མགོ་ཁྲིད།

    རྩོམ་པ་པོ། བེའུ་བསོད་ཆེན།


མགོ་ཁྲིད།
སྒྲུང་ཐུང་། 
 
                    བེའུ་བསོད་ཆེན།

      ལྟོ་འདུ་ཅན་གྱིས་ཅི་ཡང་ཟ། ཟེར་བ་ཅིས་མི་བདེན། ཕག་རྡོར་ངའི་ཁྱིམ་དུ་འཛུལ་མ་ཐག་ཏུ་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར། ཤ་སྐམ་འགྲངས་ཐག་ཆོད་པ་ཞིག་ཟོས་སོང་། ཤ་སྐམ་འགྲངས་ཐག་ཆོད་པ་ཞིག་ཟོས་རྗེས། ཁོ་རང་གཞི་ནས་ལྷོད་ལ་བབས་ཏེ། “ནམ་ལངས་ནས་ད་བར་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་ཇ་ཚ་ཚ་ཁ་ལ་མ་རག”ཟེར། དེ་ནས་ངའི་གདོང་ལ་ཅེར་ནས་བཤད་དགོས་ལ་གསང་ཡང་དགོས་པའི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པའི་རྣམ་འགྱུར་ཞིག་མངོན་ཏེ། ཡུད་ཙམ་ལ་བསམ་མནོ་ཞིག་གཏོང་ཞིང་། བསམ་མནོ་གཏོང་བཞིན་པའི་སྒང་ལ་སྒྲེགས་སྒྲ་རྣ་ལ་གཟན་བ་ཞིག་ཤོར། སྒྲེགས་སྒྲ་དེས་ཁོའི་སྨྲ་སྒོ་གཞི་ནས་འབྱེད་པ་འདྲ་སྟེ། “སང་ཉིན་གོང་རིམ་ནས་དབུལ་པོ་ཕྱུག་བཅོས་ཁྱིམ་དུ་ལྟ་སྐོར་ཡོང་རྒྱུ་རེད་འདུག དེ་དུས་རོགས་དངུལ་ཅིག་ཅིག་ཉིག་ཉིག་སྟེར་ཨེ་བྱུང་ཟེར་ནས། དྲི་བ་མང་པོ་འདྲི་རྒྱུ་རེད། ཁྱོད་ཀྱིས་ཚང་མ་སྟེར་བྱུང་ཞེས་ལན་རྒྱོབས། ཁྱོད་ཀྱིས་སྟེར་ཡོད་མེད་མི་དྲན་པའམ། མི་ཤེས་ན་ཡང་སྟེར་བྱུང་སྟེར་བྱུང་། ཞེས་ཐག་ཆོད་ཆོད་ལ་ཤོད། གོ་ཨེ་བྱུང་། ”ཞེས་བྱིས་པ་བཙལ་ལ་ཉེ་བའི་སྦྲུམ་མ་ཞིག་གི་ལྟོ་བ་ལྟ་བུ་དེ་བྱིལ་བྱིལ་བྱེད་ཀྱིན། ང་ལ་ལོ་གསུམ་བྱིས་པ་ལ་ཀ་ཁ་སློབ་པ་ལྟ་བུའི་སློབ་གསོ་དེ་གནང་བྱུང་། ལོ་ངོ་འདི་དག་ཁོ་བོ་དབུལ་པོ་ཕྱུག་བཅོས་ཞེས་པའི་རྒྱལ་ཁབ་ཀྱི་རོགས་སྐྱོར་བྱ་ཡུལ་དུ་གྱུར་པ་ནས་བཟུང་། མགོ་ཁྲིད་དང་མགོ་ཁྲིད་ཀྱི་ལས་རོགས་རྣམས་ང་དང་ང་ལྟ་བུའི་དབུལ་པོ་ཕྱུག་བཅོས་དུད་ཚང་དག་གི་རྒྱུན་མགྲོན་དུ་གྱུར་ཅིང་། ཁོ་ཚོ་ཁྱིམ་དུ་ཡོང་ནས་བྱིས་པ་ལ་ཀ་ཁ་སློབ་པ་ལྟ་བུའི་བསླབ་བྱ་གནང་བ་ཡང་རྒྱུན་ལྡན་ཡིན་ལ། ང་དང་ང་ལྟ་བུའི་དབུལ་པོ་ཕྱུག་བཅོས་དག་གིས་ཀྱང་རྒྱུན་ལྡན་ལྟར་ལགས་སོ་དང་ལེགས་སོ་ཞེས་ཁས་ལེན་བྱས་དང་བྱེད་མུས་ཡིན། ད་རེས་ཀྱང་ངས་རྒྱུན་ལྡན་ལྟར་དུ་“འོ་ཡ། གོ་བྱུང་། གོ་བྱུང་།”ཞེས་ལན་ལྡོན། ཁོས་ངའི་ལན་ཐོས་རྗེས། “ཡ། ད་དུང་དུད་ཚང་འགའ་ཞིག་ལ་འགྲོ་དགོས།”ཞེས་ཟེར་གྱིན་མལ་ཁྲིའི་སྟེང་ནས་ཡར་ལངས་ཤིང། ཁོ་ལངས་མ་ཐག་ཏུ་མལ་ཁྲིའི་ཚིགས་ཀ་གང་ཞིག་ནས་“ཙི་་་་”སྒྲ་ཞིག་གྲག་ཀྱང་། ཁོས་མལ་ཁྲིའི་ཙི་སྒྲ་སྣང་མེད་དུ་བསྐྱུར་ཏེ། སྦྲུམ་མའི་ལྟོ་བ་ལྟ་བུའི་གྲོད་ཁོག་དེ་མདུན་དུ་བསྲིངས་ནས། རྒོད་གཤོག་མཁའ་ལ་རྐྱོང་པ་ལྟ་བུའི་ཁ་སྤུ་དེ་བྱིལ་བྱིལ་བྱེད་ཀྱིན། སྒྲེགས་སྒྲ་རྣ་ལ་གཟན་བ་རེ་ཟུང་འཐེན་ཏེ་ཕྱིར་བུད་སོང་།
 
      ར་དང་ཐོག་ཕག་རྡོར་འདི་གར་འབྱོར་དུས་ལྟོ་འདུ་ཅན་ཞིག་མིན་ལ། ངེད་ཅག་ལ་བྱིས་པ་ལ་ཀ་ཁ་སློབ་པ་ལྟ་བུའི་བསླབ་བྱ་གནང་མཁན་ཞིག་ཀྱང་མིན་ཏེ། དེའི་ཚེ་ཁོ་རང་སྐམ་ཤིང་རིད་ལ་གུས་ཞབས་ཆེ་ཞིང་ཁ་ལག་གྲུང་པའི་ཕོ་སར་དར་མ་ཞིག་ཡོད། གོ་ཐོས་ལ་དེའི་སྔོན་དུ་ཡུལ་ཤོག་གཞན་དུ་ལོ་འགར་ལས་དོན་བསྒྲུབས་པས། ལས་ལ་བརྩོན་ཞིང་དྲང་བདེན་དང་ལྷག་བསམ་ཆེ་བའི་མཚན་སྙན་ཐོབ་སྟེ། ངེད་ཀྱི་ཡུལ་ཤོག་གི་མགོ་ཁྲིད་དུ་ལས་གནས་སྤར་བ་ཡིན་སྐད། སྐབས་དང་སྐབས་སུ་གྲོང་པའི་སྲང་ལམ་སྣ་སྣེ་ནས་ངེད་ཅག་རྒན་རྒོན་རྣམས་དང་ཕྲད་དུས། “ཨ་ཁུ། ཨ་ནེ། བདེ་མོ་འཚམ་པོ་ཨེ་ཡིན།”ཞེས་མཚམས་འདྲི་བྱེད་པ་མ་ཟད། གཞུང་གི་དོན་དུ་ཁྱིམ་ཚང་དུ་སླེབས་དུས་ཀྱང་། “དཀའ་ངལ་ཅི་ཞིག་ཡོད་ཀྱང་ང་ལ་ལོབས་དང་། ངས་གོང་རིམ་ལ་ཞུས་ནས་རོགས་སྐྱོར་བྱེད་ངེས་ཡིན།”ཞེས་གུས་ཞབས་དང་བཅས་ཏེ་སྨྲས་པ་ཡང་ཐེངས་གཅིག་ཁོ་ན་ག་ལ་ཡིན། ང་ཚོ་རྒན་རྒོན་རྣམས་ཀྱི་སེམས་ནི་འབྲུ་མར་ལྟར་དགའ་སྐྱེན་ཞིང་སྐྱོ་སླ་བ་ཡིན་པས། ཉི་མ་འདེ་ཞོར་དང་སྐོར་བར་སྐོར་ཞོར་དུ་ཕག་རྡོར་གྱི་བཟང་སྤྱོད་ལ་བསྟོད་བསྔགས་རབ་དང་རིམ་པར་བྱས་མྱོང་ལ། ཨ་ཁུ་མགོན་རྒྱལ་གྱིས་ “ཐོས་རྟག་ཞི་ཞིང་དུལ་བ་ཟེར་དུས་འདི་འདྲ་ལ་ཟེར་བ་རེད། དངོས་གནས་དྲང་ནས་སློབ་གྲྭ་ཆེན་པོ་ནས་ཐོན་པའི་མགོ་ཁྲིད་དག་ནི། མྱིའི་ནང་ནས་ཨ་འོ་དང་རའི་ནང་ནས་ཚེ་བོ་རེད།”ཅེས་པའི་ཚིག་དུམ་དེ་ང་ཚོ་རྒན་རྒོན་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བཏོན་དང་འདོན་བཞིན་པའི་“མགོ་ཁྲིད་ཀྱི་བསྟོད་རྩོམ་”དུ་གྱུར་ཡོད།

      འོན་ཀྱང་“དུས་ནི་མི་འགྱུར་མི་རྣམས་འགྱུར་”ཞེས་གསུངས་པ་བཞིན། མགོ་ཁྲིད་རིམ་གྱིས་འགྱུར་སོང་། ཁོའི་སྐམ་ཞིང་རིད་པའི་གཟུགས་པོ་དེ་མཁྲང་ལ་རྒྱས་པའི་ཤ་རྒྱགས་ཤིག་ཏུ་འགྱུར་སོང་། སྔོན་ཆད་གུས་ཞབས་ཆེ་ཞིང་སྨྲ་བ་འཇམ་པའི་བཟང་སྤྱོད་དེ་ཡང་། འགྱིང་ཉམས་ཆེ་ཞིང་སྨྲ་བརྗོད་རྩུབ་པའི་ང་རྒྱལ་ཅན་དུ་འགྱུར་སོང་། འགྱུར་སོང་བ་ནི་ཁོའི་གཟུགས་པོ་དང་གཤིས་ཀ་ཁོ་ན་ག་ལ་ཚད། ཁོའི་སྔོན་ཆད་ཐལ་རྡུལ་གོས་ཤིང་ཧྲེལ་སྒྲ་གྲག་པའི་འཕྲུལ་རྟ་དེ་ཡང་། དེང་སང་བརྗིད་ཉམས་ཆེ་ཞིང་གཟི་འོད་འཕྲོ་བའི་ “གཡག་མགོ་རྟགས་ཅན་”གྱི་རླངས་འཁོར་ཞིག་ཏུ་འགྱུར་འདུག ད་དུང་སྔོན་ཆད་ཁོའི་མལ་ཤག་གཅིག་ཐོག་ཅན་དེ་ཡང་ད་ལྟར་ལྔ་ཐོག་ཅན་གྱི་གཞིས་ཀ་ཞིག་ཏུ་འགྱུར་སོང་། གོ་ཐོས་ལ་ད་དུང་ཁོས་ཁྲིན་ཏུའུ་དང་ལྷ་ས་ལ་ཡང་འདི་ལྟ་བུའི་གཞིས་ཀ་ཆེན་པོ་རེ་བརྒྱབ་ཡོད་རེད་ཟེར། རེད་ཡ། རྒན་རྒོན་རྣམས་ཀྱིས་བཤད་ཚད་ལ་ཉན་རྒྱུ་ཅི་ཡོད། ད་ཞག་སླར་ཡང་རྒན་རྒོན་རྣམས་ཀྱི་ཁྲོད་དུ་གསར་འགྱུར་གསར་པ་ཞིག་ཐོན་ཏེ། “ན་ནིང་གྲོང་གསེབ་འཛུགས་སྐྲུན་བྱེད་སྐབས། མགོ་ཁྲིད་ཀྱིས་གཞུང་དངུལ་མང་པོ་ལྐོག་ཟ་བྱས་སོང་བ་རེད།”ཅེས་ཀྱང་བཤད་ཀྱིན་འདུག་ལ། འགའ་ཞིག་གིས་ཁྲི་བརྒྱ་ཐམ་པ་ཟོས་སོང་བ་རེད་ཟེར། ཡང་འགའ་ཞིག་གིས་ཁྲི་སྟོང་ཕྲག་ཅིག་ཐམ་པ་ཟོས་སོང་བ་རེད་ཟེར་བ་སོགས་ཁུངས་ལུང་ཡོད་མེད་ཅི་རིགས་བཤད་ཀྱིན་འདུག འོན་ཀྱང་ཁ་སང་ཨ་ཁུ་མགོན་རྒྱལ་གྱིས་ “ད་ཞག་རྒྱལ་ཁབ་ཀྱི་གསར་འགྱུར་ཁག་ལ་བལྟས་ན་ནག་འཇོམས་ངན་སེལ་བྱེད་ཀྱིན་འདུག་པས། དེ་ལྟར་ལྐོག་ཟ་བྱེད་པར་དཔེ་མི་སྲིད།”ཅེས་ཧ་ལས་ཧོན་འཐོར་ནས་བཤད་ཀྱང་། ང་ཚོ་རྒན་རྒོན་གཞན་རྣམས་ཀྱིས་ “ནག་འཇོམས་ངན་སེལ་”ཞེས་པའི་ཐ་སྙད་དེ་གོ་བ་གཏན་ནས་མ་ལོན་པས། ཁུ་སིམ་མེར་ཨ་ཁུ་མགོན་རྒྱལ་གྱི་གདོང་ལ་ཅེར་རེ་བལྟས། ཁོས་ངེད་ཅག་སོམ་ཉིའི་དྲ་རུ་ཚུད་པ་ཤེས་ཏེ་སླར་ཡང་ “ནག་འཇོམས་ངན་སེལ་ཟེར་དུས། ལྐོག་ཟ་རུལ་སུངས་ཅན་གྱི་ནག་པོ་ཐམས་ཅད་འཇོམས་ངན་པ་ཐམས་ཅད་སེལ། ཟེར་བ་རེད། ”ཅེས་རྒྱུན་ལྡན་ལྟར་འགྲེལ་བཤད་བྱས། དེ་ནས་བཟུང་སྟེ་ངས་ཀྱང་མགོ་ཁྲིད་ཕག་རྡོར་ལྟ་བུའི་མི་སྤྱང་གྲུང་འཛོམས་ཤིང་ཡོན་ཏན་ལྡན་པ་ཞིག་གིས། དེ་འདྲའི་བླུན་ལས་ཚ་པོ་དེ་ལས་མི་སྲིད་སྙམ་སྟེ་ཡིད་ཆེས་བྱས།
      
      ར་རྐུན་ཐང་གི་ཐང་དཀྱིལ་ནས་ཕག་རྡོར་གྱི་རླངས་འཁོར་ལྟ་བུའི་འོད་འཚུབ་འཚུབ་འཕྲོ་བའི་རླངས་འཁོར་གཉིས་ཐད་ཀར་ངེད་ཀྱི་སྡེ་བ་ལ་ཡོང་གིན་འདུག ང་ཚོ་སྐོར་ལམ་གྱི་ཟུར་ཞིག་ལ་ངལ་གསོ་བཞིན་རླངས་འཁོར་དེ་གཉིས་སུ་ཡིན་མིན་དཔྱད་གླེང་བྱས། འགའ་ཞིག་གིས་བླ་མ་རིན་པོ་ཆེ་རྒྱ་ཡུལ་ནས་ཡར་ཕེབས་པ་ཡིན་སྲིད་ཟེར། ཡང་འགའ་ཞིག་གིས་མགོ་ཁྲིད་ཚང་ཡིན་སྲིད་ཟེར། རེད། ས་འདི་ན་ཕག་རྡོར་གྱི་གྱི་རླངས་འཁོར་ལྟ་བུའི་བརྗིད་ཉམས་ཅན་དེ་འདྲ་གཉིས་ལས་མེད་དེ། གཅིག་ནི་བླ་བྲང་ཚང་གི་རེད་ལ་གཞན་དེ་ནི་ངས་མ་བཤད་ན་ཡང་ཚང་མས་ཤེས་གསལ་རེད། ང་ཚོས་དེ་ལྟར་གླེང་མོལ་བྱེད་བཞིན་པའི་སྒང་ལ་“ཨ་མྱེས་ལྷ་སྐྱབས། ཤང་ཀྲང་གིས་མགྱོགས་པར་ཁྱིམ་ལ་ཤོག་ཟེར།”ཞེས་ཁྱིམ་མཚེས་ཚང་གི་བྱིས་པས་ཀི་འབོད་བྱས་བྱུང་བས། ངས་ད་གཟོད་དེ་རིང་གོང་རིམ་ནས་ལྟ་སྐོར་ཡོང་རྒྱུ་ཡོད་པར་དྲན་ཏེ། འཁར་བ་ལག་ཏུ་བླངས་ནས་རང་འཚམས་ཀྱི་མགྱོགས་སུ་བཏང་ནས་ཁྱིམ་ལ་རྒྱུགས། ཏག་ཏག་རླངས་འཁོར་བརྗིད་ཉམས་ཅན་གཉིས་དེ་ངའི་སྒོ་ལ་བསྡད་འདུག རླངས་འཁོར་གྱི་རྩར་དུ་ཕག་རྡོར་དང་ཁོའི་ཁ་ལོ་བ། ད་དུང་ཕག་རྡོར་ལྟ་བུའི་སྐྱེས་པ་ཞིག་དང་སྐམ་ལ་རིད་པའི་བུད་མེད་གཉིས་བཅས་ཀེར་རེར་ལངས་འདུག ངས་ཁོ་ཚོ་ཁྱིམ་དུ་བསུས་ནས་ཆུ་ཁོལ་ཤེལ་ཕོར་གང་རེ་དྲངས་ཏེ། ཁ་རྩང་ཕག་རྡོར་གྱི་ཟས་ལྷག་ཤ་སྐམ་ཤིང་གཞོང་ཕྱེད་ཀ་དེ་མདུན་དུ་བཞག སྐམ་ལ་རིད་པའི་བུད་མེད་དེས་གློ་ཁུག་ནས་འབྲི་དེབ་ཅིག་ཕྱུང་སྟེ། “ང་ཚོ་ཁུལ་དབུལ་སྐྱོར་ལས་ཁུངས་ཀྱིས་ཆེད་དུ་མངགས་པའི་དབུལ་སྐྱོར་སྐོར་ཞིབ་པ་རེད། གཤམ་དུ་ཁྱོད་ལ་དྲི་བ་འགའ་ཞིག་འདྲི་རྒྱུ་ཡོད།”ཅེས་བཤད་དེར་འབྲི་དེབ་དེའི་ཤོག་ལྷེབ་འགའ་ཞིག་ཡར་བརྫེས་ནས། འབྲོག་པས་པགས་དོར་ནང་ནས་ཤིག་འཐུ་བ་ལྟར་ཡི་གེ་ཞིག་མྱུལ་གྱིན་འདུག སྤྱིར་“ས་ཆ་གང་ཡིན་སྐད་ལས་ཡིན། ཡ་རབས་མ་རབས་སྤྱོད་པས་ཤེས། ”ཟེར་ཡང་། བུད་མེད་དེའི་སྐད་ལས་ས་ཆ་གང་ཡིན་མི་ཤེས་པ་མ་ཟད། རྒྱ་བོད་གང་ཡིན་ཡང་མ་ཤེས། “ཁྱོད་ཀྱི་མིང་ལ་ལྷ་སྐྱབས་ཟེར་བ་དང་། ད་ལོ་དགུང་ལོ་དྲུག་ཅུ་རེ་བརྒྱད། ཁྱིམ་དུ་ཁྱོད་རང་གཅིག་པུ་ལས་མེད་པ་རེད་འདུག་གཱ”ཞེས་དྲིས་བྱུང་། ངས་“རེད།”ཅེས་ལན་བཏོན་མ་ཐག་ཏུ་བུད་མེད་དེས་འབྲི་དེབ་ཀྱི་སྟེང་ལ་ཡི་གེ་རྐང་ཅིག་བྲིས་ཏེ། “ད་ལོའི་ཟླ་༣་པའི་ཚེས་༨་ཉིན་མོར། ཁྱོད་ལ་དབུལ་སྐྱོར་འཚོ་བའི་ཁ་སྣོན་དམངས་སྒོར་སྟོང་གཅིག་སྟེར་འདུག་གཱ ”ཞེས་དྲིས་བྱུང་བས། རྒྱུན་དུ་སྒོར་མོ་སྟོང་གཅིག་གཉིས་དང་བརྒྱ་སོ་ཁ་ཤས་སྟེར་དང་སྟེར་མུས་ཡིན་པས། ངས་དུས་ཚོད་གསལ་པོ་མི་དྲན་ཡང་སྟེར་ཡོད་ངེས་སྙམ་སྟེ། “སྟེར་བྱུང་སྟེར་བྱུང་།”ཞེས་ལན་ལྡོན།
 
      བུད་མེད་དེས་སླར་ཡང་འབྲི་དེབ་ཡར་བརྫེས་མར་བརྫེས་ལ་བྲེལ་བས། ངའི་ཁྱིམ་དུ་འབྲི་དེབ་ཀྱི་ཤོག་ལྡེབ་བརྫེས་པའི་ཧྲག་སྒྲ་ལས་ཅི་ཡང་མེད་པར་གྱུར་ཏེ་ཁུ་སིམ་མེར་གནས། གློ་བུར་དུ་ཕག་རྡོར་ལྟ་བུའི་སྐྱེས་པ་དེས། “ཨ་མྱེས་ཁྱོད་ལ་བཟའ་ཚང་དང་བུ་རྒྱུད་འདྲ་མེད་པ་ཨེ་རེད། ”ཅེས་དྲིས་བྱུང་། ངས་ལན་ལྡོན་གྲབས་བྱེད་དུས། ཕག་རྡོར་གྱིས། “ཡོད་མ་རེད། ཁོ་སྡེ་བ་འདིའི་ཕོ་རྐྱང་གཅིག་པུ་དེ་རེད། ”ཅེས་བཤད་འཕྲོག་བྱས། སླར་ཡང་བུད་མེད་དེས། “ད་དུང་ད་ལོའི་སྤྱི་ཟླ་༦་པའི་ཚེས་༢༡་ཉིན། ཁྱོད་ལ་རིན་མེད་དུ་གཟུགས་པོ་བརྟག་དཔྱད་བྱས་པ་དང་། ལོ་དེའི་ཟླ་༧པའི་ཚེས་༥་ལ་རྒན་གསོའི་འཚོ་བའི་རོགས་དངུལ་དམངས་སྒོར་ཁྲི་གཅིག་སྟེར་པ་རེད་འདུག་གཱ”ཟེར། ངས་གནས་ཚུལ་དེ་གཏན་ནས་བྱུང་མེད་པར་གསལ་པོར་ཤེས་ཀྱང། ཁ་སང་ཕག་རྡོར་གྱིས་“མི་དྲན་པའམ་མི་ཤེས་ན་ཡང་། སྟེར་བྱུང་སྟེར་བྱུང་ཞེས་ལན་རྒྱོབས།”ཞེས་བསླབ་བྱ་གནང་བ་ཡིད་ལ་འཁོར་ཏེ། ཕག་རྡོར་ལ་ཅེར་ཏེ། “རེད། སྟེར་བྱུང་། ”ཞེས་ལན་བརྒྱབ། འོན་ཀྱང་ཕོ་ལོར་དྲུག་ཅུ་རེ་བརྒྱད་ཀྱི་བར་དུ་གདོང་ཕར་གཏད་ཚུར་གཏད་ལ་རྫུན་ལབས་པ་ཐོག་མ་ཡིན་པས། ངའི་སྐད་ཤུགས་ཤིན་ཏུ་གཉོམ་པ་མ་ཟད། གདོང་མདོག་ཡོངས་སུ་ཤོར་ཏེ་ཚ་ལམ་ལམ་དུ་གྱུར། ངའི་གདོང་མདོག་ཤོར་བ་དང་མཉམ་དུ་ཕག་རྡོར་གྱི་ངོ་མདོག་ཀྱང་རིམ་གྱིས་འགྱུར་སོང་། ཕག་རྡོར་གྱིས་རང་ཉིད་ངོ་མདོག་ཤོར་བ་གཞན་གྱིས་མི་ཚོར་བའི་ཆེད་དུ་ཡིན་ནམ། ཡང་ན་ལྟོ་ོའདུ་ཅན་གྱིས་ཅི་ཡང་ཟ་བའི་དཔེ་རུ་སོང་བ་མི་འཚལ་ཡང་། ཤ་སྐམ་དུམ་བུ་ཞིག་ལག་ཏུ་བླངས་ནས་བཟའ་བར་བརྩམས། དུས་མཚུངས་སུ་བུད་མེད་དེས“ད་ལོའི་སྤྱི་ཟླ་༡༡་པའི་ཚེས་༡༩་ཉིན། ཁྱོད་ལ་དབུལ་པོ་ཕྱུག་བཅོས་ཀྱི་ཚོང་ལས་མ་དངུལ། དམངས་སྒོར་ཁྲི་ལྔ་སྐྱི་གཡར་བྱས་འདུག་གཱ”ཞེས་དྲིས་བྱུང་བས། ཁོ་བོ་ནི་རེ་ཞིག་ཧ་ལས་ཧོན་འཐོར་ཏེ། ཁ་ནས་“ཁྲི་ལྔ་ཨེ། ”ཞེས་ཤོར། དེ་མ་ཐག་ཏུ་བུད་མེད་དེ་དང་དེའི་ལས་རོགས་བུད་མེད་གཞན་དེ་དང་ཕག་རྡོར་ལྟ་བུའི་སྐྱེས་པ་གསུམ་ཀས། མིག་ཟུང་འབུར་ཚུགས་ཀྱིས་ཕག་རྡོར་ལ་ཅེར་ཅིང་། ཕག་རྡོར་འཚབ་འཚུབ་ཏུ་གྱུར་ཏེ་འགྲམ་ཁུག་གི་ཤ་རྡོག་ཁམ་གང་དེ་མྱུར་སྟབས་ཀྱིས་འཆའ་ལྡད་བྱེད་ཀྱིན། “ཨིན་ཧིན།”ཞེས་ངའི་ཁྱིམ་དུ་བྲག་ཅ་འཁོར་བའི་གློ་ལུ་ུ་ཞིག་བྱས་པས། ངས་ད་གཟོད་ཕག་རྡོར་གྱི་བསླབ་བྱ་དྲན་ཏེ། “འོ་སྟེར་བྱུང་སྟེར་བྱུང་།”ཞེས་ཐག་ཆོད་ཆོད་ཀྱིས་ལན་བསྐྱོན།  འོན་ཀྱང་ངའི་ལན་ཐོས་རྗེས་སྐམ་ཞིང་རིད་པའི་བུད་མེད་དེ་དང་མོའི་ལས་རོགས་གསུམ་ཕར་ལྟ་ཚུར་ལྟ་ཞིག་བྱས་ཏེ། འབྲི་དེབ་གློ་ཁུག་ཏུ་སྡུད་བཞིན་“དེ་རིང་མཚམས་འདི་གར་འཇོག་རྒྱུ་ཡིན། རྗེས་ནས་ང་ཚོ་སླར་ཡང་ཡོང་རྒྱུ་ཡིན། ”ཞེས་བཤད་ཀྱིན་གཅིག་ལངས་གཉིས་ལངས་བྱས་ཏེ་ཕྱིར་ཐོན་སོང་།
 
 
      ཞག་གིས་ཟླ་དེད། ཟླ་བས་ལོ་དེད་དེ་ཁོ་བོ་ཕོ་ལོ་བདུན་ཅུའི་སྒང་ལ་བུད་སོང་། ལོ་ངོར་འདི་དག་ཀྱང་སྔར་བཞིན་ཕག་རྡོར་དང་ཁོའི་ལས་རོགས་དག་གིས། ང་ལ་འཚོ་བའི་ཁ་སྣོན་སོགས་ཅིག་ཅིག་ཉིག་ཉིག་ཡིན་སྐད་ཀྱིས་སྒོར་རྡོག་བརྒྱ་སྟོང་འགའ་ཞིག་སྟེར་དང་སྟེར་མུས་རེད་ལ། རྫོང་དང་ཁུལ་གྱི་ལས་ཁུངས་ག་གེ་མོ་ནས་ལྟ་སྐོར་ཡོང་མཁན་སྔར་ལྟར་དུས་ངེས་མེད་དུ་ཡོང་དང་ཡོང་བཞིན་པ་རེད། ལྟ་སྐོར་གྱི་སྔོན་ལ་ཕག་རྡོར་ཡང་ངའི་ཁྱིམ་དུ་ཡོང་ནས་ཤ་སྐམ་འགྲངས་ཐག་ཆོད་པ་རེ་ཟོས་ཏེ། བྱིས་པ་ལ་ཀ་ཁ་སློབ་པ་ལྟ་བུའི་བསླབ་བྱ་ཡང་་གནངས་དང་གནང་བཞིན་པ་ཡིན་པ་མ་ཟད། ངས་ཀྱང་སྟེར་ཡོད་མེད་མི་ཤེས་པའམ་མི་དྲན་ན་ཡང་“སྟེར་བྱུང་སྟེར་བྱུང་།”ཞེས་ཐག་ཆོད་ཆོད་ཀྱིས་སྨྲ་བ་ཡང་རྒྱུན་ལྡན་ཡིན། “གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་གང་ཡང་མེད་པས་།”ལྟ་སྐོར་བྱེད་མཁན་དེ་དག་ལ་ངས་རྫུན་གང་ཞིག་སྨྲས་ཀྱང་ད་ལྟར་ངའི་ངོ་མདོག་གཏན་ནས་འགྱུར་མི་སྲིད། འོན་ཀྱང་འཇིག་རྟེན་རྒན་པོའི་གཏམ་དཔེ་ལ “ཁ་ཡིས་ཟ། རྣ་ཡིས་ཁྲེལ།”ཞེས་པའི་དཔེ་ལྟར། ཕག་རྡོར་གྱིས་སྟེར་བའི་རོགས་དངུལ་དེ་དག་ང་ལ་ཤིན་ཏུ་མཁོ་ཡང་། ལྐོག་ལྐོག་སུད་སུད་ནས་ཕག་རྡོར་གྱི་ལས་ལུགས་བཅའ་སྟངས་ལ་གཤེ་གཤེ་བྱས་པར་གྲངས་ཀྱིས་མི་ཆོད། བཛྲ་ས་ཏྭ་ཧཱཾ། ལྷག་ཏུ་དབུལ་སྐྱོར་ཁྱིམ་ཚང་ནི་ང་དང་ང་ལྟ་བུའི་བུ་ཚ་མེད་པའི་རྒན་རྒན་ནམ། ཡང་ན་བུ་རུལ་ཚ་རུལ་རེ་ཡོད་ཀྱང་སྲི་ཞུ་མི་ནུས་པས་ལོགས་སུ་བཀར་བའི་རྒན་རྒོན་རྣམས་ཡིན་པས། ངེད་ཅག་མ་གྲོས་གཅིག་མཐུན་ཏུ་སྐོར་ལམ་དུ་འཛོམས་ཡོང་ལ། ཁ་སུ་བདེ་དང་ལྕེ་སུ་རྣོ་འགྲན་གྱིན་ཕག་རྡོར་གྱིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་སྡིགས་པ་བགྲང་གིས་ག་ལ་ལོང་། དེ་རིང་ཕྱི་དྲོ་ཡང་ཨ་ཁུ་མགོན་རྒྱལ་གྱི་གཏམ་ལ་ལད་མོར་བྱས་ཏེ། ཕག་རྡོར་གྱི་བྱ་སྤྱོད་ལ་གཤེ་གཤེ་ཕྲེང་སྐོར་འགར་བསགས་བཞག
 
       “ཐག་ཐག་་་་་་་་་ཐག་ཐག་་་་་་་་། ལྷ་སྐྱབས།”མྱི་སྒྲ་ཁྱི་སྒྲ་འཇགས་ཤིང་ཁུ་སིམ་མེར་གཉིད་ལ་རོལ་བའི་ནམ་གུང་འདིར། གློ་བུར་དུ་སྒོ་བརྡུངས་ཁྱི་དཀྲོགས་བྱེད་མཁན་དེ་སུ་ཡིན་ནམ། ངས་མལ་ལས་མགོ་བོ་ཡར་བཀྱགས་ཏེ་“སུ་ཡིན།”ཞེས་འབོད་དེ། གློག་ཞུན་སྒྲོན་ཏེ་ཆུ་ཚོད་ལ་བལྟས། ཏག་ཏག་ནམ་གུང་གི་ཆུ་ཚོད་གཉིས་དང་ཕྱེད་ལ་ཟིན་མ་ཐག་རེད། “ང་ཕག་རྡོར་ཡིན་སྒོ་ཕྱེ་དང་། སྐད་ཆ་ཞིག་བཤད་རྒྱུ་ཡོད།”ཟེར། ངས་ལམ་སང་ཕྱུར་བ་གཡང་ལུགས་སུ་གྱོན་ནས་སྒོ་འབྱེད། ཕག་རྡོར་གྱི་གདོང་ལ་བྲེད་ཤ་ཞིག་ལངས་ནས་ཧོབ་ཀྱིས་ནང་དུ་འཛུལ་ཏེ། སྔོན་ཆད་ཁོ་རང་སྡོད་སའི་མལ་ཁྲི་དེའི་སྟེང་ཤབ་བེར་སྡོད། ཁོ་བསྡད་མ་ཐག་ཏུ་མལ་ཁྲིའི་ཚིགས་ཀ་གང་ཞིག་ནས་“ཙི་་་་”སྒྲ་ཞིག་སྔར་བཞིན་གྲག་ཀྱང་། ཁོས་སྔར་བཞིན་མལ་ཁྲིའི་ཙི་སྒྲ་སྣང་མེད་དུ་བསྐྱུར་ཏེ། ཧ་ཅང་ཛ་དྲག་གི་གཏམ་ཞིག་བཤད་རྒྱུ་ཡོད་པའི་ཟོལ་གྱིས། “སང་ཉིན་ཡང་བསྐྱར་ལྟ་སྐོར་ཡོང་རྒྱུ་རེད་་་་་་། ”ཁོས་གཏམ་མགོ་བླང་མ་ཐག་ཏུ་ངས་ཅི་ཞིག་བཤད་རྒྱུ་ཡོད་པ་གསལ་པོར་ཤེས་ཀྱང་མུ་མཐུད་དུ་ཉན་ཁུལ་བྱས། “ཐེངས་འདིའི་ལྟ་སྐོར་དེ་སྔོན་དང་མི་འདྲ། དེས་ན་ཁྱོད་ཀྱིས་ང་ལ་ངེས་པར་དུ་རོགས་ཤིག་བྱེད་དགོས།”ཞེས་སྨྲ་མཚམས་ཆད་དེ་ངའི་རྣམ་འགྱུར་ལ་ཅེར། ངས་ཀྱང་གློ་བུར་དུ་སྔོན་ཆད་དང་མི་འདྲ་བ་ཞིག་ཡིན་པར་ཚོར་ནས། “ང་རྒད་པོ་དུད་ཁུག་འདྲ་ཞིག་གིས། མགོ་ཁྲིད་ཆེན་པོ་ཁྱོད་ལ་རོགས་ཅི་ཞིག་བྱེད་ཐུབ།”ཅེས་ཅི་ཡང་མི་ཤེས་ཁུལ་གྱིས་དེ་ལྟར་བཤད། “དྲང་མོར་བཤད་ན། ངས་མཛུགས་སྐྲུན་བྱས་པའི་ར་རྐུན་ཐང་གི་སྤྲོ་སྐྱིད་གླེང་གའི་ཤིང་ཁང་དེ་དག དབུལ་པོ་ཕྱུག་བཅོས་ཁྱིམ་ཚང་གི་ཁང་པ་རེད། འོན་ཀྱང་ང་ཚོས་གྲོས་བསྡུར་བྱས་ནས། ད་ལྟར་དབུལ་པོ་ཕྱུག་བཅོས་ཁྱིམ་ཚང་ཐམས་ཅད་ལ་སྡོད་ཁང་སྤུས་ལེགས་རེ་ཡོད་པས། ཤིང་ཁང་འདི་དག་གིས་སྤྲོ་སྐྱིད་གླིང་ཞིག་བསྐྲུན་ཏེ། མ་འོངས་པར་ཡོང་བབས་ཚང་མ་ཁྱེད་ཚོ་ལ་སྤྲད་རྒྱུ་བྱས་པ་ཡིན། སང་ཉིན་་་་་་”ཕག་རྡོར་གྱི་རྒྱ་བཤད་རྒྱང་བཤད་ལ་སུན་པ་ཡིན་ནམ། ཡང་ན་གཉིད་སད་མ་ཐག་ཡིན་པས་རིག་པ་སངས་མ་ཐུབ་པ་གང་ཡིན་མ་འཚལ་བར། ངས་གློ་བུར་དུ་བཀྲེས་བསྐོམ་གྱིས་མནར་བའི་སེང་གེ་ཞིག་གི་ཁ་ལྟར་གླལ་སྒྱིང་ཡིད་ཚིམས་པ་ཞིག་བྱས་ཏེ། ཕག་རྡོར་ལ་ཅེར་དུས། ཁོས་བཤད་མཚམས་བཞག་ནས་འུ་ཐུག་ཐབས་ཟད་པའི་ཚུལ་གྱིས་ང་ལ་ཅེར་འདུག ངས་ཁོའི་སྐད་ཆ་ཆ་ཚང་གོ་མེད་པས།  “དེས་ན་སང་ཉིན་གང་འདྲ་བྱེད་དགོས་ཀྱིན་འདུག”ཅེས་དྲིས། ཁོས་རེ་བ་བཅོལ་བའི་རྣམ་འགྱུར་ཞིག་བསྟན་ནས།“སྤྲོ་སྐྱིད་གླིང་ག་དེ་ཁྱེད་ཅག་དབུལ་པོ་ཕྱུག་བཅོས་དག་གིས་གྲོས་འཆམ་སྟེ། ཤང་སྲིད་གཞུང་ལ་རེ་བ་བརྒྱབ་ནས་ར་རྐུན་ཐང་ལ་སྐྲུན་པ་དང་། དེའི་ནང་དུ་ཁང་པ་སྒོ་རྟགས་བདུན་པ་དེ་ཁྱོད་ཀྱི་ཁང་པ་རེད་ཅེས་ཤོད་རོགས།”ཟེར། ངའི་སེམས་སུ་ཐེངས་འདི་ནི་བྱིས་པ་ལ་ཀ་ཁ་སློབ་པ་ལྟ་བུའི་བསླབ་བྱ་གནང་བ་མིན་པ། བྱིས་པ་ཞིག་གིས་བུ་རམ་སློང་བ་དང་འདྲ་ཨང་སྙམ་སྟེ། “ངས་ཤུགས་རྒྱག་ཆོག འོན་ཀྱང་སྐད་ཆ་ཡག་པོ་བཤད་མི་ཤེས་པས། ལ་བཤད་ལུང་བཤད་མང་པོ་བྱེད་དགོས་ན། ལྷུར་འགྲིག་པོ་ཞིག་ཡོང་རྒྱུ་མ་རེད།” ཁོ་ཅུང་ཟད་ཡིད་མ་རངས་པའི་ཚུལ་གྱིས། “གལ་སྲིད་སངས་ཉིན་ཡག་པོ་ཞིག་མ་ཡོང་ན། ཁྱོད་ཚོས་ང་ལ་གནོད་སྐྱེལ་ཐུབ་པ་རེད། འོན་ཀྱང་ཁྱོད་ཚོ་ལ་ཕན་ཐོག་སྐར་གང་ཡོད་མ་རེད། གལ་སྲིད་ང་ལས་གནས་ནས་ཕུད་ཀྱང་། སླར་ཡང་ང་ལྟ་བུའི་མགོ་ཁྲིད་ཅིག་བསྐོ་བཞག་བྱེད་རྒྱུ་རེད་མ་གཏོགས། བྱང་ཆུབ་སེམས་དཔའ་ཞིག་གང་དུ་ཡང་ཁྲིད་འོང་རྒྱུ་ཡོད་མ་རེད།”ཅེས་ཁྲོ་ཡང་དགོས་ལ་སྐྲག་ཡང་དགོས་པའི་ཚུལ་གྱིས་ཧམ་བཤད་བྱས། ངའི་སེམས་སུ་རྒྱུན་དུ་ཨ་ཁུ་མགོན་རྒྱལ་གྱིས་དྲངས་དང་འདྲེན་བཞིན་པའི་ “མི་ཆེན་རྒྱུ་ལ་དགའ། བྱ་ཆེན་ཤ་ལ་དགའ།”ཞེས་པ་ཡིད་ལ་འཁོར་ཞིང་། དེ་ནས་ཁོས་བཀས་བཀོད་ཅི་ཞིག་བྱས་ཀྱང་ལགས་སོ་ལེགས་སོ་མ་གཏོགས། འགྲེལ་བཤད་ཚིག་ཅིག་བྱེད་པའི་ཡི་ག་མེད་པར་གྱུར། སེམས་སུ་“གནའ་སྔ་མོའི་ཇག་པ་མང་ཚོགས་ཀྱི་གསེབ་ཏུ་ཡོད་ཀྱང་། དུས་དེང་སང་ཇག་པ་ལས་བྱེད་པའི་གསེབ་ན་འདུག”སྙམ་སྟེ། རྒྱུན་དུ་མི་དམངས་ལ་ཞབས་འདེབས་ཞུ་མཁན་དུ་ཁས་འཆེ་བའི་ཕག་རྡོར་དང་ཕག་རྡོར་ལྟ་བུའི་དག་ནི། མི་དམངས་ཀྱི་མནར་གཅོད་གཏོང་མཁན་ཅི་ལ་མིན་སྙམ་སྟེ། ཁོའི་བཀས་བཀོད་ལ་རྣ་བླགས་ཏེ་ཁུ་སིམ་མེར་བསྡད།
 
      “རྒད་པོ་ལྷ་སྐྱབས་ལགས། ཁམས་བཟང་། ཁོང་ནི་ཞིང་ཆེན་དབུལ་སྐྱོར་ལས་ཁུངས་ཀྱི་ཀྲུའུ་རེན་རེད། ”ཅེས་རྒྱ་རྒན་དེས་ང་ལ་ལག་པ་བསྲིང་ནས་རྒྱ་སྐད་ཅིག་བཤད་རྗེས། ལམ་སང་བོད་གོས་ཁྲ་ཁྲ་གྱོན་པའི་གཞོན་ནུ་མ་དེས། དེ་ལྟར་ང་ལ་སྐད་བསྒྱུར་དང་མཚམས་སྦྱོར་གང་ཡིན་མ་ཤེས་པའི་སྐད་ཆ་དེ་བཤད། ངས་གློ་བུར་དུ་དྲན་པ་རྙེད་པ་ལྟར། “འོ་བཟང་བཟང་།”ཞེས་ལག་ཟུང་གིས་རྒྱ་རྒན་གྱི་ལག་མགོར་འཐོམ། དེ་ནས་རྒྱ་རྒན་དེས་ཤུར་ཤུར་དུ་རྒྱ་སྐད་རེ་བཤད་པ་ན། བུ་མོ་དེས་ང་ལ་རྒྱ་མི་ཞིག་གིས་བོད་སྐད་བཤད་པ་ལྟར་སྐད་བསྒྱུར་བྱས། མདོར་དོན་ཧྲིལ་གྱིས་དྲིལ་ན། ཁོ་ཚོ་ཡང་སྔར་ལྟར་ལྟ་སྐོར་བྱེད་མཁན་ཞིག་ཡིན་པ་དང་། སྔར་ལྟར་རོགས་དངུལ་དང་རོགས་དངོས་ཅིག་ཅིག་ཉིས་ཉིས་སྟེར་ཨེ་བྱུང་ཞེས་འདྲི་རྒྱུ་རེད་འདུག ང་ཚོ་དྲི་བ་དྲིས་ལན་བྱེད་ཀྱིན་བྱེད་ཀྱིན་ཁང་པ་སྐོར་ནས་དྲིས་བྱུང་བས། ངས་མདང་ནུབ་ཕག་རྡོར་གྱི་རེ་བ་ལྟར་ལན་ལྡོན་པ་ཡིན། ཁོ་ཚོས་རིམ་གྱིས་ཤིང་ཁང་ལྟ་སྐོར་དུ་འགྲོ་དགོས་ཟེར་བས། ངེད་ཅག་ར་རྐུན་ཐང་གི་སྤྲོ་སྐྱིད་གླེང་གར་སོང་། དེ་གར་སྡེ་བ་ཡར་མར་གྱི་དབུལ་པོ་ཕྱུག་བཅོས་ཕལ་ཆེར་འཛོམས་འདུག རྒྱ་རྒན་གྱིས་“སྤྲོ་སྐྱིད་གླེང་ག་ནས་ལོ་རེར་ཡོང་བབས་ག་ཚད་འདུག གླིང་ག་སྐྲུན་ནས་ལོ་གཅིག་ཙམ་འགོ་ཟིན་པས། དེ་སྔོན་གྱི་ཡོང་བབས་བགོ་བཤའ་བརྒྱབ་ཡོད་དམ།”ཟེར། གློ་བུར་དུ་ཨ་ཁུ་མགོན་རྒྱལ་གྱིས་“བགོས་བཞག ལོ་གཅིག་ལ་ཁྱོན་བསྡམས་ཁྲི་སུམ་བཅུ་དང་། མ་དངུལ་ཕུད་རྗེས་དུད་ཚང་རེ་ལ་ཁྲི་གཅིག་དང་གཉིས་སྟོང་རེ་ཐོབ་འདུག་ལགས།”ཞེས་ཞབས་ཞབས་གུས་གུས་ཀྱིས་ལན་ལྡོན། ཏག་ཏག་མདང་དགོང་ཕག་རྡོར་གྱིས་ཁོ་ལ་དགྲ་་བཞིན་སྡང་བའི་ཨ་ཁུ་མགོན་རྒྱལ་ཡང་བཀའ་ཕབ་ཡོད་པ་འདྲ། རྒྱ་རྒན་གྱིས་ཨ་ཁུ་མགོན་རྒྱལ་གྱི་སྐད་ཆ་ཐོས་རྗེས་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་བྱས་ཏེ། ཕག་རྡོར་བརྡ་བཏང་ནས་ཁོའི་རྣ་རྩར་ལ་ཤུར་ཤུར་དུ་ཅི་ཞིག་བཤད་པས། ཕག་རྡོར་གྱིས་ཁ་ཚུར་བསྐོར་ནས། “སང་ཉིན་ཀྲུའུ་རེན་ཤང་ལ་བཞུགས་རྒྱུ་རེད། དེས་ན་ཁྱེད་ཚོ་ལ་རེ་བ་དང་བསམ་འཆར་ཅི་ཡོད་ན་ཞུ་ཆོག་ཟེར།”ཞེས་སྐད་གསང་མཐོ་རུ་བཏེགས་ནས་འབོད།
 
      གོ་ཐོས་ལ་གཡང་ལུང་སྡེ་བའི་མ་རྒན་ཚེ་སྒྲོན་གྱིས། ཕག་རྡོར་གྱིས་ལོ་ངོ་དུ་མའི་རིང་ལ་མོའི་རོགས་དངུལ་སྐར་གང་སྟེར་མ་བྱུང་ཞེས་ཀྲུའུ་རེན་ལ་ཞུས་སྐད། གང་ལྟར་ཀྲུའུ་རེན་ཕྱིར་ལོག་ནས་ཟླ་གཅིག་ལས་འགོར་མེད་ཀྱང་། ཕག་རྡོར་གོ་གནས་བརྗེ་བསྐོས་བྱེད་རྒྱུ་ཡིན་འདུག “ཨ་མྱེས་ལྷ་སྐྱབས། ཤང་ཀྲང་ལ་དར་དཀར་སྐོན་དུ་འགྲོ་ཨེ་རེད། རྗེས་སུ་ལུས་ན་སང་ཉིན་སྡེ་དཔོན་གྱིས་ཆད་པ་གཅད་སྲིད། ”ཁྱིམ་མཚེས་ཚང་གི་མག་པས་དེ་ལྟར་འབོད་བྱུང་བས། ང་ཁོའི་འཕྲུལ་རྟའི་འཕོ་ལ་ཞོན་ནས་ཤང་སྲིད་གཞུང་དུ་སོང་། ཤང་སྲིད་གཞུང་གི་སྒོ་ཁ་ལ་སྡེ་བ་ཡར་མར་གྱི་མི་རྣམས་སྔར་ནས་འདུས་ཤིང་། ལག་ཏུ་ཁ་བཏགས་རེ་བསྣམས་ནས་ཕག་རྡོར་གྱི་རྩར་ལ་བཅར་བཞིན་འདུག་ལ། ཁོ་བོ་འཕྲུལ་རྟ་ལས་བབས་ནས་ཤང་སྲིད་གཞུང་གི་སྒོ་ཆེན་ནང་འཛུལ་དུས། ཏག་ཏག་མི་ཚོགས་ཀྱིས་མཐའ་ནས་བསྐོར་བའི་དབུས་སུ། ཕག་རྡོར་འཛུམ་ཤིག་ཤིག་འགྲེང་འདུག་པ་མ་ཟད། ཁོའི་སྐེ་ལ་ཁ་བཏགས་དཀར་སེར་དམར་ལྫང་གིས་འཇིང་བ་དང་རྣ་ཅོག་ཡང་དཀྲིས་འདུག དེ་ནི་བལྟས་ཀྱིན་བལྟས་ཀྱིན་གངས་སེང་དཀར་མོའི་གཡུ་རལ་དང་མཚུངས་ལ། ཕྱུག་བདག་ཅིག་ཚང་གི་བག་གསར་མ་ལ་ཁ་བཏགས་སྒྲོན་པ་དང་ཡང་མཚུངས། ཁོ་བོས་ཀྱང་ཁ་བཏགས་རུམ་ནས་བཏོན་ཏེ་མི་ཚོགས་ཀྱི་གསེབ་ལ་འཚང་དུས། ད་གཟོད་མི་རྣམས་ཀྱི་ཅ་ཅོའི་སྐད་ཆ་དག་སྒྲ་དག་ལ་སྒྲོས་གཙང་མར་ཐོས། “མགོ་ཁྲིད་དམ་པ་ཁོང་གིས་ལོ་ངོ་བཅུ་ཐམ་པ། ང་ཚོའི་ཤང་གི་ཤང་ཀྲང་བྱེད་པའི་རིང་ལ། ང་ཚོ་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་རེད། བསོད་ཟད་ང་ཚོ། ཁོང་འདི་ལྟར་གློ་བུར་དུ་བརྗེ་འགྲོ་བ་ཡིད་ཀྱི་གཏིང་ལ་མ་དྲན། འུན་འུན་་་་་་།”དེ་ནི་སྡེ་དཔོན་བཀྲ་ཤིས་རྡོ་རྗེ་རེད། ཁོས་ངུ་གསིག་བྱེད་ཀྱིན་ཕག་རྡོར་གྱི་སྐེ་ལ་འཐོམ། དྲང་མོར་བཤད་ན་ཁོའི་ཕ་མ་ཚེ་ལས་འདས་དུས་ཀྱང་འདི་ལྟར་ངུ་མྱོང་། “མགོ་ཁྲིད་དྲིན་ཆེན་ཁྱོད། ང་ཚོས་ཁྱོད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། ”དེ་ནི་རྒྱུན་དུ་སྐོར་ལམ་ནས་ཕག་རྡོར་ལ་གཤེ་གཤེ་གཏོང་མཁན་རྒན་མོ་ཚེ་རིང་ལྷ་མོ་རེད། དེ་ལྟར་མི་རྣམས་ཀྱིས་ཕག་རྡོར་གྱིས་འཇོན་རབས་ཐོན་རབས་དང་བཀའ་དྲིན་ཆེ་རབས་བཤད་ཀྱིན་ཁ་བཏགས་སྒྲོན། ངའི་སེམས་སུ་“རྐུན་མ་ལ་དཔར་དར། སྤྱང་ཀི་ལ་སྣ་ཚར།”ཞེས་པའི་དཔེ་ནི་ཇི་འདྲ་བདེན་ཨང་སྙམ་ཡང་། ཐད་ཀར་ཕག་རྡོར་གྱི་རྩར་བཅར་ནས་ཁ་བཏགས་དེ་སྐེ་ལ་བསྐྱོན་ཏེ། ཁ་སྟོང་མ་བྱུང་ཙམ་ལ་“བྱ་བ་ལམ་འགྲོ་ཡོང་བར་ཤོག”ཅེས་སྨྲས། ཁོས་ངའི་ལག་མགོ་ནས་བཟུང་སྟེ། “རྗེས་མར་རོགས་རམ་ཅི་ཞིག་དགོས་ན་ང་ལ་ཟེར་ཤོག”ཟེར།  ངས་འཐད་པའི་བརྡ་ལ་མགོ་བོ་ལྡེམ་གྱིན་ཁོའི་ལུས་ཀྱི་མགོ་མཇུག་ཐམས་ཅད་ལ་མིག་མྱུལ་ཞིག་ཤོར། ཁ་བཏགས་ཀྱིས་ཁོའི་སྐེ་ལ་སེང་གེའི་གཡུ་རལ་ལྟར་དཔྱངས་ཀྱང་། ཁ་བཏགས་ཀྱི་སྣེ་མོས་ད་དུང་ཁོའི་བཙའ་ལ་རན་པའི་སྦྲུམ་མའི་ལྟོ་བ་ལྟ་བུའི་ལྟོ་བ་དེ་གཡོགས་ཐུབ་མི་འདུག ངས་ལྷང་ལ་བུད་པའི་ཁོའི་ལྟོ་བ་དེ་མཐོང་མ་ཐག། “་སྦོས་ནས་འགད་ལ་རན་པའི་ལྟོ་བ་འདིའི་ནང་དུ། ང་ཚོའི་རོགས་དངུལ་ག་ཚད་ཧམ་བཟའ་བྱས་ཡོད་ཨང་།”སྙམ་སྟེ་ཁོང་ཁྲོ་ཞིག་སྐྱེས་ཀྱང་། ཁོག་ནས་མེ་འབར་ཡང་། ཁ་ནས་དུ་བ་མི་འཕྱུར་བའི་དཔེ་ལྟར་ཅི་ཡང་མ་སྨྲས་པར་ཁོའི་ལག་པ་བཏང་ནས་མི་ཚོགས་ཀྱི་གསེབ་ཏུ་འཛུལ།    
     
      ནམ་མཁའ་གཡའ་དག་ཅིང་སྤྲིན་གྱི་ཕུང་པོ་ཚོམ་བུ་དང་ཚོམ་བུ་བྱས་ཏེ། ནམ་མཁའི་མཐོངས་སུ་དབྱིབས་མི་གཅིག་པའི་ཤེལ་ཏོག་བཞིན་དཔྱངས་འདུག དེ་རིང་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཡིན་པས། བདུད་འདུལ་མཆོད་རྟེན་གྱི་སྐོར་ལམ་དུ་རྒན་གཞོན་རིས་སུ་མ་ཆད་པ་འཚང་ཁ་ཤིག་ཤིག་སྐོར་བ་རྒྱག་གིན་འདུག ཁོ་བོས་ནམ་ལངས་ནས་ནས་ད་བར་ངལ་མ་གསོས་པར་སྐོར་བར་བརྒྱབ་པས། གློ་བུར་དུ་པུས་མགོ་ནས་ན་ཟུག་ཅིག་ལྡང་སྟེ། གང་ཞིག་ལ་ཨོང་མདོ་བཙུགས་ཏེ་རྐང་པ་ཤེད་ཤེད་རྒྱངས་རྒྱངས་ཤིག་བྱེད་སྙིང་འདོད། གཡས་ལྟ་གཡོན་ལྟ་ཞིག་བྱེད་དུས། ཏག་ཏག་ཨ་ཁུ་མགོན་རྒྱལ་དང་ཕོ་སར་ཞིག་མདུན་ཕྱོགས་སུ་ངལ་གསོས་པར་མཐོང་། “ཨ་རུ་རུ་་་། ངའི་པུས་མགོ་དེ།”ངས་ན་སྐད་འདོན་བཞིན་ཨ་ཁུ་མགོན་རྒྱལ་གྱི་རྩར་ལ་བསྡད། “ཨ་མྱེ་ལྷ་སྐྱབས། ཆོས་སྒྲུབ་དུས་བྲེལ་འཚུབ་བྱེད་ནས་ཅི་བྱེད། ལུས་པོ་བདག་སྐྱོང་བྱེད་རྒྱུ་དེ་ཡང་ཆོས་རེད།” གསེར་རྟ་སྒར་ནས་སློབ་སྦྱོང་ལོ་མང་པོར་བྱས་པའི་གྲྭ་ལོག་རྟ་མགྲིན་གྱིས་དེ་ལྟར་བཤད་ཀྱང་། ཁོ་ལ་ཟད་རྒྱུ་དེང་རྒྱུ་མེད་པའི་གནས་ལུགས་རེ་བཤད་རྒྱུ་ཡོད་པས། ངས་ཁོ་ལ་ལན་ཅི་ཡང་མ་བཏབ། ཨ་ཁུ་མགོན་རྒྱལ་གྱིས་ངའི་རྐང་པ་ལ་ཅེར་ཏེ“མ་གཞིར་མི་རྒན་དུས་ས་ཁང་ནང་དུ་འདུག་ཉན་མ་རེད། གྲང་ནད་ཀྱི་ཟིན་ཡོང་རེད། ཤིང་ཁང་ཞིག་ཡོད་ན་ཅི་མ་རུང་། མ་མ་མ་མ་།”ངས་དགོད་ཁ་ཞིག་ཤོར་ཏེ། “མགོ་ཁྲིད་དྲིན་ཆེན་དེ་མིན་ན། ཤིང་ཁང་ཆུང་ཆུང་ཞིག་ཡོད་ཆོག་ཆོག་ཡིན་ཟིག ”ངའི་སྐད་ཆ་ཐོས་མ་ཐག་ཏུ། ཨ་ཁུ་མགོན་རྒྱལ་གྱིས། “ད་ནི་ངོ་མར་ལས་རྒྱུ་འབྲས་ཟེར་བ་ཞིག་མི་འདུག ཁོ་ད་དུང་རྫོང་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ལ་བཞག་འདུག་ཟེར།”ཞེས་ཧ་ལས་ཧོན་འཐོར་ནས་བཤད། དེ་ནི་ངས་སྔ་མོ་ནས་གོ་ཡོད་པས་ལན་ཅི་ཞིག་འདོན་དགོས་མ་ཤེས་པས། ཁུ་སིམ་མེར་མ་ཎི་བགྲང་། ངེད་གཉིས་ཀྱི་འཁྲིས་སུ་ཡོད་པའི་གྲྭ་ལོག་རྟ་མགྲིན་གྱིས་ཁ་པར་ལ་ཅེར་ནས་གློ་བུར་དུ། “འདི་ན་ནིང་འདི་གར་ཕེབས་པའི་ཞིང་ཆེན་གྱི་དབུལ་སྐྱོར་ཀྲུའུ་རེན་དེ་མ་ཡིན་ནམ།”ཟེར་གྱིན་ཁ་པར་ངའི་ཕྱོགས་སུ་བསྲིངས། རེད། རྒྱ་རྒན་དེས་བཙོན་ལྭ་སེར་པོ་ཞིག་གྱོན་ཏེ་དམག་མི་གཉིས་ཀྱི་དབུས་སུའགྲེང་ཞིང་། ལག་པ་གཉིས་ལ་ལག་ལྕགས་ཀྱིས་དམ་པོར་སྒྲོག་ནས་གདོང་ལ་སྐྱོ་ཉམས་སྟུག་པོ་ཞིག་མངོན་འདུག “རེད་འདུག ཁོ་ལ་ཅི་ཞིག་བྱུང་བ་ཡིན་ནམ།”ཞེས་དྲིས། གྲྭ་ལོག་རྟ་མགྲིན་འཚར་སྣང་ཞིག་སྐྱེས་ཏེ། “ཁོས་སྔ་ཕྱི་དམངས་སྒོར་དུང་ཕྱུར་གསུམ་ཐམ་པ་ལྐོག་རྔན་བླངས་ཟིག མི་ལོ་ཉེར་ལྔ་ཐམ་པ་ཁྲིམས་ཐག་བཅད་འདུག”ཟེར། ཡང་ཁོས། “ཧྥང་ཏན་སློབ་ཆེན་གྱི་དགེ་རྒན་ཞིག་གི་སྐད་ཆ་ཞིག་ན་ནིང་མཐོང། ངོ་མར་བདེན་འདུག ཁོས་ཟེར་ན། ད་ལྟའི་སློབ་གྲྭའི་སློབ་གསོ་དེ་ནོར་འདུག་ཟེར། ད་ལྟར་སློབ་གྲྭ་ཆེན་པོ་ནས་ཐོན་པའི་ཕུལ་བྱུང་སློབ་མ་རྣམས་ཀྱིས། གཞོན་དུས་སློབ་སྦྱོང་ཡག་ཅིང་། དར་མའི་དུས་སུ་ལས་ཀ་ཡང་ཡག་པོ་ལོན་པ་མ་ཟད། ལས་ཀ་ཞུགས་ནས་ཡུན་རིང་མ་འགོར་བ་ལས་ཁུངས་སོ་སོའི་མགོ་ཁྲིད་ཀྱི་གོ་གནས་ཤ་སྟག་ལ་བསྡད་འདུག་ཟེར། འོན་ཀྱང་ལོ་ངོ་བཞི་བཅུ་ལྔ་བཅུ་ལ་སོན་དུས། ཕལ་མོ་ཆེར་བཙོན་་དོང་ནང་དུ་འཛུལ་མཁན་ཤ་སྟག་རེད་ཟེར། འདིས་ང་ཚོའི་སློབ་གྲྭའི་སློབ་གསོའི་ནང་དུ་གཞན་ཕན་དང་བྱམས་བརྩེའི་སློབ་གསོ་མེད་པའི་སྐྱོན་རེད་ཟེར། དེ་ལྟར་བཤད་འདུག”ཅེས་ངར་ངར་ཤུགས་ཤུགས་ཀྱིས་དབུགས་ཐེངས་གཅིག་ལ་བཤད་ཀྱང་། ངས་ནི་ཕྱེད་གོ་ལ་ཕྱེད་མ་གོ་བས་མགོ་འཐོམ་པར་གྱུར། ཨ་ཁུ་མགོན་རྒྱལ་གྱིས་མིག་ཟུང་རྒྱང་རིང་གི་མཁའ་མཐར་ཅེར་ནས། གནས་ལུགས་ཟབ་མོ་ཞིག་ལ་བསམ་གཞིག་གཏོང་བཞིན་པའི་རྣམ་འགྱུར་ཞིག་མངོན་ཏེ། “འདི་ནི་བོད་ཀྱི་གཏམ་དཔེ་ལ། ཁྲ་ཆུང་མིག་གིས་རྒྱུ་རིག་ན། གངས་དཀར་སེམས་ལ་འདྲེ་ཞུགས། ཞེས་པ་དེ་རེད། ”ཅེས་ཟེར་རོ།། །།

                             རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease