ང་རང་རྩོམ་པ་པོ་ཞིག་ཏུ་འགྱུར་དོན།

    འཁོར་ལོ་སྐྱབས།


ང་རང་རྩོམ་པ་པོ་ཞིག་ཏུ་འགྱུར་དོན།
 
             འཁོར་ལོ་སྐྱབས།  དཀར་མཛེས།
1
 
           ལོ་དེ་ནས་བཟུང་།   ངས་ཐ་སྙད་ཅི་རིགས་ཀྱིས་ཚོམ་བུ་བཅས་ནས་སྙན་པ་དང་མི་སྙན་པ་མཐའ་དག་འབྲི་དེབ་ངོས་སུ་ཕབ་པ་ཡིན།  མཐའ་མར་ལོ་དེ་དམིགས་བསལ་གྱི་ལོ་ཞིག་ཏུ་ཆགས་སོང་།  ངའི་པུར་མིང་ལ་གེ་ཐར་དང་།  དངོས་མིང་ལ་སྐྱག་ཁ་དང་འཁོར་ལོ་སོགས་འབོད་སྟངས་ཅི་རིགས་ཡོད།  ང་ལ་མཚོན་ན་དམིགས་བསལ་བ་རེ་ཟུང་གིས་སྐྱག་ཁ་ཞེས་གཅེས་མིང་འབོད་པ་ཙམ་ལས་རྒྱུན་ལྡན་བཀོལ་སྤྱོད་མེད།
 
          འུར་ཟིང་དང་རྡུལ་མ། ཡང་ན་ཁེར་རྐྱང་དང་ཁུ་སིམ་རེ་རེའི་ཀློང་ནས་ཁྱོད་ཀྱི་གཟུགས་གཞི་རྙེད་ཐུབ་རྒྱུ་ནི་ནམ་མཁའ་ནས་བྱ་གཉིས་ཀྱི་གཤོག་པ་འཕྲད་རྒྱུ་ལས་ཀྱང་ཁག   ང་དེ་སྔ་གསེར་ལུང་སྡེ་བའི་ལུང་མདོ་རུ་བུད་པ་ཉུང་ཉུང་ཡིན།    ལྷག་ཏུ་རྫོང་དང་ཁུལ་གཞན་ལ་མང་པོ་འགྲོ་རྒྱུ་གོམས་མེད། ད་ཐེངས་དོན་གོ་རེ་ཨེ་ཆོད་སྙམ་ནས་ལ་ལུང་རེ་ཟུང་གི་དཔག་ཚད་དང་རིང་ཚད་བརྒལ་ནས་འོང་བ་ཡིན། ལོ་དེ་ནས་བཟུང་།   གསེར་ལུང་སྡེ་བ་ནི་ངའི་དྲན་གདུང་གི་ན་བུན་སྟུག་པོ་རུ་གྱུར།   
   “ཁྱོད་སློབ་གྲྭ་འདི་རུ་འོང་དོན་ཅི་ཡིན།”
   “ང་བོད་ཡིག་སྦྱོང་དུ་ཡོང་བ་ཡིན་ལགས”ཞེས་མིང་ཐོ་འགོད་མཁན་གྱི་དགེ་རྒན་དེའི་དྲི་བར་ངས་ལན་སྟབས་བདེ་ཞིག་བཏབ།
 
       ལོ་དེར།   ཤིན་ཏུ་འཁྱག་མྱོང་།   ཤིན་ཏུ་འཁྱག་པའི་ཁ་བའི་འདབ་མ་རེ་རེས་ཡུལ་གྱི་དྲན་གདུང་གི་ཤ་ཚིལ་ག་ལེར་སྒུལ་ཡོང་།  
ལོ་དེར།   སྔོ་ལྗང་ལྗང་གི་དབྱུག་འཛིན་བུ་མོར་དལ་བ་དལ་བུར་སྐྱ་ཐང་ཐིང་གི་སྐྱ་རྩིས་བྱུགས་དུས།   ཨུ་ཚུགས་ཀྱིས་འགྱིང་བའི་དགུན་ཟླ་འདིས་ང་རང་ཡུལ་དུ་སླེབས་པར་ཐག་ཉེ་རུ་བཏང་བ་དང་འདྲ།    ཡང་ན་དེ་ནི་དངོས་ཡོད་ཀྱི་དོན་དག་ཅིག་ཀྱང་རེད།
 
2
 
        2019ལོའི་ཟླ9བར།  ངས་ཀྱང་སྔར་ལྟར་སློབ་གྲྭའི་སྒོ་ཐེམ་ལ་གོམ་པ་སྤོས་བ་ཡིན། ལོ་དེར་ང་རང་གསར་དུ་མཐོ་གཉིས་ཀྱི་སློབ་མའི་གྲས་སུ་གྱུར་བ་ཡིན།  མིང་དེ་ངར་མཚོན་ན་མི་ཐེག་པའི་ཁུར་བོ་ལྗིད་མོ་ཞིག་ཀྱང་རེད།  
        
2019ལོའི་ཟླ9བར།    སྔོན་མའི་ལོར་ང་ཚོ་སློབ་མ་གསར་བ་དག་ལ་མིང་ཐོ་བཀོད་པ་བཞིན་དུ་ད་ལོ་ཡང་སྔར་ལྟར་སློབ་གསར་མང་པོ་བསུས་པ་དང་སློབ་གསར་མང་པོ་སླེབས་བྱུང་།   ཡོད་ཚད་ངོ་མི་ཤེས་པའི་སློབ་གསར་དེ་དག་མང་ཆེ་བ་ཧ་ཅང་ཁ་ཁུ་སིམ་པོ་རེད།   ཡིན་ནའང་།   མཐོ་གཉིས་དང་མཐོ་གསུམ་གྱི་སློབ་གྲོགས་རྙིང་བ་ཚོའི་མགོ་ཐོག་གི་ཉི་མ་ཇེ་གསལ་དུ་སོང་བ་དང་འདྲ།   
 
 
3
 
      སློབ་མགོ་དབུ་ཚུགས་ཤིང་སློབ་ཁྲིད་བྱས་ནས་ཟླ་ངོ་གཅིག་ཙམ་གྱི་རྗེས་སུ།    སློབ་གྲྭས་སྟོན་དུས་སློབ་མགོ་བསུ་བའི་ལག་རྩེད་སྤོ་ལོ་འགྲན་བསྡུར་ཞིག་སྤེལ་ཞིང་།  འུར་ཟིང་དང་འཚང་ཁ་དེའི་བར་གསེང་ནས་ངས་སྙིང་ཉེ་བའི་བུ་མོ་ཞིག་གི་ངོ་གདོང་མཐོང་།   ལྷིང་འཇགས་དེས་མི་སེམས་ཀྱི་དགའ་སྐྱོ་རྨང་ནས་སྒུལ་བར་བྱེད།   ཡིན་ཡང་།   ཉིན་དེར།  ངས་ལས་གཞི་དངོས་མ་གཏོགས་ཞ་ཞོར་གྱི་བྱ་བ་དག་ཙག་ཙིག་གི་ངང་ནས་བསྐྱུར་ཏེ་ཡུན་རིང་བོར་དེ་ལ་གཡེང་དུ་མ་བཅུག     ལན་རེར་ཅི་ཡང་མི་སྨྲ་བའི་ངོ་གདོང་ཆ་མེད་དེ་རིག་སར་བུད་ཡོང་ལ།  ལན་རེར་ཕག་ཏུ་ཡིབ་འགྲོ།  
 
        ཟླ་བཅུ་བའི་རྨ་ཆུའི་ཁུགས་པ་འདིའི་གནམ་གཤིས་འགྱུར་ལྡོག་དེ་ཡེ་ནས་བརྟན་ཚུགས་སུ་མི་སྣང་སྟེ།   ཉིན་ཧྲིལ་བོའི་ཐུན་གསུམ་གྱི་དུས་ཚོད་ལ་གཞིགས་པ་ལྟར་རེ་ཞིག་དྲོ་ལ་རེ་ཞིག་འཁྱག      འཁྱག་དྲགས་དུས།   ཁྲོམ་སྲང་གི་མི་ཚོགས་ལར་ནས་ཉུང་བའི་ཁར་དེ་བས་ཀྱང་ཇེ་དཀོན་ཏུ་ཕྱིན་འགྲོ།
 
       ས་འདིའི་དུས་ཕྱིས་ཀྱི་གནམ་གཤིས་དང་།   བཅའ་སྡོད་བྱེད་ཡུན་རིང་བ་བཅས་ལ་བསམས་ནས།   ང་ཚོའི་སློབ་གྲྭར་མལ་ཁང་རང་ལ་དབང་བའི་ལྕགས་ཐབ་རེ་བཀོལ་སྤྱོད་བྱེད་རྒྱུ་ཡོད་ཅིང་།  དེ་རུ་འབུད་པའི་རྡོ་སོལ་ལ་གོང་ནས་མཐུན་རྐྱེན་བསྐྲུན་ཞིང་འོག་ནས་ལས་ཚེགས་རྒྱག་དགོས་པ་ལ།   ཉིན་ཞིག་ལ།   རྡོ་སོལ་ཡར་སྐྱེལ་མར་འདྲུད་བྱེད་དགོས་བྱུང་ཞིང་།    ངས་ཡང་བསྐྱར་ཐེངས་སྔོན་མར་མི་ཚོགས་ཀྱི་འུར་ཟིང་དང་འཚང་ཁའི་ཀློང་ནས་མཐོང་བའི་བུ་མོ་དེ་རིག་བྱུང་།   ཁོ་མོས་ལུས་སུ་ལྭ་ཐུང་སྔོན་པོ་ཞིག་གྱོན་ཞིང་།   སྐུད་ཞྭ་ཞིག་གྱོན་ཡོད་པ་ངས་ད་དུང་དངོས་གནས་བརྗེད་ཀྱི་མི་འདུག

4
 
      “ང་ལ་འཕྲིན་ཞིག་སྦྱིན་རོགས་བྱོས”ཞེས་ཕ་ཡུལནཅོ་ནེ་ནས་ཡིན་པའི་མལ་གྲོགས་གསར་བ་དེར་ངས་རེ་བ་ཞུས།   ཁོས་ཀྱང་དེ་འཕྲལ་དུ་ང་ཡི་གཞན་བརྟེན་གྱི་མིག་མདངས་གཉོམ་པོ་ངོས་ཟིན་པ་དང་འདྲ་བར།   ང་ལ་སྦྱིན་རོགས་བྱེད་རྒྱུ་ཁས་བླངས།  འོ།   འདི་རུ་ལབ་རྒྱུ་བརྗེད་སོང་བ་ལས།    མལ་གྲོགས་གསར་བུ་དེ་དང་བུ་མོ་དེ་འཛིན་གྲོགས་ཡིན།
      ཡུན་གྱིས་འགོར་རྗེས།   ཁོ་བོའི་སྤོབས་སེམས་ཞི་བ་དང་གཅིག    ལེ་ལོ་སྒྱིད་ལུག་བདོ་བ་སོགས་རྐྱེན་བྱས་ཏེ་གློ་བུར་དུ་དགུན་གནང་བཏང་སོང་བས།   ང་ལའང་འཕྲིན་ཞིག་སྐུར་རྒྱུའི་གླགས་ཡེ་ནས་མ་བྱུང་།
     ཉིན་དེ་ནས་བཟུང་།    ངས་ཁོ་མོ་ཟླ་བ་དུ་མར་མཐོང་མ་ཐུབ།   ཁོ་མོའི་ཕ་ཡུལ་དང་རུས་མིང་ནི་ཁ་ནས་ཁ་བརྒྱུད་དེ་ཡིན་པ་ཙམ་ངོས་ཟིན་པ་བྱུང་སོང་།   ད་ནི་དགུན་གནང་གི་གོ་སྐབས་དང་བསྟུན་ནས་དྲྭ་ལམ་ནས་འབྲེལ་བ་ཞིག་བཙུགས་དགོས་སྙམ་དེ་ལ་མོར་ཕ་ཡུལ་ཕྱོགས་སུ་བསྐྱོད་པ་ཡིན།

5
 
       སེང་གེ་ཆུང་བ་ངེད་གཉིས་སློབ་སྐབས་དང་པོ་ནས་ངོ་ཤེས་སུ་ཆགས་ཤིང་།  ངེད་གཉིས་ཀྱི་དགའ་ཕྱོགས་གཙོ་ཤོས་གཅིག་མཐུན་ཡིན་པས་ཚོགས་པ་གཅིག་ཏུ་གྱུར་ནས་ཕན་ཚུན་གྱི་འབྲེལ་བ་མི་དམན་པའི་ཚད་དུ་སླེབས་ཡོད།   ཁོའང་ངས་ཞེན་མདངས་ཀྱི་མིག་ཟུར་ནང་ལུས་པའི་བུ་མོ་དེ་དང་འཛིན་གྲོགས་ཡིན།  ངས་ཁོ་སྤྱད་ནས་ཁོ་མོའི་འཕྲིན་ཕྲན་རྙེད་ཐབས་བྱས་པ་ཡིན།  
     “ཨ་རོ།   ང་སོའུ་ཧྥེ་ཡྰ་ཡི་འཕྲིན་ཕྲན་ཞིག་སྐུར་རོགས”།
     “ཡ་ཡ།   གསལ་བོ་ཞིག་ངོས་ཟིན་མི་འདུག   ང་ཚོའི་འཛིན་གྲྭར་མོའི་མིང་དང་འདྲ་བའི་བུ་མོ་གཉིས་ཡོད།   ཆེ་བ་དང་ཆུང་བ་གཉིས་ཀའི་སུ་ཟེར་བ་ཡིན”།
     “འོ་ཡ་ཡ།   ངས་ཁྱུང་མཆུའི་བུ་མོ་དེ་བཤད་པ་ཡིན།   ཁྱོད་ཀྱིས་ང་ལ་སྐུར་ན་ཆོག་གམ”ཞེས་རེ་བ་བཏོན།
      “ཡ་ཡ།   རེ་མ་སྐུར་ཡོང”ཞེས་ཁོས་ང་ལ་བུ་མོ་དེའི་དྲྭ་སྐུར་བྱུང་།    དེ་ནི་ཤིན་ཏུ་རེ་སྒུག་གིས་འདའ་བའི་མཚན་མོ་ཞིག་ཡིན།  མཚན་མོ་དེར།    ངས་མི་ཤེས་ཤེས་ཁུལ་གྱི་ཐོབ་ཐང་མ་སྤྱད་ན་ཁོ་མོར་འདྲིས་ཐབས་ཤིག་མེད་ཐག་ཆོད་རེད།  གང་ལྟར།   སེང་གེ་ཆུང་བས་དྲྭ་སྐུར་བ་འཕྲལ་དུ་ངས་གོ་རིམ་ཡོད་མེད་ཀྱི་མཚམས་ནས་ཁོ་མོར་དྲྭ་སྒོ་རྡུང་བ་ཡིན།
      “ཁྱོད་སུ་ཡིན”།  ཁོ་མོས་ཐད་ཀར་དང་ལེན་མ་གནང་བར་ཡིག་འབྲུ་གསུམ་པོ་འདི་སྐུར་བྱུང་།
      “ང་ཤེས་རྒྱུ་ཞིག་ཡིན”ཞེས་ངས་ཁོ་མོར་རྫུན་གཏམ་འདྲེས་མའི་སྐད་ཆ་ཞིག་ལབ།  ཡང་ན།   བར་མཚམས་དེར་ངའི་ཁ་ནང་ནས་འདེབས་འོས་པའི་ལན་གང་ཡང་མ་རྙེད།   
      “ཤེས་རྒྱུ་བརྫེས་ན།  ཤེས་རྒྱུ་སུ་ཡིན”།   ཁོ་མོས་ངའི་འཕྲིན་ཕྲན་ད་དུང་སྣེ་ལེན་བྱས་མ་བྱུང་།   
      “ཁྱོད་སྤྲོ་འདྲ་ལངས་ནས། དྲྭ་སྣེ་ལེན་བྱེད་རོགས་གྱིས་དང་དེའི་རྗེས་ཁྱོད་ཀྱིས་ང་ཤེས་ངེས”ཞེས་ལན་ལྡོན་ནའང་།
ཁོ་མོས་ཚུར་ལན་དུ་“སྤྲོ་ལངས་བ་མིན།  ཡིན་ཡང་སུ་ཡིན་མ་བཤད་ན་ངས་ཀྱང་དང་ལེན་དགོས་མིན་མི་ཤེས”ཞེས་བཤད་བྱུང་།
“ཡ་ཡ།   ང་སློབ་གྲོགས་ཤིག་ཡིན”ཞེས་ལན་བཏབ་འཕྲལ་ངེད་གཉིས་ལ་ཆེས་ཐོག་མའི་འབྲེལ་ལམ་འཕྲིན་ཕྲན་ལམ་གྱི་འཕྲིན་གྲོགས་ཀྱི་འབྲེལ་བ་བྱུང་།  
 
6
 
      “ཁམས་བཟང”ཞེས་ངས་སྐད་ཆའི་མགོ་ཚུགས་ཐབས་བྱས།   
      “ཁྱོ་དོན་ངོ་མ་སུ་ཡིན”ཁོ་མོས་ཡང་བསྐྱར་ང་ལ་དྲི་བ་དེ་དྲིས་བྱུང་།  ང་སུ་ཡིན་གྱི་གནས་ཚུལ་ཤེས་རྒྱུ་དེ་ཁོ་མོར་མཚོན་ན་ཧ་ཅང་གལ་ཆེ་བ་འདྲ།
      “ངས་ཁྱོ་ངོ་མ་ངོ་ཤེས།    ཁྱོ་མཐོ་གཅིག་འཛིན་གྲྭ་དང་པོ་ཡིན་མོ”ངས་བདེན་ཅོག་ཅོག་གིས་བཤད།  
      “ཡིན་ཡང་།    ངས་དངོས་གནས་ཁྱོད་རང་ངོ་མི་ཤེས”།
      “དེ་ན་ངོ་ཤེས་ཤིག་བཅས་ན་ཨེ་ཆོག    ངས་དངོས་གནས་ཁྱོད་རང་ངོ་ཤེས”ཞེས་རེ་བ་ནན་བཏོན་བྱས་པས།   ཁོ་མོས་ཀྱང་གཅིག་ནས་མིན་ཚུལ་ལབ་མ་སོང་ལ།   གཉིས་ནས་མི་འཐད་པའི་མགོ་བོ་འཕྲེད་དུ་ལྡེམ་མ་སོང་།
       དེ་ལྟར།   ངས་དགའ་དུང་གི་བླ་སྲོག་ཟབ་མོ་དེར་གས་ཆག་མི་འཆོར་ཆེད།   ཁོ་མོར་འགོ་བ་ཞེས་མིང་གི་ཆོ་ལོ་སྦྱིན།   དྲང་མོར་ལབ་ན་ངེད་གཉིས་ལ་ཟད་མཐའ་མེད་པའི་སྐད་ཆའི་ཆུ་རྒྱུན་མེད་ལ།  ཡང་ན་ནམ་ཀུན་ཁོ་མོའི་དུས་ཚོད་བརླག་པ་དེ་ནི་ཐབས་རྡུགས་ཤིག་ཏུ་འདོད་ནས།   རབ་ཏུ་དྲན་ཞིང་རབ་ཏུ་སྐྱོ་དུས་ཁོ་མོ་བཙལ་ནས་སྐད་ཆ་ལབ་པ་ཡིན།   ཁོ་མོས་ང་ལ་གྲོགས་པོའི་སེམས་པ་མ་སྐྱོ་ཞེས་སེམས་གསོ་བྱེད་བྱུང་དུས་ངའི་སྙིང་གི་འཕར་ལྡིང་གི་མགྱོགས་ཚད་མྱུར་དུ་ཕྱིན་འགྲོ་ལ་ཡང་ན་ལྷོད་དུ་བསྡད་བྱུང་།   དེ་དུས་ངས་ཤེས་བ་ཉག་གཅིག་ནི་ཁོ་མོ་བུ་མོ་བབ་ཆགས་ཤིག་ཡིན་པ་དེ་རེད།
     ཐེངས་ཤིག་ལ།    ངེད་གཉིས་ཀྱིས་ཁ་བརྡའི་ཁྲོད་ནས་མོས་གློ་བུར་དུ་ང་ལ་ནང་སེམས་ཅུང་སྐྱོ་ཚུལ་ལབ་བྱུང་། 
      “འགོ་བ།  ཅི་བྱུང་སོང་།  གཞན་གྱིས་བརྙས་སོང་བ་ཡིན་ནམ”ཞེས་དྲིས་བ་ཡིན།
      “སྤུན་ཟླ།   དེ་རིང་བློ་ཉེ་བའི་མི་ཞིག་དང་ཁ་འཛིང་བྱུང་སོང”།
       ང་ལ་དེ་འཕྲལ་དོན་དག་གི་ཡང་སྙིང་གཙོ་བོ་ཤེས་འདོད་ཅིག་སྐྱེས་པས།  “འགོ་བ།   བློ་ཉེ་སུ་རེད”ཅེས་དྲིས་པ་ཡིན།  
       “སྤུན་ཟླ།   ང་མཛའ་བོ་དང་འཐོར་སོང”ཞེས་བཤད་བྱུང་བས། 
      ང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་བྱུང་བ་སྟེ།   གཅིག་བྱས་ན་ཁོ་མོའི་ཚབ་ཏུ་སེམས་པ་ཨེན་ཙམ་སྨྲེང་།    གཅིག་བྱས་ན་རང་གི་ཚབ་ཏུ་སེམས་པ་དྲོ་ཡེར་ཡེར་བྱེད།  རྒྱུ་མཚན་རང་ལ་གོ་སྐབས་ཐོབ་ཇེ་སླ་རུ་སོང་བའང་རེད།   ཡིན་ཡང་།   ལོ་དེར་ཡེ་ནས་བཤད་མ་སྤོབས།   དེ་ནི2020ལོའི་ཟླ1པོའི་མཚན་མོ་ཞིག་ཡིན།    
      ལོ་དེར་ཏོག་དབྱིབས་ནད་དུག་གི་གནོད་འཚེས་སྤྱི་ཚོགས་འུར་འུར་ཟང་ཟིང་དུ་བཏང་། ངེད་ཚོའི་སློབ་གྲྭའང2020ལོའི་ཟླ6པ་མ་གཏོགས་སློབ་མགོ་བརྩམས་མ་ཐུབ།

7
 
      ཟླ་དྲུག་པའི་ཚེས་གཅིག་ཉིན།  ངེད་ཚོ་ཚང་མ་སློབ་གྲྭ་རུ་འབྱོར་ཐབས་བགྱིས་ཤིང་།   བདེ་ཐང་དང་འགྲིམ་འགྲུལ་ཆོག་མཆན་གྱི་ཡིག་ཚགས་ཉ་ཉོག་མང་པོ་ཁྱེར་ནས་ཡོང་བ་ཡིན།   ང་སློབ་མགོ་མ་བརྩམས་པའི་ཡར་སྔོན་གྱི་ཉི་མ་གཅིག་ཏུ་ཡུལ་ཚོ་འདིར་འབྱོར་བ་ཡིན།
     “འགོ་བ།   གང་ན་ཡོད”།
     “རྔ་བ་ན་ཡོད”།
     “ཡར་སང་ཉིན་ཡོང་ངམ།   ང་དེ་རིང་ནས་འབྱོར་ཟིན”།
     “ཡ་ཡ།   སང་ཉིན་ཡོང་”ཞེས་ལན་བཏབ་བྱུང་།
     ངའི་སྣང་ངོར་ད་ཆ་སློབ་གྲྭ་ནས་ཁོ་མོ་མཐོང་སྲིད་པ་དང་མཐོང་འདོད་ཚུལ་ནི་སྐོམ་པའི་ཆུ་འདོད་རེད་ཨང་།   ཡིན་ཡང་།   ཁོ་མོ་མཐོང་ན་ངོ་གདོང་ཚ་ལམ་ལམ་དུ་འགྱུར་སྲིད་པའང་ཆོས་ཉིད་ཅིག་ཏུ་གྲུབ་འདུག
     དེའི་རྗེས།   སློབ་གྲྭར་འབྱོར་ནས་ཁ་པར་སྤྲད་པ་ནས་བཟུང་།   ངེད་གཉིས་ནི་སྔར་ལྟར་ཕན་ཚུན་ལ་ཁ་གྲག་མི་ཕོད་པར་ངོ་མི་ཤེས་པའི་ཉམས་ཀྱིས་ཟ་དང་ཟུར་ནས་འགྲོ་དགོས།    ཡིན་ཡང་།    ངས་ཁོ་མོར་སྐད་ཆ་རེ་ཟུང་སེམས་གཏིང་ནས་ལབ་འདོད་བྱུང་ཡང་ཐབས་བཀོད་ཅི་ཡང་མ་བྱུང་།    ཐེངས་ཤིག   སློབ་གྲྭའི་གཙང་སེལ་ཚོགས་པའི་བར་སྐབས་ཀྱི་ཉིན་གུང་གི་ངལ་གསོའི་གླགས་ལ་བསྟུན་ནས་སློབ་ཁང་གི་སྒོ་ཐེམ་ནས་སློབ་མ་ཚོས་གད་སྙིགས་ཟས་རིགས་ཁྱེར་ཡོད་མེད་ལ་ཞིབ་བཤེར་བྱས་བྱུང་།   དེ་དུས་ང་ལ་ཁོ་མོར་ཁ་གྲག་པའི་གོ་སྐབས་ཨེན་ཙམ་བྱུང་བ་སྟེ།  ཁོ་མོ་གཅིག་པུ་བར་ཁྱམས་ཤིག་ཏུ་འདུག 
    “ཨ་རོ།   ཅི་བྱེད་ཀྱིན་ཡོད”ཅེས་ངས་ཡིད་མི་ཚིམ་པའི་སྐད་ཆ་འཕྲོ་མ་ཞིག་ཤོར་ཞིང་།   ཁོ་མོས་ཀྱང་དོགས་མི་བདེ་བའམ་ངོ་ཚ་བའི་ཟོལ་གྱིས་མགོ་ལྡེམ་ཙམ་ལས་སྐད་ཆ་ཅི་ཡང་ལབ་མ་སོང་།  ཁོ་མོའི་མིག་མདངས་ཀྱིས་ང་ལ་དགའ་བའི་དཔལ་ཡོན་འདྲེན་ཡོང་སྟེ།   ཁོ་མོ་ངོ་ཤེས་བཅའ་མི་ཐུབ་པ་དེས་ང་ལ་རེ་ཆད་དང་སྐྱོ་ཡུས་བྱིན་ཡོང་།    ད་དུང་ལན་རེར་རང་གིས་གཞན་ལྟར་དུ་བུ་མོ་དེར་ཁ་གྲག་མི་ཐུབ་པ་དེ་ཕམ་ཁ་ཞིག་ཏུ་བརྩིས་ཡོད་ལ།  མིག་མདུན་གྱི་བྱ་དངོས་རེ་ཟུང་གིས་སེམས་པ་གྲང་ཤུར་ཤུར་དུ་གཏོང་ཡོང་བས།   དགའ་སྐྱོ་འདྲེས་མའི་གླུ་གཞས་ཤོར་འགྲོ་སྟེ།  
 
སོའུ་ཧྥེ་ཡྰ།
ནམ་ཟླ་འཁྱག་པ་མ་རེད། 
རྒྱང་བལྟ་ཕྱིད་པའི་ཆས་རེད།
ཁྱོད་ལ་ཆགས་པ་མ་གཏོགས།
མཚན་མོ་གཉིད་ཀྱང་བཟི་འགྲོ།
གཉིད་དུ་ཡུར་བའི་ཚིག
ར་རོའི་ནང་གི་གླུ།
ཁྱོད་ལ་དགའ་བ་མ་གཏོགས། 
སྙིང་གཏམ་ཤོད་ས་མ་རེད།
 
 
སོའུ་ཧྥེ་ཡྰ།
དབྱར་ཟླ་དྲོ་བ་རེད་ཀྱང་།  
སེམས་པ་དྲོ་ཐབས་མི་འདུག
སྐྱོ་སྐྱོ་འཆི་བ་མ་རེད།
རྒྱང་མིག་གཟུགས་མེད་འཕྲུལ་རེད།
གཉིད་དུ་ཡུར་བའི་ཁྱོད།
ར་རོར་གྱུར་བའི་ང་།
ད་ལྟ་མཐོང་ན་མ་གཏོགས།
བཟི་ཁ་དྭངས་ས་མ་རེད།  
 
8
 
      ཉིན་ཞིག་ལ།   ངའི་གྲོགས་པོ་ཞིག་དང་བུ་མོ་དེ་ཚོ་སོགས་སློབ་གྲོགས་སྐོར་ཞིག་གིས་མཉམ་དུ་གཙང་སྦྲ་ཞིབ་བཤེར་བྱེད་ཀྱིན་འདུག   ཉིན་དེར་ངས་ཀྱང་ཚོགས་མིའི་ཐོབ་ཐང་གི་འོག་ནས་ཅ་ལག་རེ་ཟུང་སྐྱེལ་བ་དང་འཕྲད་ནས།   གྲོགས་པོ་དེས་ང་ལ་ཚུར་ཀུ་རེ་རྩེས་བྱུང་ལ།   ངས་ཀྱང་འཛུམ་མདངས་གཉོམ་པོ་ཞིག་ཕྱི་རུ་ཕྱུང་འཕྲལ།   ངས་བུ་མོ་དེ་དགོད་པ་མཐོང་བྱུང་།   ངས་དངོས་གནས་བུ་མོ་དེ་དགོད་པ་མཐོང་བྱུང་།    ངས་སྣང་ངོར་ཁོ་མོ་དགོད་པ་ནི་ཧ་ཅང་ལྐོག་གྱུར་གྱི་འཛུམ་ཞིག་རེད་སྙམ་བྱུང་།    ནམ་ཀུན་བབ་ཆགས་པའི་བུ་མོ་དེར་ལྐོག་གྱུར་འཛུམ་མདངས་ཤིག་ཡོད་ཚུལ་ངའི་སྣང་ངོར་ལྡེབས་རིས་བཞིན་འཆར་ཡོང་།   ཁོ་མོའི་འཛུམ་མདངས་དེ་དངོས་གནས་ཡིད་དུ་འོང་།
 
ཉིན་ཐོ།
 
དེ་རིང་།    ངས།
སོའུ་ཧྥེ་ཡྰ་ཡི་ལྐོག་གྱུར་གྱི་འཛུམ་མདངས་མཐོང་།
 
དགོད་རྐྱེན་ཅི་ཡིན་ཆ་མ་འཚལ།
གང་ལྟར།    མཛེས་པའི་ཆ་ཞིག་མཐོང་།
 
སོའུ་ཧྥེ་ཡྰ།     ལྐོག་ནས་འཛུམ་ན།   
ཞེ་ལ་རན་པོ་འདུག
 
དེ་བས།   ངས་ནམ་རྒྱུན།
སོའུ་ཧྥེ་ཡྰ་ཡི།
ལྐོག་གྱུར་གྱི་འཛུམ་མདངས་ཁོ་ན་མཐོང་བས་ཧ་ཅང་ཚིམ།
 
པདྨ་ལས།
ངས་སོའུ་ཧྥེ་ཡྰ།
སོའུ་ཧྥེ་ཡྰ་ལྐོག་གྱུར་གྱི་འཛུམ་མདངས་མཐོང་།  
      ལོ་དེ་ནི་ང་ལ་རྩོམ་རིག་གི་ཆར་བ་འབབ་པའི་ལོ་ཞིག་རེད།   ཡང་ན་ཁོ་མོར་འཕྲད་རྗེས།   ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་ངས་ཁོ་མོར་ལྐོག་ལྐོག་སུད་སུད་ངང་སྐད་ཆ་ལབ་རྒྱུ་དྲན་ཡོང་།    
      སློབ་སྐབས་དེ་གློ་བུར་དུ་མཇུག་རྫོགས་སོང་།   ད་ཆ་ངས་ཁོ་མོར་སྐད་ཆ་ཅི་ཞིག་ལབ་དགོས་ཨང་།  དངོས་གནས་ངས་ཁོ་མོར་བཅངས་པའི་བརྩེ་དུང་གི་ཆུ་བོའི་ཟབ་ཚད་གཏིང་ནས་གཏིང་དུ་ལྷུང་བཞིན་འདུག     ད་ཆ་ངས་ཁོ་མོར་སྐད་ཆ་ཉག་གཅིག་ལས་ལབ་མི་འདོད་ལ།   དེ་ནི་ངས་ཆེས་བཤད་མི་ཕོད་པ་དེའང་ཡིན།

9
 
      སུ་ཞིག་གིས་སོའུ་ཧྥེ་ཡྰ་ངོ་ཤེས།  སོའུ་ཧྥེ་ཡྰ་ཞེས་པ་དེར་ཀློག་པ་པོ་དག་གི་སྣང་ངོ་ནས་གོ་བ་ག་འདྲ་ཞིག་བླངས་ཡོད་དམ།
      ཟླ་བདུན་པར།     ངེད་གཉིས་ཡང་བསྐྱར་འཕྲིན་ལམ་ནས་འཕྲད་ཅིང་།   ཁོ་མོ་དང་བར་ཐག་ཉེ་བའི་མི་རེ་ཟུང་གིས་བཤད་ན་ཁོ་མོ་ཁེར་རྐྱང་ཡིན་ཟེར།   ཡང་མི་རེ་ཟུང་གིས་བཤད་ན་ཁོ་མོར་བློས་མི་ཐོངས་བའི་སྙིང་ཐུབ་ཡོད་ལ།   ཁོ་མོ་ནི་སྐྱེས་པ་གཞན་ཞིག་གི་སེམས་པའི་མཁའ་དབྱིངས་སུ་བཀྲ་བའི་སྐར་མའི་མེ་ཏོག་དེ་ཡིན་པར་བཤད།    གང་ལྟར།   ང་ནི་མག་མོག་གི་སྣང་ཚུལ་ཁྲོད་ནས་སྨུག་ལང་ལོང་ནང་དུ་མགོ་འཁོར་བའི་རི་དྭགས་དང་འདྲ།
     “འགོ་བ།  ཁམས་བཟང་།  ཡུན་རིང་མ་མཇལ་བས་བདེའམ”ངས་ཐོག་མར་ཁོ་མོར་འཚམས་འདྲི་ཞུས།
     “ཧེ་ཧེ།  བདེ་མོ་ཡིན།  ཁྱོ་བདེའམ”།  ཁོ་མོའི་སྐད་ཆ་སྙིང་རྗེ་པོ་དེ་དག་ནི་ངའི་རེ་སྒུག་གི་ནམ་ཟླའི་ཁྲོད་ན་དམིགས་ཀྱིས་འགྲེང་།
     ཡང་བསྐྱར་འཕྲིན་ལམ་ནས་འཕྲད་ཅིང་།  དགའ་དུང་བག་ཆགས་མང་ཙམ་བྱུང་ཟིན་ནའང་།   ང་ལ་ད་དུང་ཁོ་མོར་དགའ་རབས་བཤད་པའི་སྤོབས་པ་མི་འདུག   ཡུལ་དུ་སོང་རྗེས།   ཁོ་མོ་སྔོན་དང་ཅུང་མི་འདྲ་བར་མཚན་མོར་ཁོམ་པ་ཡོད་པ་དང་འདྲ་བར་ངེད་གཉིས་ལ་མཚན་མོའི་ཁ་བརྡ་མང་པོ་བྱུང་སོང་།   འགོ་བ་ནི་འགོ་བ་རང་ཡིན་ལ།   སེམས་ནས་དམིགས་བསལ་དུ་ཆགས་ཡོད་པ་སྨྲོས་ག་ལ་དགོས།   ཁ་བརྡའི་ཁྲོད་ནས་ཀྱང་ང་རང་དཔའ་ཞུམ་འགྲོ་སྟེ་དམིགས་བསལ་གྱི་གནས་སུ་མི་འཕེན་ཐབས་མེད་དུ་གྱུར་འགྲོ།
 
10
 
      དོ་ནུབ་ཀྱི་ནམ་ཟླ་རབ་ཏུ་བསིལ་ལ།  ཟླ་བས་ནི་གང་ཞིག་ལ་སྒུག་པ་ལྟར་ལྷོད་ཀྱིས་བཞུད་དེ་འགྲོ་བཞིན་འདུག
      “དོ་ནུབ་ནས་ངས་ཨ་ནེ་ཚང་གི་ཚོང་ཁང་དེ་ཉིན་བཅུ་གྲངས་ཤིག་ལ་སྲུང་རོགས་བྱེད་རྒྱུ་བྱས་ཡོད།  ཕྱིར་ཁྱིམ་དུ་འགྲོ་རྒྱུ་ཧ་ཅང་འཕྱི་བས་འགྲོ་མི་ཕོད་པ་འདྲ”ཞེས་ཁོ་མོས་ང་ལ་སྐད་ཆ་དེ་འདྲ་ཞིག་ལབ་བྱུང་།  སྐད་ཆ་དེ་ང་ལ་མཚོན་ན་བྱས་རྗེས་དང་བག་ཆགས་འཇོག་པའི་གོ་སྐབས་ལེགས་ཤོས་ཤིག་རེད།  ཁོ་མོའི་སྐད་ཆ་དག་ལས་ངས་ལན་ཕོག་ཁོ་ཐག་གི་སྐད་ཆའང་འདི་ཁོ་ན་ལས་བྱུང་མ་མྱོང་བ་འདྲ།
     “ཡ་ཡ།   འགོ་བ།    ཁྱོ་འགྲོ་མ་ཕོད་ན།   ངས་གཟུགས་མཐོང་ལམ་ནས་ཁ་པར་བཏང་ནས་ཁྱོད་ཡུལ་དུ་བསྐྱལ་རྒྱུ་བྱེད།   དེ་བྱས་ན་ཁྱོད་ལ་ཕན་ཅུང་རེ་ཐོགས་ཐུབ་བམ”ཞེས་ངས་བསམ་པ་དང་ཁོ་མོའི་དངངས་སྐྲག་གཉིས་ཀ་དྲང་ཐིག་གཅིག་ཏུ་ཁེལ་བྱུང་སྙམ་ནས་ཁོ་མོས་ལན་འདེབས་རྒྱུར་བྲེལ་འཚུབ་ངང་སྒུག
     “ཡ་ཡ།  བཀའ་དྲིན་ཆེ།   དེ་ན་གནས་སྐབས་དེ་བྱེད། སྤུན་ཟླ་དཀའ་ལས་ལ་ཅུང་ཙམ་གཏད་དགོས་བྱུང་སོང”ཞེས་ཁོ་མོའི་ལན་དེས་ང་ཡི་ཕྱི་ནང་གསེང་གསུམ་གྱི་ཆ་མི་ཚང་བ་དེ་དག་འཐུས་ཇེ་ཚང་དུ་བཏང་སོང་། 
     མཚན་མོ་དེར།   ངས་གཟུགས་མཐོང་ཁ་པར་ལམ་ནས་ཁོ་མོ་ཁྱིམ་དུ་འགྲོ་བར་མཐུན་རྐྱེན་བསྐྲུན་ཐབས་བྱས།   དེ་ནི་ང་ལ་མཚོན་ན་ཧ་ཅང་དགའ་འོས་པ་དང་བསྒྲུབ་རུང་བའི་བྱ་བའི་ཕྱོགས་དེར་གཏོགས།   
    ཁོ་མོ་ཁྱིམ་དུ་སླེབས་ནས་ཉལ་རྗེས།   ངེད་གཉིས་ཀྱི་ཁ་བརྡ་ཅུང་ཙམ་བྱས་པ་ཡིན།   “སྤུན་ཟླ།   ངས་ཁྱོད་ལ་དྲི་བ་ཞིག་དྲིས་ན་ཆོག་གམ”།
    “ལོས་ཆོག     འགོ་བ།   ཅི་དྲིས་ཀྱང་ཆོག”
    “སོའུ་ཧྥེ་ཡྰ་སུ་ཡིན་བཤད་ཆོག་གམ”།
     གློ་བུར་གྱི་དྲི་བ་དེས་ང་རང་ཅི་བྱ་གཏོལ་མེད་དུ་བཏང་། ངས་ཀྱང་ཟོལ་མེད་གཞུང་དྲང་གི་ཟོལ་གྱིས་སོའུ་ཧྥེ་ཡྰ་སུ་ཡིན་བཤད་ལོས་འདོད།   གལ་ཏེ་ངས་ཁོ་མོར་སོའུ་ཧྥེ་ཡྰ་ཁྱོད་ཡིན་ཞེས་ལབ་ན་ཁོ་མོས་ང་དང་འབྲེལ་བ་གཅོད་སྲིད་དམ།    དེ་ནི་བར་སྐབས་འདིར་ང་རང་ཐེ་ཚོམ་གྱི་དྲ་བར་ཚུད་པའི་རྒྱུ་རྐྱེན་གཙོ་ཤོས་སུ་ཆགས།    མཇུག་མཐར་ངས་ཁོ་མོར་དྲང་གཏམ་མི་བཤད་རྒྱུ་རང་ཐག་བཅད་པ་ཡིན་པས།   སོའུ་ཧྥེ་ཡྰ་ནི་སློབ་གྲྭའི་ནང་གི་བུ་མོ་ཕལ་བ་ཞིག་ཡིན་ཚུལ་བརྗོད་པ་ཡིན།
      ཁོ་མོས་དེ་འཕྲལ་དུ“ཡ་ཡ།  སྤུན་ཟླ།   ཁྱོད་ཀྱིས་སོའུ་ཧྥེ་ཡྰ་ལ་དགའ་བ་སྔོག་འདོན་བྱས་ཟིན་ནམ།  སྤུན་ཟླ་ཁྱོད་ལ་རོགས་རེ་བྱེད་དགོས་སམ”ཞེས་བཤད་བྱུང་།
     ང་རང་ཅུང་མི་རངས་བ་དང་མི་བསོར་བའི་ཉམས་ཀྱིས་ནང་སེམས་ཡོངས་སུ་གཏམས་ནའང་ཅི་ཡང་མེད་མདོག་གི་ཟོལ་གྱིས་ཁོ་མོར།“ཡ་ཡ།  འགོ་བ།   བཀའ་དྲིན་ཆེ།   ངས་ཁྱོད་ལ་བཤད་ངེས་ཡིན”ཞེས་བཤད།   མཚན་མོ་དེ་དེ་ལྟར་མཇུག་རྫོགས་ཤིང་།   གཉིད་ཁར་ང་ཡི་ལུས་ཀྱི་མགོ་མཇུག་ཡོངས་དང་།  ཕྱི་ནང་ཡོད་ཚད་ལ་མི་བདེ་བའི་སྣང་བ་ཁོ་ན་བདོ་མོད་ཀྱང་།   སྐད་ཆ་ལ་ལ་ཞིག་ཨམ་གཙིགས་བསྡམས་ནས་བཟོད་བསྲན་བྱས་པ་ཡིན།   
     སོའུ་ཧྥེ་ཡྰ།    གལ་ཏེ་ཆོག་ན།   ཁྱོད་ཀྱིས་ང་ཉིད་ཁྱོད་ལ་རབ་ཏུ་དགའ་ཡང་བཤད་མི་ཕོད་པར་ལུས་ནས་ཡོད་པ་དེ་རྨི་ལམ་དུ་རྨི་རོགས་ཞུ།
 
11
 
   “འགོ་བ།    དོ་ནུབ་ཡང་བསྐྱར་ཚོང་ཁང་སྲུང་ས་རུ་འདུག་དགོས་སམ”།
    “ཡ་ཡ།   སྤུན་ཟླ།   དགོས་ནི་རེད”།
    “འོ་ཡ།  འགོ་བ།   དོ་ནུབ་སྔར་ལྟར་ངས་ཁྱོ་གཟུགས་མཐོང་ཁ་པར་ལམ་ནས་ཡུལ་དུ་བསྐྱལ།   ད་དུང་    ད་དུང་ངས་ཁྱོད་ལ་ངེས་པར་དུ་སྐད་ཆ་ཞིག་བཤད་དགོས”ཞེས་བཤད་པ་དང་།   ཁོ་མོས་ཀྱང་ཆོག་ཚུལ་ལབ་སོང་།
    ཟླ་བ་མཁའ་ལ་འཕགས་བྱུང་།  ཟླ་བ་མཁའ་རུ་འཕགས་པ་དང་བསྡོངས་ནས་ང་ཡི་སྙིང་ཆུང་དམར་པོའང་ཕྱི་རུ་ལྡང་ཡོང་བར་ཐེ་ཚོམ་མི་འདུག་པ་ལྟར་དུ་ལྡང་མཚམས་བཞག་མ་བྱུང་།   
    “སྤུན་ཟླ།   ད་ང་ཁྱིམ་ལ་འགྲོ་བཞིན་ཡོད།  ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད”ཅེས་ཁོ་མོས་ང་ལ་འཕྲིན་བརྡ་འབྱོར་བྱུང་།
     “ཡ་ཡ།   འགོ་བ།   ངས་རེ་མ་གཟུགས་མཐོང་ཁ་པར་གཏོང་ཡོང”ཞེས་ཁ་པར་བཏང་ནས་ཁོ་མོ་ཡུལ་ལ་འབྱོར་རག་བར་དུ་ཁ་མ་གཏན།  “ད་ང་ཡུལ་དུ་འབྱོར་སོང་།     སྤུན་ཟླ་ཁྱོད་ལ་བཤད་རྒྱུ་ཅི་ཡོད།   ད་ཤོད་དང་ཆོག”ཅེས་བཤད་བྱུང་།  
     “ཡ་ཡ།  འགོ་བ།   ཁྱོ་ཐོག་པར་མར་ཉོལ་དང་དེ་ནས་དལ་མོར་བཤད”།
     ཁོ་མོ་དེ་མ་ཐག་ཏུ་ཉལ་རྗེས་ངེད་གཉིས་ཀྱི་ཁ་བརྡའི་མགོ་བརྩམས་པ་ཡིན།  “སྤུན་ཟླ།   ཅི་ཞིག་བཤད་རྒྱུ་ཡོད”།
     “འགོ་བ”།
     “ཨ”།
    “ང… … ང”ཞེས་ངའི་སྐད་ཆ་གོ་རིམ་ཅི་ཡང་མེད་པར་ལ་ཐོགས་ལུང་ཐོགས་བྱེད་ཡོང་།
     ཁོ་མོས་བཤད་རྒྱུར།“ཁྱོད་ཅི་ཞིག    དོན་དག་འདྲ་ཅི་ཡོད”།
     “ ང་་་་་་ཁྱོད་ལ་དགའ”ཞེས་དངངས་སྐྲག་དང་བཅས་ཏེ་སྐད་ཆ་དེ་ཚམ་ཚོམ་ངང་ཤོར་སོང་།
    ཁོ་མོས་ཡུད་ཙམ་ལ་ཅི་ཡང་ལབ་མ་སོང་།  ངའང་དེ་དང་བསྡེབས་ནས་སྐད་ཆའི་རྒྱུན་ཡུད་ཙམ་ལ་འགག་སོང་།
     “སྤུན་ཟླ།   འུ་གཉིས་ལ་རེ་བ་ཡོད་ནི་མ་རེད།  ཁྱོད་ཀྱིས་དེ་ཕྱོགས་ལ་འདང་མ་རྒྱག     འུ་གཉིས་སྔར་ལྟར་གྲོགས་པོ་བྱེད་དང་དེ་ལས་ལྷག་ཅིག་མི་འདུག”ཅེས་ལབ་བྱུང་།  ངའི་ནང་སེམས་ལ་གྲང་ཤུར་ཤུར་གྱི་ལྷགས་པ་ག་ལེར་ལྡང་བྱུང་།  ངོ་ཤེས་ནས་ད་བར་དུ་ཁོ་མོ་ང་ལ་ཚོར་བ་ཨེན་ཙམ་ཡང་ཡོད་མ་མྱོང་བ་ཡིན་ནམ་སྙམ་ནས་རང་གིས་རང་ལ་དྲི་ཚིག་ནན་མོ་ཞིག་འཕངས།  ད་ཆ་ཁོ་མོས་སོའུ་ཧྥེ་ཡྰ་ནི་ངས་ཁོ་མོར་བཏགས་པའི་གཅེས་མིང་ཞིག་ཡིན་པ་ཕལ་ཆེར་རྟོགས་ཡོད་ངེས་ཡིན།  གང་ལྟར།  ངས་ངེད་གཉིས་ལ་རེ་བ་མེད་སྙམ་ནས་ཡིད་ཆད་བྱུང་ཡང་།  ཁོ་མོ་དང་གྲོགས་པོ་བྱེད་རྒྱུའི་འབྲེལ་བ་དེ་མུ་ནས་མུ་རུ་རྒྱུན་བསྲིངས།  
 
12
 
    ངེད་གཉིས་སྔར་ལྟར་གྲོགས་པོ་བྱས་ནས་སོང་ལ།  ཉིན་འདི་གར་ཁོ་མོ་ཚོང་ཁང་ནང་ནས་ཁྱིམ་བར་དུ་འགྲོ་སྐབས་སྨག་ནག་ལ་སྐྲག་ཡོང་སྙམ་ནས།   སྔར་ལྟར་གཟུགས་མཐོང་ཁ་པར་ལམ་ནས་ཁོ་མོ་དང་འབྲེལ་འདྲིས་རབ་དང་རིམ་པ་བྱས།  དེ་ལྟར་ཉིན་འགའ་འགོར་རྗེས་ཀྱི་མཚན་མོ་ཞིག་ལ།   ཟླ་བ་སྔར་བཞིན་མཁའ་རུ་འཕགས་བྱུང་།    ངས་ཁོ་མོར་རྒྱུན་ལྡན་ལྟར་དུ་གཟུགས་ལམ་ནས་བསྐྱལ་དགོས་སྣང་མ་གཏོགས།   འདི་ནི་དམིགས་བསལ་གྱི་མཚན་མོ་ཞིག་ཡིན་སྣང་ཡེ་ནས་མ་སྐྱེས།    འོ།   དེ་རིང་ནི2020ལོའི་ཟླ8པའི་ཚེས22ཡིན།
   “འགོ་བ།   ལམ་ནས་སྐྲག་བྱུང་ངམ།  ཧེ་ཧེ”ཞེས་ངས་ཁོ་མོར་ཀུ་རེ་རྩེས་པ་ཡིན།   ཁོ་མོས་ང་ལ་བཀའ་དྲིན་ཞུས་ཤིང་།    ངེད་གཉིས་སྤྱི་མཐུན་གྱི་གྲོས་མོལ་བྱུང་ནས་དོ་ནུབ་སྐུད་ལམ་ནས་ཁ་བརྡ་བྱེད་རྒྱུ་བྱས།  ཁ་པར་བཏང་ནས་ཡུན་ཙམ་སོང་བའི་བར་ཞིག་ལ་ངས་ཁོ་མོར་སེམས་གཏིང་གི་དྲི་བ་ཞིག་མི་འདྲི་ཐབས་མེད་བྱུང་།
    “འགོ་བ།   ཁྱོད་ངོ་མ་ང་ལ་ཚོར་བ་ཨེན་ཙམ་ཡང་མི་འདུག་གམ”ཞེས་དྲིས་པ་ཡིན།
    ཁོ་མོས་ཧ་ཅང་སྙིང་ཉེ་ཉེའི་ངང་“ཁྱོད་ཀྱིས་དབྱར་གནང་འདིར་ང་ལ་བདག་སྐྱོང་གང་ཐུབ་དང་སེམས་གསོ།   ད་དུང་སེམས་ཁྲལ་གྲངས་མེད་བྱས་པས་ང་ཁྱོད་ལ་ཚོར་བ་ཏོག་ཙམ་ཡང་མེད་པ་སྲིད་དམ”ཞེས་བཤད་པས།    ང་རང་སེམས་ཀྱི་གཏིང་དང་སྙིང་གི་ཀློང་ནས་དྲོད་ལྟེམ་མེར་གྱུར་ལ།  ཧ་ཅང་དགའ་མགུའི་སེམས་ཁམས་དང་མཉམ་དུ་ཡུན་རིང་ཁོང་དུ་ཉར་བའི་སྙིང་གཏམ་མང་ཤོས་ཇི་མ་ཇི་བཞིན་བཤད་པ་ཡིན།   
    “ སོའུ་ཧྥེ་ཡྰ”།ད་ཆ་ང་ལ་ཁོ་མོར་མིང་འདི་འབོད་པའི་ཐོབ་ཐང་བྱུང་བས་ང་རང་སེམས་གཏིང་ནས་ཡིད་ཚིམ་ཡོང་།   ཁོ་མོས་ཀྱང་ང་ལ་ཨ་ལན་བྱེད་ཅིང་མཚན་མོ་དེ་ནས་བཟུང་ངེད་གཉིས་ཀྱིས་འཇིག་རྟེན་འདིའི་ན་གཞོན་ཕོ་མོ་གཞན་དང་འདྲ་བར་བརྩེ་དུང་གི་དཔལ་ལ་རོལ་བ་ཡིན།
    ཉིན་དེ་ནས་བཟུང་།  ཁོ་མོ་ངའི་སྣང་ངོ་ཁོ་ན་རུ་གཏམ་རྒྱུད་རིང་བོ་ཞིག་ཏུ་ཆགས་འདུག་ལ།  ངས་ནམ་རྒྱུན་གཏམ་རྒྱུད་དེ་ཤོག་ངོས་སུ་ཕབ་ཅི་ཐུབ་བྱས་པས།  སློབ་གྲོགས་ཚོའི་མིག་ལམ་ནས་ང་ནི་དུངས་བརྗོད་རྩོམ་ཡིག་དང་བརྩེ་དུང་གི་གཏམ་རྒྱུད་ཀྱི་རྩོམ་པ་པོ་ཆུང་ཆུང་ཞིག་ཏུ་ཆགས་སོང་།

               རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease