དཔལ་འཚོ་དང་ཆར་གདུགས།

    རྩོམ་པ་པོ། ལྡོང་རོང་བསོད་ཐར།


དཔལ་འཚོ་དང་ཆར་གདུགས།  
            
                      ལྡོང་རོང་བསོད་ཐར།
 
       དེ་རིང་གི་གནམ་གཤིས་ནི་ཡར་སྔོན་དང་བསྡུར་ན་ཅུང་ཙམ་གྲང་བ་དང་ཉི་འོད་ཀྱི་ཚན་ཁ་ཡང་ང་ཚོ་དང་རིང་ཙམ་གྱེས།  ཁང་བའི་ཕྱི་རོལ་གྱི་སྒྲ་ལ་ཉན་ན། ཆར་བ་ཞིག་འབབ་བཞིན་ཡོད་པ་གཏན་འཁེལ་རེད།  ཆར་བ་འདི་ནམ་ཞིག་འབབ་འགོ་ཚུགས་པ་དང་དུས་ནམ་ཞིག་ལ་མཇུག་སྒྲིལ་མིན་མི་གསལ་མོད།  ཆར་ཐིགས་ཀྱི་ཤག་སྒྲར་ཉན་ན་དའང་ཅུང་ཙམ་རྒྱུན་རིང་བ་འདྲ། གང་ལྟར་དེ་ལྟར་ཉན་ཞོར་གློག་ཐབ་ཆུང་ཆུང་ཞིག་གི་ཟུར་ན་ཡུན་ཙམ་ཞིག་བསྡད།  ད་ནི་དུས་ཚོད་ཚང་སོང་བས་ཆར་བ་འབབ་མཚམས་བཞག་རུང་མ་བཞག་རུང་ལས་ཀ་ཞིག་གི་དགོས་དབང་གི་ཆེད་དུ་འགྲོ་དགོས་པ་རེད།   ལས་ཀ་དེའང་སློབ་གྲྭའི་བཀོད་སྒྲིག་ཅིག་ཡིན་པས་འགན་ལེན་ཐུབ་པར་བྱེད་དགོས།  མ་བྱས་ན་འགྲིག་གིན་མེད་ཚོད་རེད།  དེ་བས་ལམ་སངས་ཀོ་ལྷམ་ཞིག་དང་དེའི་སྟེང་དུ་དོར་མ་ནག་པོ་ཞིག་བསྡེབས་རྗེས། རྫི་སྟོད་སྔོ་སང་སང་བ་ཞིག་གྱོན་ནས་རང་ཤག་ནས་བྲེལ་ལ་མི་བྲེལ་གྱིས་སྐས་ཐེམ་དེ་དག་མཆོང་ས་ནས་མཆོང་།  བརྒལ་ས་ནས་བརྒལ་ཏེ་མདུན་ཕྱོགས་ཀྱི་སློབ་རའི་ལུས་རྩལ་ཐང་དང་ཉེ་ས་རུ་རྒྱུག 
 
        ཏག་ཏག་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུ་རེད།  སློབ་གྲོགས་སྐོར་ཞིག་འཁྱག་སིབ་སིབ་ཀྱི་ཁ་ཤ་འདར་བཞིན་སྐྲ་རྩེ་ནས་ཆར་ཐིགས་ཀྱི་མུ་ཏིག་རྡོག་པོ་རེ་རེ“ཐིག་ཐིག་ཐིག”ཅེས་མདུན་ཕྱོགས་སུ་ཟག་བཞིན་འདུག   ལྷག་ཏུ་ཆར་བ་འབབ་ཤུགས་ཇེ་དྲག་ཏུ་ཕྱིན་པས་ཁོ་ཚོ་སྐོར་ཞིག་གི་ལྭ་བ་ཡང་སྦངས་སོང་།  སྦངས་ནས་འབྱར་ཡོང་གིན་འདུག  སྐྱེས་ཕོ་སྐོར་ཞིག་གི་ལུས་རྩལ་དོར་ཐུང་དག་ཤ་རྒྱུད་ལ་འབྱར་དྲགས་པས་བལྟས་ཚོད་ལ་འགྲོ་བདེ་མོ་མེད་པ་འདྲ།  ལྷག་ཏུ་རྩལ་གོས་འདིའི་རིགས་གྲོང་ཁྱེར་ནས་གནམ་གཤིས་དང་མིག་ལ་རན་པོ་འདྲ་ཡོད་ཀྱང་མཐོ་སྒང་ལྟ་བུ་རྒྱུན་དུ་རླུང་གཟན་ཆེ་ས་ནས་འདི་དག་གིས་ངོ་ཚ་སྟེར་ངེས།   དའང་བུ་མོ་དེ་དག་གི་བྲང་གཞུང་ཡང་ཕྱི་ནས་བལྟས་ན་རི་སུལ་ཞིག་དང་འདྲ་བོ་འདུག་ལ་ཆར་ཐིགས་རེ་ཟུང་ཞིག་གང་དུ་བཞུར་ནས་གང་ལ་འཁྱིལ་དང་མི་འཁྱིལ་གྱི་འདང་ཞིག་ཀྱང་དབང་མེད་ངང་བརྒྱག་ཤོར་འགྲོ།  དེ་ལྟར་ཆར་རླུང་དང་གདོང་གཏུགས་ནས་ང་ཚོ་མདུན་ཕྱོགས་ཀྱི་མི་དམངས་སྨན་ཁང་དུ་བརྟག་བཤེར་བྱེད་སར་སོང་།
 
        སྐབས་དེར་ལམ་བར་ནས་ང་དང་རིག་མགོན།  ད་དུང་ཆོས་སྐྱིད།  དཔལ་འཚོ་བཅས་འགན་འཁུར་བ་རེད།  རིག་མགོན་ནི་ནམ་རྒྱུན་མི་གཞན་དག་དང་ཁ་བརྡ་བྱ་རྒྱུ་མི་སྤྲོ་བས་སྔུན་ཤེད་ནས་གླུ་དབྱངས་ཐར་ཐོར་རེ་ལེན་ཞོར་བརྗེ་ཞོར་བྱས་ཏེ་བུད་སོང་།  ཁོང་ལ་དབང་བ་ནི་དེ་རིང་ཁོ་ན་ཡིན་ཞེས་བཤད་མྱངས་ཡོད། བལྟས་ཚོད་ལ་དེ་རིང་མ་གཏོགས་རེ་དོགས་མེད་ཚོད་རེད།   ང་དང་ཆོས་སྐྱིད་གཉིས་ལྷན་དུ་ཡོད་པས་མོས་ཁ་མཚར་དང་དགོད་བྲོ་བའི་སྐད་ཆ་གང་མང་ཞིག་ལབ་སོང་།  འོན་ཀྱང་།  ངའི་སེམས་སུ་ད་དུང་ཡང་ཁ་མི་གང་བའི་རྣམ་པར་ཞིག་ཡོད་པ་ནི་དཔལ་འཚོའི་སྐད་དེ་ཐོས་རྒྱུ་མ་བྱུང་བ་དེ་རེད།   མོ་རང་རྗེས་ན་ཡོད་པས་ལོས་ཡིན།   མོ་རང་མ་གཞི་ནས་འབྲོག་མོ་ཞིག་ཡིན་ཚོད་གདའ།  རྒྱུ་མཚན་ཡང་གྲོང་གསེང་བུད་མེད་དང་ཞིང་གྲོང་གི་བུད་མེད་དག་དང་མི་འདྲ་བ་དམིགས་བསལ་གྱི་འཛུམ་མདངས་ཤིག་ཡོད་རེད།  འཛུམ་མདངས་དེ་འཆར་ཐེངས་རེ་རེས།  ངའི་མིག་ལ་ཕོག་ཡོང་།  མིག་ནས་སེམས་ལ་ཟུག་འགྲོ  ཟུག་ན་ལུས་སུ་དྲོད་ཤིག་ཤིག་དང་ཚ་ཁོལ་ཁོལ་གྱི་རང་བཞིན་ཞིག་འབར་ནས་ཡོང་། འདི་ནི་ཕལ་ཆེར་ཚོར་བ་ཟེར་བ་དེ་ཡིན་ཚོད་རེད།   དེའང་དམིགས་བསལ་བ་ཞིག་རེད་ཨང་།  སྐབས་རེ་འདིའི་རིགས་ནི་མཚོན་ཐབས་མེད་ཅིང་ཐ་སྙད་ལས་འདས་པའི་འཇིག་རྟེན་གྱི་གསང་བ་འམ་སྒུལ་ཤུགས་ཤིག་ཅི་ལ་མིན།
 
        དེ་རིང་ཆར་རླུང་ཁྲོད་ན།  མོས་སྟོད་གོས་རིང་བོ་ཞིག་གྱོན་ཡོད་པ་མ་ཟད།  མོ་རང་གི་གདོང་དང་འཚམས་པའི་ཁ་ཤུབས་ཤིག་ཀྱང་བརྒྱབ་འདུག ཁ་ཤུབས་དེའི་གཡས་ལོགས་ན་ཚེམས་དྲུབ་སྤུས་དག་བྱས་པའི་མེ་ཏོག་ཁ་ཤས་ཀྱི་འདབ་མ་དགོད་ཡོད།  ད་དུང་སྐྲ་ལོ་ཡི་ཟུར་ན་ཡང་མེ་ཏོག་གིས་སླས་པའི་སྐྲ་གནོན་ཞིག་སྟག་མའི་མེ་ཏོག་ཁྲ་ལམ་མེར་བ་ཞིག་ཡོད།  རྣ་རྒྱན་སྤྱིར་བཏང་བ་བཅས་གང་ལ་བལྟས་ན་ང་ཚོའི་ཁ་སྐད་དུ“བོ་སྡུག་གཅེས་མོ་ཞིག་འགི”ཞེས་ཟེར་བ་ལྟར།  ང་ལ་མཚོན་ན་ནི་ཕུན་སུམ་ཚོགས་པ་ཞིག་ཅི་ལ་མིན།  སྐབས་དེར་ངས་མོ་ལ་ཧ་ཅང་སྐད་ཆ་ཞིག་བཤད་འདོད་ཡོད་ཀྱང་།   མོའི་ངོ་གདོང་ལ་ལྟ་བ་ནི་ཉེས་ཅན་གཏེ་བོ་ཞིག་གིས་ཁྲིམས་རྩོད་པ་ལ་ལྟ་བ་ཇི་བཞིན་ང་རང་རབ་ནས་རབ་ཏུ་རྒུད་འགྲོ་ལ་མཐའ་ན་ཤེས་པ་ཡང་འཁྱམ་འགྲོ   དེའི་ཕྱིར་ན་སྐབས་རེར་མོ་རང་རྒྱང་རིང་ན་ཡོད་པ་མཐོང་ན།  ང་ལ་མཚོན་ན་དུས་ཚོད་བཟང་བོ་དང་བསྐལ་བ་བཟང་བོ།   གནས་བཟང་བོ་ཞིག་དང་ལམ་བཟང་བོ་ཞིག་དང་འཕྲད་པའི་ཚོར་སྣང་ཡང་ཡང་སྟེར་ཡོང་།  མ་ཟད།  མོས་སྐབས་དང་སྐབས་སུ།  དུས་གློ་བུར་བའི་ཚེ་ན་ང་ལ་ཐེངས་རེ་ཟུང་བལྟ་སྲིད། དེ་ནི་སྨྲ་མི་ཤེས་པའི་བདེ་བ་ཞིག་ཡིན།  བརྗོད་ན་མི་ཚར་བའི་སྤྲོ་སྣང་ཞིག་ཡིན། མཚམས་མཚམས་སུ་རང་ཉིད་ཀྱི་སྐྱོན་ཆ་མང་བོ་ཞིག་སློང་དུ་བུད་སོང་བའི་འཇིགས་སྐུལ་ཡང་ངང་གིས་ཐེབས་ཡོང་།  དཔེར་ན།  རང་ཉིད་ནི་དཔལ་འཚོའི་མིག་ལམ་དུ་གཙང་སྦྲ་མེད་མཁན་དང་ཕོ་ཚུགས་མེད་མཁན། སྐྱེ་འབྲས་མི་ལེགས་པ་དང་རང་ཚུགས་མེད་མཁན། མཐའ་ན་སྤྱིར་བཏང་གི་སྐད་ཆ་ཙམ་ཞིག་བཤད་རྒྱུ་བྱུང་ཡང་མོས་གོ་བ་ཇི་ལྟར་ལེན་མིན་ལ་ཐེ་ཚོམ་དང་དོགས་པ་སྐྱེ་བ་མ་ཟད།  མཚམས་རེ་ཟ་ཁང་ནང་ནས་མོས་ང་ལ།  “དགེན།  ཟ་མ་ཞིམ་སོང་ངམ། སློབ་ཁྲིད་ཡོད་དམ་”ཞེས་དགོད་འཛུམ་དང་བཅས་འདྲི་དུས། ངས་བསམ་མི་ཕོད་པའི་གནས་ཚུལ་ཁ་ཤས་ལ་སྟོང་འདང་དང་མགོ་འཁོར་ནས་ཉིན་མའང་རྫོགས་འགྲོ།  དེ་ནི་གནོན་ཤུགས་ཀྱི་ནང་ནས་གནོན་ཤུགས་ཤིག་རེད།  ཡག་ས་དང་བཟང་ས་རེ་ཡང་རང་ལ་ཡོད་སྲིད་ཀྱང་དེ་དག་ནི་འདང་རྒྱག་མི་ཕོད།   རྒྱུ་མཚན་ཡང་མོ་རང་ནི་ངའི་ལྷག་པའི་ལྷ་མཆོག་ཡིན་པས་རེད།
 
         ལམ་བར་ནས་ཆར་བ་འབབ་བཞིན་འདུག  རི་མགོ་ན་སྨུག་པ་ལོང་ལོང་།  རི་སྐེད་ན་བྱ་བྱེའུ་ཀྱུ་ཀྱུ།  རི་འདབས་ན་ཆར་ཐིགས་ཟིམ་ཟིམ།  ལམ་གཞུང་ན་རྒྱུག་ཆུ་ཤུ་ཤུ།   ངས་མོ་རང་ལ་ཆར་གདུགས་ཤིག་ཨེ་ཡོད་ཅེས་ཧ་ཅང་འདྲི་ན་འདོད་བྱུང་།  མ་ཟད་ཆར་གདུགས་ཤིག་ཀྱང་སྟེར་ན་ལོས་འདོད།  འོན་ཀྱང་།  ངས་དྲན་བཞིན་པའི་འདྲི་ཚིག་འདི་དག་ནི་མོ་དང་ཉེ་ས་ན་ཐོན་དུས་ནུས་མེད་དབུལ་བོ་ཞིག་དང་རྐང་ཆག་ལག་རྡུམ་ཞིག་ཏུ་འགྱུར་འགྲོ   རྒྱུ་མཚན་ཡང་།  ང་ལ་ཅི་འང་མེད་པས་དྲི་བ་དེ་དྲིས་པའི་དབང་དུ་བཏང་རུང་། ང་ལ་ཆར་གདུགས་ཤིག་མེད།  གལ་སྲིད་མོ་རང་ལ་དགོས་ཚེ་ང་ནི་ཐབས་ཟད་པའི་སྐྱེས་པ་ཞིག་ཆགས་ངེས།  མ་ཟད།  ཁ་ཡག་ལ་དགའ་བའི་མི་གཤིས་ཤིག་ཀྱང་མཐོང་ན་ཐང་། དེ་བས་ངའི་ན་ཟུག་ཡོངས་རྫོགས་ཨུ་ཚུགས་ཀྱི་རི་རབ་ལྷུན་པོས་ཆུ་མགོ་མནན་པ་བཞིན་ཅི་འང་མ་བྱུང་བའི་ཟོལ་དང་།  མི་དོན་པའི་ཚུལ་གྱིས་ཤིན་ཏུ་ལྕི་བའི་གོམ་པ་དག་ཇེ་མགྱོགས་སུ་བཏང་།  དེ་ནི་ཅི་འདྲ་ལྗིད་ཆེ་ཞིང་ཐེག་པར་དཀའ་བ་ཞིག་རེད་ཨང་།   ཁྱེད་རང་དགོངས་མ་འཚམས་རོགས།  ང་ལ་ཅིའང་མེད་པས་ཡིན།  ང་ལ་མཐའ་ན་དེ་རིང་རྐང་འོག་གི་ཆུ་ཕྲན་འདི་དག་ཀྱང་གནོན་ན་ནུས་པའི་ཟིལ་ཤུགས་དེ་མི་འདུག   ངས་རང་ཉིད་ནི་ལས་ངན་ཞིག་ཡིན་པར་རྟོགས་སོང་།   སེམས་ཀྱི་ཁང་ཤག་ན་གཡར་དང་དྲེག་ཆགས་པའི་གནས་ཚུལ་སྐྱོ་མོ་འདི་དག་ཁུར་ནས་གང་ཞིག་ཏུ་འགྲོ་དགོས་པ་ཡིན་ནམ། 
 
       ནམ་ཉིན་མ་ཞིག་ལ།  ང་ལ་ཆར་གདུགས་ཤིག་ཡོད་ངེས་རེད། ཡོད་ཆོག་པའང་རེད།   འོན་ཀྱང་སྐབས་དེར་ཁྱེད་རང་སྔར་བཞིན་ཆར་བའི་ཁྲོད་ཀྱི་བུ་མོ་དེ་ཡིན་ན་ཅི་མ་རུང་།  འོན་ཀྱང་།  སྐབས་དེར་ཁྱེད་ལ་ཆར་གདུགས་ལས་ལོགས་སུ་ཆར་ལྭ་ཞིག་ཀྱང་ཡོད་པ་ཁོ་ཐག་རེད།   དེའི་ཕྱིར་ན།  ངས་ཁྱེད་ལ་རྣམ་དག་གི་སྨོན་ལམ་ཁ་ཤས་ལས་སྐད་ཆ་རྣམ་དག་ཅིག་བཤད་མི་ཕོད།  རྒྱུ་མཚན།  ང་ནི་ཁྱེད་ཀྱི་རྗེས་སུ་ལུས་པའི་མི་སྣ་ཞིག་རེད།  དེ་རིང་གི་སྨན་ཁང་གི་སྒོ་བྱང་ནི་དེ་འདྲའི་ཡག་རྒྱུ་མེད་ཀྱང་ཁྱེད་ཀྱི་གཟུགས་ཀྱི་ཆ་ཤས་རེ་གནས་འདི་ནས་མཐོང་ཚེ།   ཡོད་ཚད་བདེ་བ་ཞིག་ཡིན་པའི་སྣང་བ་ཡང་ཡང་སྟེར་ཡོང་།  ལར་ཁྱེད་ཀྱི་སྐད་ཙམ་ཐོས་ན།   ནད་ཀྱི་གདུང་བ་ལས་ཡོངས་སུ་ཐར་འགྲོ་བ་ཞེས་སྐད་ཆེན་པོ་བྱས་ཏེ་འབོད་ཀྱང་ཕོད།  ཁྱེད་ནི་གཅིག་བྱས་ན་ལྷ་དང་ལྷ་མོ་ཞེས་པའི་རྣམ་པ་དེ་ཨེ་ཡིན་ན་སྙམ།  འདི་ལ་ལྷག་བསམ་དང་བརྩེ་བ་ཞེས་འབོད་རུང་བ་ནི་ཤར་ནུབ་གཏམ་རྒྱུད་དང་གློག་བརྙན་ག་གེ་མོ་ཞིག་ལས་འཕྲོས་ན་མ་གཏོགས་ད་ལྟའི་དུས་སུ་ནི་མིན།  “དེང་དུས་ཀྱི་མཁའ་དབུགས་བར་ན་རིག་རྒྱུ་ཡོད་པའི་དངོས་པོ་ཞིག་ལས་མེད་པ་མང་བོ་ཞིག་ཡོད་བཞིན་དགོས་མེད་དུ་ཆགས་འདུག”  དེ་ནི་ང་ལྟ་བུ་ཅི་འང་མེད་པའི་ལས་ངན་དག་གི་མནར་གཅོད་ཅིག་རེད་ཨང་།  རྣམ་སྨིན་ཡང་ཡིན་སྲིད།  ཆར་བ་འབབ་མཚམས་ཞོག  ཡིད་དུ་འོང་བའི་མི་དེའི་ལྷམ་སྣ་སྦངས་མི་རུང་། རྫོབ་མི་རུང་།  དེ་བས་ཀྱང་འཁྱག་ན་མི་ཆོག

        ལས་དབང་དང་དུས་ཚོད་མང་བོ་ཞིག་འདི་ལྟར་འཛོལ་ནས་འཁོར་ནས་བརླག་འགྲོ   གལ་སྲིད།  ང་ལ་དེ་རིང་ཆར་གདུགས་ཤིག་ཡོད་ན།  ངས་རང་ཉིད་འཁྱག་མི་འཁྱག་དང་ཚ་བ་བརྒྱག་མི་བརྒྱག་སོགས་ཁ་ཡ་མི་བྱེད། ངས་ཆར་གདུགས་དེ་ཐད་ཀར་ཁྱེད་ཀྱི་ལག་མཐིལ་དུ་བཞག་ངེས།  དེ་རྗེས་ངས་སྐད་ཆ་འགའ་ཡང་བཤད་ཆོག་སྟེ།  ཁྱེད་རང་གི་ལུས་ཕུང་འཁྱག་མ་བཅུག  ལྷག་ཏུ་སྟོན་མཇུག་གི་དུས་མཚམས་སུ་ཆམ་རིམས་རྒོད་པས་ཚ་བ་བརྒྱག་ན་ཐང་།   ངས་ཁྱེད་ཀྱི་འཁྱག་སྣང་དང་དཀའ་སྣང་དག་རིག་ན་མི་འདོད་ཅེས་ཟེར་ངེས། འོན་ཀྱང་། འདི་དག་ནི་རྨི་ལམ་ཞིམ་པོ་ཞིག་སྟེ།  ང་ལ་དུས་ཚོད་དང་ཁོར་ཡུག་གིས་སྐལ་བ་དེ་སྟེར་མ་སོང་། དབང་ཆ་དེ་བྱིན་མ་སོང་།  མཐའ་ན་རང་ཉིད་རང་ལ་དྲོད་ཁོལ་ཁོལ་གྱི་གནས་མལ་ཞིག་ཀྱང་མེད་པས་ཡིན་པ་འདྲ།   དེ་བས་སྔར་བཞིན་ངོ་ཤེས་པ་ཙམ་གྱི་མི་སྣ་ཞིག་གི་གདོང་འབག་ཅིག་ཇི་ལྟར་རྩུབ་རུང་གྱོན་པ་ལས་འོས་མེད།  ཁྱེད་རང་དང་མཉམ་དུ་མ་འོངས་པའི་དུས་བཞི་ཡི་འགྱུར་འགྲོས་ལ་ལོངས་སུ་སྤྱོད་ཐུབ་པའི་རླབས་ཆེན་དེ་འགྱུར་ཐུབ་མ་སོང་།  ཉིན་འདི་དག་ང་རང་ཁྱེད་ཀྱི་གམ་ན་ཡོད།  ལོགས་ནས་འགྲོ་བཞིན་ཡོད།  ཁྱེད་ཀྱིས་ཚོར་མི་སྲིད།  ཁྱེད་ཀྱི་ངོ་གདོང་དང་ངའི་ངོ་གདོང་འཕྲད་ན་ཡང་སྤྱིར་བཏང་བ་དེ་ཡིན།  ཁྱེད་ཀྱི་རྒྱབ་གཟུགས་དང་སོང་ཤུལ་འཕྲད་ན་ཁོ་བོ་ནི་ངུ་དགོད་གཉིས་ཀ་ཤེས་པའི་བྱིས་པ་ཞིག་ཡིན།   སྨྱོན་པ་ལྟ་བུ་ཞིག་ཀྱང་ཡིན།  ཆར་བ་འདི་འབབ་ཀྱིན་འབབ་ཀྱིན་ནགས་ཀྱི་སྐྲ་ལོའི་ཁ་དོག་རྨིང་མེད་དུ་འཇིབ་ཅིང་ས་གཞི་འདིའི་དྲོད་ཁོག་ན་དྲོད་ཀྱི་ཆ་ཤས་སམ་ཏིལ་འབྲུ་ཙམ་ཡང་བཞག་མ་སོང་།  ཤིན་ཏུ་གྲང་བ་ལ།  ལུས་སེམས་ཀྱི་ཕྱི་ནང་འདི་ཨང་། 
                    2021/11/14 ཉིན་རང་ཤག་ནས་བྲིས།

                               རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease