་འདི་རུ་མཆན་ཞིག་འགོད་ན་འདོད།  རྒྱུ་མཚན་ང་རང་དེའི་རིགས་ལ་སེམས་ཁུར་དང་དགའ་བོ་ཡོད་པས་ཡིན།  
   ཁ་སང་སྙམ་མེད་ངང་གཞུང་ལས་ཁང་དུ་ལས་བྱ་རི་ལྟར་སྤུངས་ནས་མགོ་བོ་དེའི་འོག་ཏུ་ཚུད་པར་བྱེད་བཞིན་པའི་སྐབས་སུ།  གློ་བུར་དུ་ཚ་ཚ་བུར་བུར་གྱིས་སློབ་གྲྭའི་མགོ་ཁྲིད་ཁ་ཤས་གཅིག  མཐོ་ལྟ་དམའ་ལྟ།  ཕར་ལྟ་ཚུར་ལྟ་ཡིས་གཤེན་རྗེས་དེད་པ་ལྟར་དུ་ཐོན་སོང་།  གྱང་ངོས་ཀྱི་ཐོན་མའི་འདྲ་པར་དེ་མཐོང་མ་ཐག འཛུབ་ཀེར་གྱིས་འདིའི་རིགས་གཤམ་ཆོག་མི་འདུག་ཟེར་ནས།  གཞན་གྱི་གཡོལ་ཅི་ཐུབ་བྱས་སོང་།  ངས་བསམ་པར་ཅི་ཞིག་ཡིན་ནམ།  ངས་ཀྱང་ཅི་མི་སྙམ་པར་དེ་རུ་གཡོ་འགུལ་མེད་པར་བསྡད་པ་ཡིན།  
    ཅུང་ཙམ་འགོར་བས་ཅི་མི་སྙམ་པར་ཐོག་བརྩེགས་གཉིས་པའི་གཞུང་ལས་ཁང་དེར་འཛུལ་ནས།  དང་ཐོག་རང་ཉིད་འདུག་སའི་གཞུང་ལས་ཁང་དེར་བསྐོར་བ་ཞིག་རྒྱབ་པ་ཡིན།  དེ་རུ་གཞན་པ་ཅི་ཡང་མི་འདུག་དེར་ཡོད་པ་ནི་ངོ་ཤེས་ཀྱི་སྐད་ཡིག་དགེ་རྒན་དག་བསྡད་འདུག  ཐོག་མར་ལས་བྱ་དང་སློབ་ཁྲིད་མགྱོགས་ཚད་ཀྱི་ཐད་ནས།  སྐད་ཆ་ཁ་ཤས་ལབ་པ་ཡིན།  དེ་ནས་ཅུང་ཁ་རོག་བསྡད་པ་ན། དགེ་རྒན་གཅིག་གིས་གོ་མི་གོ་ཡིས་ངང་ནས་“སློབ་གྲྭ་འདིའི་རྒྱུགས་འབྲས་རྗེས་ལུས་སུ་ཕྱིན་པ་དེ།  སློབ་དཔོན་ཐོན་མིའི་ཡིས་གནོད་སྐྱེལ་ཡོད་པ་འདྲ་”ཞེས་གླེང་སོང་།  ངས་བསམ་པར་གྱང་ངོས་ཀྱི་པར་ཡ་ཟོམ་ལས་གཞན་དོན་འདྲ་མེད་པར་སྙམ་ནས་ཚོར་བ་ཆེན་པོ་ཞིག་མེད་པ་འདྲ་བསྡད།
     ཕྱི་དྲོ་དེར་སློབ་མ་རྣམས་གྲྭ་སྒྲིག་ནས་ཡར་གཤར་མར་གཤར་བྱེད་ནས།  བྱ་འགུལ་འདྲ་རོལ་བར་གྲ་སྒྲིག་བྱེད་བཞིན་པའི་དུས།  གློ་བུར་དུ་སློབ་མ་ཞིག་གིས་“དེ་རིང་སློབ་དཔོན་ཐོན་མི་མི་འདུག  ཐོན་མི་འཕུར་སོང་ཟིག”་ཟེར་བས།  ངས་ཀྱང་གཅིག་བལྟས་པས།  ཐོན་མི་སྐུ་ཡི་གཞུགས་སའི་རྡོ་ཁྲི་དེ་ལས་ཅི་ཡང་ལུས་མི་འདུག   ངས་བསམ་པར་ཐོན་མའི་འཕུར་སོང་ཟིག་ཟེར་བའི་སྐད་ཆ་དེའི། རྡོ་སྐུ་དེ་ཡོད་པའི་རྐྱེན་གྱིས་སློབ་དཔོན་ཐོན་མི་ཟེར་བའི་མིང་དེ་ཤེས་པ་མ་ཚད།  འཕུར་སོང་ཟེར་བའི་དེ་ལ་མཐོང་ཆེན་དང་རྩིས་ཆེན་གྱིས་གྲས་སུ་བཞག་ཡོད་པར་བསམ་ནས་སེམས་མངར་བོ་འདྲ་བྱུང་བ་དང་།  ད་ནས་སློབ་གྲྭ་འདིའི་སློབ་མ་རྗེས་མ་རྣམས་ཀྱིས་རྩིས་ཆེན་དང་མཐོང་ཆེན་ཕར་ཞོག  ཐ་ན་མིང་ཡང་མི་ཤེས་པའི་དུས་ཞིག་ཡོང་བར་བསམ་ནས་ཡིད་ཁོངས་སུ་སྐྱུར་བོ་འདྲ་གྱུར།
    དགོང་མོར་ལས་མཚམས་གཞག་ནས་རང་ཁྱིམ་དུ་ལྷོད་གཡེང་ངང་རྐང་པ་ཐུར་དུ་བརྐྱང་ནས་གློ་ཉལ་འདྲ་བྱས་ནས།  རང་ཉིད་ལ་དབང་བའི་ཁོང་གསེང་ཆུང་ཆུང་ཞིག་འཚོལ་ཆེད།  ཁ་པར་ལག་ཏུ་འཇུས་ནས་སྟབས་བདེ་བའི་འདུག་སྟངས་ཞིག་འཚོལ་ནས་བསྡད།   གྲོགས་པོ་ཞིག་གི་གྲོགས་གླིང་དུ་རང་རྫོང་གི་སློབ་གྲྭའི་ཁག་གི་ཐོན་མིའི་རྡོ་སྐུ་དག་གཏོར་སོང་བའི་ངུ་གཏམ་འདྲ་འདོན་བཞིན་འདུག  ཁོའི་ཧ་ཅང་སྐྱོ་ཤས་ཀྱིས་ཚུལ་གྱིས་“མི་རིགས་རིག་གནས་དར་སྤེལ་གཏོང་བའི་ཐོབ་ཐང་མེད་སོང་བ་ཨེ་རེད།  ཁུང་ཙི་དང་ལུའུ་ཞུན་གྱི་རྡོ་སྐུ་དང་སྐུ་པར་གང་རུང་དུ་ཡོད་ན་དེ་རུ་ཐོན་མི་ཡོད་ཆོག་པའི་གུ་ཡངས་དེ་ད་ལྟ་འཇུག་རྫོགས་ཚར་སོང་བ་འདྲ་”ཞེས་ལབ་ཡོད་པས།  ངས་ཀྱང་དེ་ནི་ཐན་སྐད་ཞིག་ཡིན་པར་ཤེས་ཀྱང་།  དེ་ཙམ་བསམ་ནས་སྙམ་མེད་ངང་བཞག་ནས་བསྡད།  མ་ཙ་དེའི་ཐད་ལ་ལན་སློང་མཁན་ཡང་ཉུང་ལ།  དེ་ནི་གྱང་རྒྱབ་ཁྱི་སྐད་ཞིག་ཀྱང་བརྩི་བཞིན་མི་འདུག   
     ང་ཡང་དེ་ལྟར་དུ་ཡུད་ཙམ་བསྡད་མཐར་སེམས་ལྷོད་ལ་འབབ་རྒྱུ་ཞིག་མ་བྱུང་།  སྐབས་དེར་ཡུན་རིང་མ་ཐུག་བའི་སློབ་གྲོགས་གཅིག་ཡོད་པས་དེ་ཡིས་སྐད་ཅིག་བསྐུར་སོང་།  ཁོས་“དོ་དགོང་ང་སར་ཡོང་ནས་ངའི་ཉལ་ཁང་དུ་འདུག་དགོས་”ཅེས་ཟེར་ཀྱིན་འདུག  ང་རང་ལྷོད་མ་བབས་པའི་སེམས་དེ་ཁྱེར་ནས་གྲོང་མགོ་ནས་གྲོང་གཞུག་གི་སློབ་གྲྭ་དེར་བུད་སོང་།     
    ཐོན་མ་ཐག་ཡུན་རིང་ལ་སྐད་ཆ་འདྲ་ལབ་རྒྱུ་མ་བྱུང་།   ཁོའི་ཁ་པར་བཟུང་ནས་གཅིག་ལ་སྐད་ཆ་བྱེད་བཞིན་འདུག   ངས་ཀྱང་རང་ཉིད་ཀྱི་ཁ་པར་བལྟས་ནས་བསྡད།  ཡུད་ཙམ་བསྡད་པས་ངའི་སེམས་སུ་འཚུབ་ཆ་འདྲ་ལངས་སོང་།   དུས་ཡུན་རིང་བོ་ངང་མ་ཐུག་རུང་སྐད་ཆ་ཞིག་ཀྱང་བཤད་རྒྱུ་མེད་པར།  ང་འགྲོ་དགོས་པའི་ཚུགས་ཀ་བསྟན་པས།  ཁོའི་སྔ་མས་ཁ་པར་ས་རུ་བཞག་ནས་གཅིག་ལབ་རྒྱུ་འདྲ་མགོ་ཚུགས།        སྐད་ཆ་གླེང་མོར་ཁྲོད་སྔོན་དང་མི་འདྲ་བར་སུན་སྣང་གི་ཚིག་རེ་རེ་ངག་ནས་ཡོང་བར་ངང་སྒུག་བྱེད་པ་འདྲ།  འདི་ཡང་ཅི་འདྲ་ཞིག་གི་མ་ཉེས་པ་ཡིན་ནམ།
སྔོན་ཆད་ངེད་གཉིས་ལ་སློབ་གསེང་གི་དུས་ཡུན་ཐུང་ཐུང་ལས་སྐད་ཆ་ལབ་པའི་གོ་སྐབས་མེད་རུང་།  མོས་མཐུན་ཡོད་པའི་སྐད་ཆ་གང་མང་ཞིག་ལབ་རྒྱུ་ཡོད། ཐ་ན་ཕྱིར་ཉིན་ཞོགས་པར་སློབ་ཁྲིད་ཡོད་ནའང་།  ད་རུང་རྨི་ལམ་དང་སང་ཉིན།  རྩོམ་རིག་དང་བརྩེ་དུང་ཟེར་ནས་ཕལ་ཆེར་ནམ་ལངས་རྒྱུ་ཡོད།  ད་ལྟ་དང་ཐོག་གི་རྨི་ལམ་ཞེས་པའི་ཚིག་དག་གླེང་ན་ཕན་ཚུན་མགོ་བོ་བག་ལ་ཞ་ནས་་ཡི་ཆད་དང་ཕངས་སེམས་ལས་ཅི་ཡང་མེད་པ་གང་འདྲ་ཡིན་ནམ།
    ཕྱི་ཉིན་ང་རང་ཡང་སློབ་འབྲིང་གི་སློབ་གྲོགས་གཅིག་ཡོད་ས་རུ་སོང་བ་ཡིན། ཁོས་ཡི་གེ་དཔར་བསྐྲུན་དང་ཇུས་འགོད་འདྲ་བྱེད་སའི་ཚོང་ཁང་ཞིག་ལ་ཚོང་གཉེར་བྱེད་བཞིན་ལས་ཀ་བསྒྲུབ་ནས་བསྡད་ཡོད།  ད་དུང་དེ་རུ་སྔོན་ཆད་་ང་ཚོའི་སློབ་གྲྭ་ནས་ཡིན་པའི་དགེ་རྒན་གཅིག་ཡང་དེ་རུ་གསར་དུ་ལས་སྒྲུབ་པ་བྱས་ནས་འདུག ང་ཚོ་མཉམ་དུ་ཁ་བརྡ་འདྲ་ལབ་སྐབས།  བོད་ཡིག་གི་ཤེས་བྱ་ཐད་ནས་ཅུང་ལབ་པ་ཡིན།  ཁོ་ཚོའི་“ཁྱོད་ཀྱིས་བོད་ཡིག་ཤེས་ལུགས་ལ་བལྟས་ན་དགོན་པ་གང་ཞིག་གི་གྲྭ་བ་ལོག་ཡོང་བ་རེད་”ཅེས་ལབ་སོང་བས།  ངས་བསམ་པར་བོད་ཡིག་ནི་དགོན་པ་ལས་སྤྱི་ཚོགས་ལ་ཡོད་མི་ཆོག་པ་ཡིན་ནམ།  ཡང་ན་བོད་ཡིག་ནི་དགོན་པའི་ཡི་གེ་ཞིག  སྤྱི་ཚོགས་དང་སློབ་མ་དག་གིས་བོད་ཡིག་ཤེས་ན་ནག་ཉེས་ཡིན་པ་ཨེ་རེད་ཅེས་པའི་འདྲི་བ་འདྲ་ཐོན་བྱུང་།   དེ་ལྟར་ལབ་པའི་སྒང་ཡང་ངས་ཚད་མའི་ཤེས་བྱའི་རྩ་ཚིག་ཁ་ཤས་གཅིག་ཤར་མར་བཟླད་པས།  ཡང་ཁོ་ཚོའི་“ཁྱོད་ནི་དངོས་གནས་གྲྭ་ལོག་པ་རེད་འདུག”་ཟེར་ནས་བགད་བྱུང་།  བོད་ཀྱི་གཞུང་ལུགས་དག་གྲྭ་པ་མིན་ན་བསླབས་མི་ཆོག་པ་ཡིན་ནམ་ཞེས་པའི་འདྲི་བ་ཞིག་གྲེ་བར་ཐོན་ཡང་ཕྱིར་མུད་ནས་དེ་རུ་བྲལ་ནས་བུད་སོང་།
     ཕྱི་དྲོ་དེར་“གངས་བུ་དཔེ་ཤགས་ཁང”ཁང་ཟེར་བའི་དཔེ་ཁང་ཆུང་ཆུང་ཞིག་ཡོད་པས།  དེ་རུ་འདྲིས་ཆེ་བའི་ལས་གྲོགས་དགེ་རྒན་ཞིག་ངེད་གཉིས་དཔེ་ཀློག་བྱེད་དུ་སོང་བ་ཡིན།  དང་ཐོག་ཡར་འཛུལ་སྐབས་ཚོང་བདག་དེ་ངའི་གྲོགས་པོ་དང་ངོ་ཤེས་རེད་འདུག   ཁོང་གཉིས་སྐད་ཆ་འདྲ་ལབ་བྱུང་།  ང་ཡང་དེ་གཅར་དུ་བསྡད་པ་ཡིན།  དེ་ནས་ང་ཡར་ལངས་ནས་དཔེ་ཆ་ཅི་འདྲ་བ་ཡོད་པར་གྱང་ངོས་ནས་གཅིག་བལྟས།   ཅུང་ཙམ་འགོར་བས་ཁོ་ཚོའི་ཁང་ཐོག་ན་རང་སྦྱོང་བྱེད་སའི་ཁང་ཆུང་གཅིག་ཡོད་ཟེར་བས།  ངེད་གཉིས་དེ་རུ་གཅིག་ལྟ་རུ་སོང་བ་ཡིན།  དེ་ན་ལྷིང་འཇགས་ལས་དཔེ་ཀློག་གི་རྣམ་ཤེས་འཁོར་ས་རེད་རྫས་ན་མི་ཆོག་པ་མི་འདུག  ཡིན་ཡང་དེའི་ནང་དཔེ་ཀློག་བྱེད་མཁན་མི་གཅིག་མ་གཏོགས་མི་འདུག  དཔེ་ཀློག་བྱེད་མཁན་གྱི་བུད་མེད་དེ་རྒྱུགས་ཞིག་ལེན་པར་སྟ་གོན་བྱེད་བཞིན་ཡོད་པ་འདྲ།  ངེད་གཉིས་དེར་ཅུང་ཙམ་འདུག་འཆར་འདྲ་བཀོད་ནས།  ཞབས་ནས་དཔེ་ཆ་བཙལ་དུ་སོང་བ་ཡིན།   དཔེ་ཆ་བཙལ་བའི་མཐའ་མར་ངས་«ས་སྲོད་ཀྱི་འཆར་ཀ»ཟེར་བའི་དེབ་གཅིག་རྙེད་སོང་།  ཁོའི་ཀྱང་«ཕལ་བའི་མི་ཚེ»ཞེས་པའི་དེབ་གཅིག་བླངས་ནས“ཕལ་བའི་མི་ཡིས་ཕལ་བའི་མི་ཚེ་ཀློག་དགོས་”ཟེར་ནས་ཐོན་བྱུང་།  ངེད་གཉིས་ཚིག་ཇ་ཕོར་བ་གང་རེར་བོས་ནས་གོང་དུ་དཔེ་ཆ་འདྲ་བལྟས་ནས་བསྡད།  
    དེ་ལྟར་དུས་ཚོད་གཉིས་ཙམ་སོང་རྗེས།  ཁོའི་ཉིན་ཐོ་འདྲ་འབྲི་མགོ་བརྩམ་བྱུང་།   དེ་ནས་ངེད་གཉིས་རྩོམ་རིག་ཟེར་ནས་ཅུང་ཙམ་གླེང་བ་ཡིན།  ཁོའི་ང་ལ་ཉེ་ཆར་ཞོགས་ལྗང་ཞིག་གིས་རྩོམ་ཅིག་གདའ་དེ་ཡག་པོ་འདུག་ཟེར་བས།  རྟག་རྟག་ངས་དྲྭ་རྒྱབ་ན་བཞག་ཡོད་ཟེར་བས།  ཁོའི་ཁྱོད་ཀྱི་བཞག་འདུག་འང་ངས་ཀྱང་བཞག་ཡོད།  ཡིན་ནའང་ད་ལྟ་བལྟ་རྒྱུ་མེད་པར་བྱས་ཚར་འདུག་ཟེར་བས།
ངས་ཡང་ཅི་ཞིག་མ་ཉེས་པ་ཡིན་ནམ།  དེ་ནི་སྐད་ཡིག་ལ་ཤ་བསང་རུས་ལ་སིམ་པའི་བརྩེ་སེམས་དང་རྩིས་མདང་དགོས་པ་ཙམ་མ་གཏོགས་གཞན་ཅི་ཡང་མེད་པས།  ད་ནི་རང་གི་སྐད་ཡིག་ཞེས་གླེང་བའི་ཆོ་མཆན་མེད་པའི་གནས་སུ་སླེབས་ཚར་ཡོད་དམ་སྙམ་ནས།  ཆར་ཆུ་མོད་པའི་ནམ་མཁའ་དེར་ཡང་ཡང་བལྟས་ནས་ག་ལེར་དུ་སེམས་ཁོང་ཡང་རློན་པ་འདྲ་གྱུར་ནས།  སྒེའུ་ཁུང་ལས་ཁ་ཕྱིར་འཁོར་ན་ཡི་ཆད་དང་བློ་ཕམ་གྱི་དབུགས་རིང་ཞིག་ལས་ལྷག་མི་འདུག  
   དགོང་མོར་དེར་ཁྱིམ་དུ་སླེབས་སྐབས་ངའི་བསམ་པར།  ཉི་མ་འདི་དག་ལ་གོ་བའི་སྐད་ཆ་འདི་ཚོ་ཉན་མི་འདོད་པར་ཐན་སྐད་ཞིག་ཡིན་པ་འདྲ།  ད་ང་རང་ཅི་ཡང་བསམ་རྒྱུ་མི་འདུག  མགོ་ཐོམ་ངང་གཉིད་རྒྱུ་ལས་ཅི་བྱ་གཏོལ་མེད་དུ་གྱུར།

              རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease