སྟོང་བ།

    རྩོམ་པ་པོ། གཙང་བོ།


སྟོང་བ།

 
               གཙང་བོ།   

     ཁོ་ནི་རྒྱུན་པར་མི་ཚོགས་མང་ས་ནས་མིག་ཤེལ་ནག་པོ་ཞིག་གདོང་ཁུག་ལ་གཟར་ནས་མོ་ཊ་ལས་མར་འབབ་པ་དང་། སྐབས་དེར་མི་གཞན་གྱིས་རང་ལ་བལྟ་གིན་ཡོད་མེད་ལ་ཉམས་འཇོག་བྱེད་ཅིང་། མི་འགའ་རེས་རང་ལ་བལྟས་ནས་སྐད་ཆ་ཤབ་ཤུབ་རེ་བཤད་ཀྱིན་ཡོད་པ་མཐོང་སྐབས་སེམས་ནས་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། དེ་ནི་ཁོ་ལ་མཚོན་ན་སྤོབས་པ་དང་ང་རྒྱལ་འཕེལ་བྱེད་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། 

  དེ་རིང་ཡང་ཁོ་༼བང་ཁ་རླུང་འགྲན༽ཞེས་པའི་རྩྭ་ཐང་གི་རྟ་རྒྱུགས་འགྲན་སྡུར་ཆེན་མོའི་ཡུལ་དངོས་ལ་འབྱོར་ཡོད་པ་དང་། སྔར་བཞིན་མིག་ཤེལ་ནག་པོ་དེ་གདོང་ཁུག་ལ་གཟར་ནས་གཡས་ལྟ་གཡོན་ལྟ་བྱེད་བཞིན་མོ་ཊ་ལས་བབས། གསར་བུ་འགས་ཕར་ཕྱོགས་ནས་ཁོར་ཡ་མཚན་དང་ཡིད་སྨོན་པའི་མིག་ཟུང་གིས་བལྟས་ཡོད་པ་མཐོང་བས། སེམས་གཏིང་ནས་དགའ་སྤྲོ་ཚད་མེད་ཅིག་སྐྱེས། དེ་མ་ཐག་གྲོགས་པོ་ལ་“དེ་རིང་ངས་འདི་ནས་རྟ་ཞིག་ཉོ་རྒྱུ་ཡིན”་ཞེས་ཚང་མས་གོ་ཐུབ་པའི་སྐད་གདངས་ཀྱིས་བཤད། གྲོགས་པོས་“ཁྱེད་ལྟ་བུ་ཞིག་གིས་རྟ་ཉོས་ན་དོན་དང་མཚུངས་”ཟེར་བཞིན་Jeep*རྟགས་ཅན་གྱི་ཀོ་ཁུག་ཅིག་ཁོར་གཏད་པ་ན། ཁོས་ཕར་ལྟ་ཚུར་ལྟ་བྱེད་བཞིན་སོག་ཐག་བྱས་ཏེ་ཁུར་བ་དང་། གཡས་ལག་གིས་ཨམ་ཕྲག་ལས་ཐ་མག་གི་སྒམ་ཆུང་བཏོན་ཏེ། རྐང་གཅིག་ལ་མགོ་བོ་ནང་དུ་སྒུར་ནས་མེ་བསྒྲོན་ཏེ་རྔམ་འཐེན་བྱེད་བཞིན་“གཤིབ་རྟ་ལ་བལྟ་ན་འགྲོ་”ཟེར། མི་ཚོགས་ཀྱི་དཀྱིལ་བརྒྱུད་དེ་གཤིབ་རྟ་དང་རྟ་བདག་མང་པོའི་སྒར་གྱི་ཕྱོགས་ལ་གོམ་ཁ་བསྒྱུར། མི་མང་པོའི་ཁ་བརྡ་ལ་ཨང་ཉན་བྱས་ན་ཁོ་ནི་ལོ་འདི་གར་ས་དམར་འབྲོག་ཁུལ་གྱི་ཆེས་ཕྱུག་པའི་མི་ཡིན་པ་དང་། ན་ནིང་ནས་བཟུང་འབྲོག་གི་རྩྭ་ས་གཞན་པར་ལོ་བཅུ་ལ་གླས་པ་དང་། ཨ་མ་དང་ཆུང་མ་བུ་ཆུང་གསུམ་རྫོང་མཁར་ལ་བསུས་ཤིང་། ཨ་མས་དུས་རྒྱུན་རི་ཁྲོད་དགོན་ནས་ཕྱག་སྐོར་བྱེད་ཀྱིན་ཡོད་ལ། ཆུང་མས་ནི་སློབ་གྲྭར་འགྲོ་བཞིན་པའི་བུ་ཆུང་ཡར་སྐྱེལ་མར་ལེན་བྱེད་པ་དང་། བཟའ་མི་ཚོར་ཐུན་གསུམ་གྱི་ཟ་མ་ལས་པ། གྱོན་པ་བཀྲུ་བ་དང་ཁྱིམ་ལ་གད་བདར་བྱེད་པ་སོགས་ལས་ལས་ཀ་གང་ཡང་མེད་པར་རང་འདུག་ཡིན། ཁོ་ནི་ལོ་གཅིག་གི་ནང་ཁྱིམ་ལ་ཡོང་བ་ཧ་ཅང་ཉུང་བར་མ་ཟད། ཡོང་ཡང་མགྲོན་པོ་ཞིག་ལྟར་མྱུར་བར་མོ་ཊ་བཏང་ནས་བུད་འགྲོ་ཞིང་། ཁོ་ཁྱིམ་ལ་མི་འཁོར་བ་ནི་ཁྱིམ་ཚང་འདིར་མཚོན་ན་ཆེས་བདེ་སྐྱིད་མེད་པ་དང་སྤྲོ་སྣང་དབེན་པ་ཞིག་ཡིན་པ་ལས། གཞན་ཁྱིམ་ཚང་འདིར་རྒྱུ་ནོར་ལོངས་སྤྱོད་སོགས་མི་འཛོམས་པ་གཅིག་ཀྱང་མེད། ཁྱིམ་ཚང་འདིའི་ཁྱིམ་མི་དག་ལ་མཚོན་ན་འབྲོག་ས་གཞན་ལ་གླས་པ་དང་། ནོར་འགའ་ཡོད་པ་བཙོངས་པ་ལས་གཞན་ད་ལྟའི་བརྗིད་ཉམས་ལྡན་པའི་ཁང་བ་དང་། དེའི་ནང་གི་རྩ་ཆེ་བའི་ཅ་ལག་དག་ཉོ་བྱེད་ཀྱི་དངུལ་གྱི་འབྱུང་ཁུངས་གང་ནས་ཡིན་པ་སོགས་ལ་འདང་མང་པོ་བརྒྱབ་མ་མྱོང་ལ། རྩ་བ་ནས་ཤེས་ཀྱིན་ཡང་མེད། ཁོ་ཚོར་དོགས་པ་ཞིག་ཡོད་པ་ནི་ཁོ་ཁྱིམ་ལ་ཡོང་བ་ཉུང་བ་དེ་རེད། རྒྱུན་པར་ལས་ཀ་གང་ཡང་མེད་པར་ཁང་བ་ཞིག་ཏུ་བཅུག་པའི་ཁྱིམ་མི་དག་གིས་ཁོ་ཁྱིམ་འདིར་མི་འཁོར་བར། ཡུལ་གང་ཞིག་ན་ལས་ཅི་ལྟ་བུ་ཞིག་བསྒྲུབ་ཀྱིན་པ་སོགས་ལ་དོགས་པ་སྐྱེ་བཞིན་ཡོད། དེ་ལས་ཀྱང་ཁོ་མཚམས་ལན་རེར་ཁྱིམ་ལ་ཡོང་ཡང་ཟས་སོགས་གང་ཡང་མི་བཟའ་བར་ཉིན་མཚན་འགའ་རེར་ཡིད་ཚིམ་པ་རེ་གཉིད་རྗེས། གར་སོང་ཆ་མེད་དུ་གྱུར་འགྲོ་བ་ནི་ཨ་མ་དང་ཆུང་མ་གཉིས་ལ་མཚོན་ན་ཧ་ཅང་ཞེ་མི་བདེ་བའི་དོན་དག་ཅིག་ཏུ་འགྱུར་བཞིན་ཡོད། ཡིན་ནའང་། ལན་རེར་ཁོ་རང་ཁྱིམ་ལ་ཡོང་དུས་མོ་ཊ་མི་གཅིག་པ་རེ་བཏང་ནས་ཡོང་བ་དེ་ནི་ཁྱིམ་མི་གང་བོར་མཚོན་ན་ཧ་ཅང་སྐྱིད་སྣང་སྟེར་བྱེད་ཅིག་ཡིན་པ་དང་། ཁྱིམ་མི་ཚོར་གྱོན་པ་ཡག་པོ་རེ་དང་ཁ་པར་གསར་བ་རེ་ཉོས་ཡོང་ལ། ད་དུང་དངུལ་ཀྱང་ཧ་ཅང་མང་པོ་སྟེར་བ་དེས་ཁོ་རང་ཁྱིམ་ལ་མི་འཁོར་བའི་སྡུག་ཡུས་ཀྱང་བརྗེད་པར་བྱེད་དུ་འཇུག་པ་དང་། ཐ་ན་སྡུག་ཡུས་དེ་དག་ནི་ཁོ་ལ་ཉེས་མེད་ཉེས་འགེལ་བྱས་སོང་བ་ལྟ་བུའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེ་རུ་འཇུག་གིན་ཡོད།

    སྟོན་མཇུག་གི་ཟླ་འོད་ཧ་ཅང་གསལ་བའི་མཚན་མོ་དེར། ཁོ་ཚང་ལ་རུ་སྡེ་ཡོངས་ཀྱི་སྐྱེས་ཕོ་མོ་མང་པོ་འཛོམས་པ་དང་། དམར་མདངས་ཀྱིས་ཕྱུག་པའི་ཉིན་བྱེད་ནུབ་རིར་མ་ཡལ་བའི་སྔ་རོལ་ལ། སྒོར་དར་ལྷབ་ལྷུབ་བསྐྱོད་པའི་སྦྲའི་ལྟག་བརྒྱབ་ཀྱི་བསང་ཁྲིའི་སྟེང་ན་དུ་བ་སྔོ་ལྷོག་ལྷོག་འཕྱུར་གྱིན་ཡོད་ལ། སྒོ་ཆོན་གཡས་ཕྱོགས་ན་བྱང་བུའི་གདན་དཀར་ཞིག་གི་སྟེང་ལ་གཡུང་དྲུང་གཡས་སུ་འཁྱིལ་བ་ཞིག་ནས་ཀྱིས་བྲིས་འདུག ཅང་མ་འགོར་བར་ཁྱིམ་མཚེས་ཚང་གི་རྒད་པོས་སྦག་སྦག་གི་འཕོང་ལ་གྲྭ་བ་ཞིག་བཞག་ནས་ཁོ་ཚང་གི་སྦྲ་ནག་གཟས་ཏེ་བྱ་འཕུར་བ་ལྟར་རྒྱུགས་སོང་། ཁོའི་ཨ་མའི་གདོང་ལ་སྔ་ན་མེད་པའི་དགའ་སྤྲོ་ཞིག་སྐྱེས་ནས་ཡོད་ལ། རྟ་ཁ་ལེན་མཁན་*གྱི་བུད་མེད་ན་རྒས་དེའི་ལག་ལ་ཁ་བཏགས་ཤིག་འཇོག་བཞིན། མགྲོན་པོ་དག་ལ་ཁྱིམ་དུ་འོང་ནས་ཇ་འཐུང་བར་སྐུལ་བཞིན་ཁོམ་གྱིན་མེད། རྟ་ཁ་ལེན་མཁན་གྱི་བུད་མེད་དེ་ནི་རུ་སྡེ་འདིར་མཚོན་ན་ཆེས་ཨ་མ་བསོད་ནམས་ཅན་ལ་བརྩི་བཞིན་ཡོད། དེའི་རྒྱུ་མཚན་ནི་མོའི་བུ་གསུམ་པོ་ལས་བྱེད་པ་ཡིན་པས་རེད། མཚན་མོ་འདི་ནི་ཁོ་ལ་མཚོན་ན་རང་ཉིད་ཆེས་དགའ་སའི་པདྨ་བདེ་སྐྱིད་ཁྱིམ་དུ་བསུས་ཏེ་འཇིག་རྟེན་འཁོར་བ་སྐྱོང་བའི་མགོ་ཚུགས་པའི་ཉིན་མོ་ཡིན་ལ། ཁོང་གཉིས་འགྲོགས་ནས་ཡུན་རིང་འགོར་ཡང་དུས་ཡུན་རིང་བོར་པདྨ་བདེ་སྐྱིད་ཁྱིམ་དུ་བསུ་མ་ཐུབ། ཁོང་གཉིས་ཕན་ཚུན་ལ་བརྩེ་བ་དང་ཞེ་འདང་ཟབ་པས་སྔ་མོ་ནས་གཉེན་བསྒྲིག་པར་སེམས་ཐག་བཅད་ཡོད་ནའང་། པདྨ་བདེ་སྐྱིད་ཀྱི་ཕ་མ་གཉིས་ནི་ཁོའི་ཁྱིམ་ཚང་གི་འབྱོར་བ་དང་། ལྷག་པར་ཁོ་ནི་རྒན་མོ་ཁེར་འདུག་ཅིག་གི་བུ་ཡིན་པས་མགོ་ན་སློབ་གསོ་ཡག་པོ་བྱེད་མཁན་གྱི་ཕ་བཟང་པོ་ཞིག་མེད་པ་སོགས་ལ་ཡིད་མ་ཚིམ་པས། བུ་མོ་པདྨ་བདེ་སྐྱིད་ཀྱི་གཉེན་དོན་ཁས་ལེན་མ་བྱས་པར་མ་ཟད། ཁོ་དང་གཉེན་སྒྲིག་བྱས་ན་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་བཅད་པ་ཡིན་ཚུལ་སོགས་ཚིག་ནག་ཀྱང་འཕངས་མྱོང་ཡོད། དེ་ནི་པདྨ་བདེ་སྐྱིད་ལ་མཚོན་ན་ཆེས་བློ་ཡིས་མི་དཔོག་པ་དང་། གདོང་གཏོད་མི་ཐུབ་པའི་བྱ་བ་ཞིག་ཡིན་ནའང་། མཚན་མོ་དེར་ཕ་མ་གཉིས་ཀྱི་ཚིག་ནག་དང་དམ་ཚིག་སོགས་རྒྱབ་ཏུ་བསྐྱུར་ནས་མོའི་ཚེ་གཅིག་གི་འདུན་མ་བཅོལ་ས་དང་། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་པའི་དམ་བཅའ་སེམས་ལ་བཅུག་ཏེ་ཁོ་ཚང་ལ་མནའ་མར་འབྲོ་བཞིན་ཡོད། མཚན་མོ་དེར་མོ་ཁྱིམ་ན་གཅིག་པུ་ཡིན་ལ། མོའི་ནང་མི་དག་ཟླ་དེའི་ཚེས་བཅོ་ལྔར་ཐོས་བསམ་དགོན་ན་སྟོང་མཆོད་ཅིག་འཛིན་བཞིན་ཡོད་པས། དེར་གྲ་སྒྲིག་བྱེད་དུ་དགོན་པའི་ནང་ལ་སོང་ཟིན་ཞིང་། ཕྱི་ཉིན་མ་གཏོགས་ཕྱིར་མི་ཐོན་པས། ཤུལ་དུ་མོ་རང་གཅིག་པུ་ཡིན། མཚན་མོ་དེ་ནི་པདྨ་བདེ་སྐྱིད་ལ་མཚོན་ན་འཇིགས་སྐྲག་དང་ལྡན་པ་ཞིག་ཡིན་ལ། སེམས་ཁོང་ན་བཤད་མི་ཤེས་པའི་དྲོད་ཁོལ་ཅིག་ཡོད་པའི་མཚན་མོ་ཞིག་ཀྱང་ཡིན། དེ་ལྟར་མོ་རང་ཁོ་ཚང་ལ་མནའ་མར་བུད་ཡོང། ཕྱི་ཉིན་མོའི་ཕ་མ་གཉིས་ཀྱིས་ད་ནས་བཟུང་མོ་ལ་ཡུལ་བ་ཟེར་བ་ཞིག་མེད་ལ། ངེད་གཉིས་ཟེར་བའི་ཕ་མ་ཞིག་ཀྱང་གཏན་ནས་མེད་ཅེས་པའི་ཚིག་གི་མདའ་མོ་དེ་མོའི་སེམས་ཀྱི་ཟབ་སར་ཟུག  ཡིན་ཡང་། མོས་དོན་དེའི་ཕྱིར་དུ་སེམས་པ་སྡུག་དུས་ཨ་ནེས་ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་། ཁྱོ་གས་རང་ལ་སེམས་གསོ་བྱེད་པ་སོགས་ཀྱིས་མོའི་སེམས་ཀྱི་ཁུར་བོ་ཇེ་ཡང་ལ་སོང་། དེ་ལྟར་ལོ་གཅིག་འདས་རྗེས་མོས་ཡི་གར་འོང་བའི་བུ་ཞིག་བཙས་ཤིང་། དེས་ནི་ཁོ་ཚང་ལ་སྔ་ན་མེད་པའི་བདེ་སྐྱིད་ཅིག་བསྐྱལ་ཡོང་བ་དང་། ལྷག་པར་ཁོ་ལ་མཚོན་ན་རང་ཉིད་ནི་ཁེར་འདུག་གི་རྒན་མོ་ཞིག་གི་བུ་ཡིན་པས། ད་བར་དུ་རང་གི་ལག་པ་ཡ་གཅིག་ལྟ་བུའི་ཕ་ཞིག་གམ་སྤུན་ཞིག་ཡོད་ན་འདོད་པའི་སེམས་ནི་ནམ་ཡང་ན་ཟུག་དང་ཁེར་རྐྱང་གིས་བཟུང་ཡོད་ཀྱང་། ད་ནི་རང་ལ་བུ་ཞིག་ཡོད་པས་སུན་སྣང་དང་གདུང་ཡུས་དེ་དག་སྐད་ཅིག་ཉིད་ལ་མེད་པར་གྱུར། 

མི་ལོ་བཅུ་ལྷག་འདས་པའི་རྗེས་སུ། ཁྱིམ་ཚང་འདིར་རྒྱུ་ནོར་ལོངས་སྤྱོད་འཛོམས་ཤིང་། ཁོ་ཡང་ནང་རུ་སྡེ་དང་ཕྱིའི་ཕྱོགས་ལ་ལུང་ན་མི་གླེང་མཁན་མེད་པར་མ་ཟད། ཁོ་མཐོང་ན་གུས་པའམ་སྨོན་པ་བྱེད་མཁན་ཡང་མང་པོ་ཡོད། དེ་ནི་ཁྱིམ་མི་དག་གིས་རྩ་བ་ནས་ཤེས་ཀྱིན་མེད་པའི་ཁོའི་ལྐོག་ཏུ་གྱུར་བའི་བྱ་སྤྱོད་དེ། ཉིན་མཚན་མང་པོར་ཁྱིམ་ལ་མི་ཡོང་བའི་འབྲས་བུ་ཡིན་ཞེས་བཤད་ན་མི་ཆོག་པ་མེད། ད་ལྟ་མི་ལོ་བཅུའི་ཡར་སྔོན་ལ་ཁྱིམ་གྱི་ཕ་མ་གཉེན་ཉེ་དག་བསྐྱུར་ནས་ཁོའི་ཆུང་མར་ཡོང་བའི་པདྨ་བདེ་སྐྱིད་ཀྱི་ཕ་མ་གཉིས་ཀྱི་བསམ་པའི་འཛིན་སྟངས་དང་། མིག་གིས་ལྟ་སྟངས་ཀྱང་འགྱུར་ཡོད་དེ། བུ་མོ་ཁོ་ཚང་ལ་སོང་ནས་ལོ་འགའ་ལོན་རྗེས་གསེར་དངུལ་གྱི་རྒྱན་ཆ་དང་རྣམ་པ་གསར་བའི་ཁ་པར། ད་དུང་མོ་ཊ་ཡང་གཏོང་ཤེས་པར་མ་ཟད་རྒྱུན་པར་བུ་ཆུང་སློབ་གྲྭ་ནས་ཡར་སྐྱེལ་མར་ལེན་བྱེད་ཀྱིན་ཡོད་པའི་གཏམ་སོགས་ཐོས་པས་ཡིན་འདུག  པདྨ་བདེ་སྐྱིད་ཁོ་ཚང་ལ་ཡོང་ནས་ལོ་བཅུ་ལྷག་འདས་སོང་ཡང་། རང་ཁྱིམ་ལ་ཐེངས་གཅིག་ལའང་འགྲོ་མ་མྱོང་ལ། ཡོང་ས་མེད་ཅེས་ཚིག་ནག་ཀྱང་འཕངས་ཚར་བས། མོའི་ཕ་མ་གཉིས་ལ་མཚོན་ན་ཡང་། ད་ལྟ་ཁོ་ཚང་གི་ཁྱིམ་ལ་འབྱོར་བ་རྒྱས་ཤིང་། མི་ལ་མིང་གྲགས་རྒྱས་ན་བུ་མོ་རང་ཁྱིམ་ལ་ཡོང་ཆོག་ཅེས་བཤད་རྒྱུ་ནི་ངོ་ཚ་ཞིག་ཏུ་འདོད་ཀྱིན་ཕན་ཚུན་གྱི་སེམས་པ་ན་ཟུག་གིས་རྨས་ཏེ་བསྡད་ཡོད། 

    སྔོན་ཆད་འབྲོག་ལས་གཉེར་ནས་བསྡད་ཡོད་པའི་སྐབས་སུ། ཁོ་ལ་མཚོན་ན་ཕྱུགས་ཟོག་མང་པོ་འཚོ་རྒྱུ་མེད་ལ། ཡོད་ཀྱང་རྩྭ་ས་ཐམས་ཅད་ལྕགས་རས་བསྐོར་ཡོད་པས་ཉིན་རྒྱུན་རྗེས་དེད་ནས་འཚོ་དགོས་པ་དེ་འདྲ་མིན། དེ་བས། ཁོ་རང་རྒྱུན་པར་སྦག་སྦག་བཞོན་ནས་ཞང་གི་ཐོག་ལ་སོང་ནས་ཇ་ཁང་དང་ཆང་ཁང་མང་པོ་ཉུལ་བའི་གོམས་གཤིས་ཤིག་ཆགས། ཇ་ཁང་དང་ཆང་ཁང་གང་ལ་སོང་ནའང་། མི་ཚང་མར་གོམས་ཡོད་པ་ནི་ཐུན་གཅིག་གི་ཟ་མ་དང་། སྦི་རག་ཤོག་སྒམ་གང་། ཡང་ན། ཐ་མག་སྒམ་ཆུང་འགའ་རེ་དང་གཏེར་ཆུ་འགའ་རེ་སྐུག་རྒྱུ་དེ་ཡིན། དེ་ལ་སོང་གིན་སོང་གིན་ཁོ་ལ་ཡང་དེ་ཉིད་ལོབས་པར་གྱུར་བ་དང་། ཁོ་དང་མི་སུ་ཞིག་རོགས་པ་བྱས་ཏེ་བསྐུགས་ན་དེས་རྒྱལ་དེ་ཉིད་ལོན་གྱིན་ཡོད་པས། མི་ཚང་མས་ཚེ་དཔག་ནི་མི་ཤོག་བ*་ཞིག་རེད། མི་རྒྱུ་བསོད་ཅན་ཞིག་རེད་སོགས་མང་པོ་ལབ་མྱོང་ཞིང་། ཁོ་རང་ཇ་ཁང་དང་ཆང་ཁང་གང་རུང་ལ་ནམ་ཐོན་ཚེ་ནང་གི་མི་ཚང་མས་ཁོ་རང་འཕྲོག་རྩོད་བྱས་ཏེ། རང་ཉིད་དང་མཉམ་པོར་རྒྱལ་ལོན་པར་རེ་བ་རྒྱག་པ་རེད། དུས་སྐབས་དེ་འདྲ་ཞིག་ལ། མི་ལ་ལས་ཁོ་ལ་“ཁྱོད་ཀྱིས་རྒྱལ་ཆེན་པོ་སྐུག་ནའང་ཕམ་ཁ་ཟེར་བ་ཞིག་མེད་པ་འདྲ། ”ཞེས་ལབ་མྱོང་བ་དང་། ཡང་འགའ་རེས་“ཁྱོད་ཀྱིས་སྐུགས་དང་། སྒོར་མོ་ངས་བཙལ། ཡོང་སྒོ་ཚང་མ་དོ་མཉམ་གྱིས་བགོ་ཆོག  རྒྱལ་ཤོར་ན་གྱོང་གུད་ངའི་ཡིན”སོགས་བཤད་མྱོང་། ཁོ་རང་ཉིད་ལ་མཚོན་ན་རྒྱལ་ཆེན་པོ་བསྐུག་འདོད་ཀྱང་སྒོར་མོ་དེ་འདྲ་མང་པོ་མེད་པ་དང་། ཞང་ཐོག་ན་རྒྱལ་དེ་འདྲ་ཆེན་པོ་སྐུག་མཁན་ཡང་མེད་པ་རེད། དེ་བས། ཁོ་རང་ཉིན་ཞིག་ལ་རྫོང་མཁར་དུ་སོང་ནས་ཚོད་ལྟ་ཞིག་བྱ་དགོས་སྙམ། ཏག་ཏག་དེའི་རྗེས་ཀྱི་ཟླ་བ་གཅིག་ལྷག་གི་མཚམས་སུ། རྫོང་གི་དགའ་སྟོན་ཆེན་མོར་ཐོན་པ་དང་། དགའ་སྟོན་དེ་ལ་རྟ་རྒྱུགས་དང་གླུ་གར་གྱི་དགོང་ཚོགས་སོགས་རྩེད་མོ་མང་པོ་ཡོད་ལ། ལྷག་པར་དུ་རྟ་རྒྱུགས་ལ་མིང་གྲགས་ཆེན་པོ་ཡོད་པས། ལོ་རེ་རེར་རྒྱ་བོད་ཧེ་གསུམ་གཙོས་པའི་མི་ཧ་ཅང་མང་པོ་འཛོམས་ཤིང་། སྐབས་དེར། ཚོང་ཁང་དང་མགྲོན་ཁང་། ཟ་ཁང་དང་ཆང་ཁང་། སྨན་ཁང་སོགས་ཀྱི་ཚོང་ལས་ཧ་ཅང་བྲིན་པར་མ་ཟད། ཐ་ན་སྨད་འཚོང་ཁང་དང་རྒྱལ་སྐུག་ཁང་སོགས་ཀྱི་ཚོང་ལས་ཀྱང་ཧ་ཅང་བྲིན་པོ་ཡོད།  ཁོ་རང་དགའ་སྟོན་དེར་ལྟད་མོར་ཡོང་ནས་ཉིན་འགའ་འགོར་བའི་རྗེས་སུ། ལག་གི་དངུལ་ཚང་མ་ཚར་བས་གྲོགས་པོ་ཚོ་དང་མཉམ་པོར་འགྲོ་རྒྱུར་འཚེར་སྣང་འདྲ་ཞིག་སྐྱེས། ཁོ་ཚོས་ཉིན་གང་བོར་རྟ་རྒྱུགས་ཀྱི་ལྟད་མོར་བལྟས་ཤིང་། ཁོ་ཚོས་ནང་ཁུལ་ནས་རང་ཉིད་དགའ་སའམ་བྱ་དགའ་ལེན་པར་ཡིད་ཆེས་ཡོད་པའི་རྟ་རེ་བདམས་ནས་དམངས་སྒོར་སྟོང་རེའི་རྒྱལ་བཞག་པ་དང་། ཁོས་གྱི་ལིང་གཤོག་ཐོགས་བདམས་ནས་རྒྱལ་ཕམ་པར་མ་ཟད། དམངས་སྒོར་སྟོང་གི་བུ་ལོན་ཡང་ཁུར། ཉིན་དེའི་མཚན་མོར། ཁོ་ལ་སྔོན་ཆད་“ཁྱོད་ཀྱིས་རྒྱལ་ཆེན་པོ་སྐུག་ནའང་ཕམ་ཁ་ཟེར་བ་ཞིག་མེད་པ་འདྲ། ”ཞེས་ལབ་མྱོང་མཁན་གྱི་གྲོགས་པོ་དེས་“ད་ནི་སྒོར་མོ་མེད་པ་མ་ཟད། བུ་ལོན་ཡང་ཁུར་ཚར་འདུག དོ་ནུབ་ངས་ཁྱོད་ཀྱི་ལག་ལ་སྒོར་མོ་འཇོག ཁྱོད་ཀྱིས་རྒྱལ་སྐུག་ས་ཆེན་པོ་ཞིག་ནས་ཚོད་ལྟ་ཞིག་བྱོས། ལོན་ན་མཉམ་དུ་བགོ ཤོར་ན་གྱོང་ངའི་ཡིན། ”ཞེེས་བཤད་པས། ཁོས་ཀྱང་སེམས་ཐག་བཅད་དེ་ཞིང་ཆེན་འགའི་རྒྱལ་སྐུག་མཁན་མང་པོ་ཡོད་པའི་ཁང་བ་ཞིག་ཏུ་སོང་། དེ་རུ་ཀོ་ཁུག་ཁུར་བའི་མི་མང་པོ་དུ་སྨུག་ཅིག་གི་ཀློང་ན་འཚང་ཀ་རྒྱག་གིན་འདུག་ལ། ལ་ལས་མཱ་ཅང་གིས་རྒྱལ་ཕམ་འབྱེད་ཀྱིན་ཡོད་ལ། ཡང་འགའ་རེས་ཏག་སེ་བཞག་ནས་རྒྱལ་ཕམ་གྱི་ཐག་གཅོད་ཀྱིན་འདུག ཁོ་རང་ནི་ཏག་སེ་རྩེ་ལ་མཁས་པས་ཏག་སེ་རྩེ་མཁན་དག་གི་གྲལ་ལ་འཚང་ཞིང་། ཡུན་ཙམ་ལ་བལྟས་ཏེ་བསྡད་པ་དང་། ཅོག་ཙེ་ཆེན་པོ་ཞིག་གི་ཐོག་སྒོར་མོས་གང་ཡོད་པ་མཐོང་ཞིང་། དེའི་མཐའ་ན་ཏག་སེ་གསུམ་ལག་ལ་བཟུང་ནས་བསྡད་ཡོད་པའི་མི་ཞིག་གིས་གསེར་གྱི་ལྕགས་ཐག་དང་གདུ་བུ་བླངས་ཏེ་ཅོག་ཙེའི་སྟེང་ལ་བཞག་རྗེས། “ཀིས ངས་མཆོད་མཆོད་གི་སྐྱེས་ལྷ་ཨ་མྱེ་རྨ་ཆེན  དེ་རིང་ཅིག་ཡོད་དགོ  མྱུར་མགྱོགས་ཅན་པོ”ཟེར་བཞིན་ཏག་སེ་གསུམ་པོ་ཅོག་ཙེའི་དཀྱིལ་ལ་གཡུགས་པ་ན། མཐའ་འཁོར་གྱི་མི་ཚང་མས་མིག་ཅེར་ནས་དེ་ལ་མཉམ་གཅིག་ཏུ་བལྟས་པ་ན། ཁོ་ལ་ཡོད་པ་ནི་མདོག་མི་གཅིག་པའི་བཞི་དང་བདུན། བརྒྱད་བཅས་ཡིན་ལ། དེ་མ་ཐག་མི་དེས་ཁ་ནས་“ཇོ་རིན་པོ་ཚར་མ་ཐལ་ན”ཟེར་བཞིན་ཡར་བླངས་ཏེ་བུད་སོང་། སྐབས་དེར་ཁོ་རང་སོང་ཟིན་མ་ཐག་པའི་མི་དེའི་འདུག་སྟེགས་སུ་བསྡད་དེ། གྲོགས་པོས་ལག་ལ་བཞག་པའི་སྒོར་འབུམ་གཅིག་པོ་དེ་རུམ་ནས་བླངས་ཏེ་ཅོག་ཙེའི་སྟེང་བརྩིགས་རྗེས། “ཡ ཤོག ངེད་ཅག་རྩེ”ཟེར། ཁོ་ལ་བྱང་ཆ་ཡོད་པའི་ཉམས་ཀྱིས་(དོན་ངོ་མར་ཐེངས་དང་པོ་ཡིན་པས་བྱང་ཆ་མེད)སྒོར་ཁྲི་གཅིག་གི་རྐེད་ཐག་གྲོལ་ནས་ཉིས་བརྒྱ་ཉིས་བརྒྱ་བྱས་ཏེ་ཅོག་ཙེའི་སྟེང་འཕེན་མགོ་བརྩམས། སྐར་མ་བཅོ་ལྔ་ལྷག་ལ་ཁོ་ཚོ་མི་བཞིས་མཚམས་མ་ཆད་པར་སྒོར་མོ་ཅོག་ཙེའི་སྟེང་འཕངས་ཤིང་། ཁོས་སྒོར་ཁྲི་ལྔ་འཕངས་ནས་ཚར་ལ་ཉེ་བའི་སྐབས་དེར་མི་གཞན་ཞིག་གིས་“ད་ངས་བལྟ་རྒྱུ་ཡིན”ཞེས་བཤད་པ་ན། ཚང་མས་མཚམས་བཞག་ནས་རང་གི་མདུན་གྱི་ཏག་སེ་དག་ལག་ལ་བཟུང་། ཁོས་ཏག་སེ་གསུམ་པོར་གཅིག་རེ་གཅིག་རེ་བྱས་ཏེ་བལྟས་རྗེས། གཞན་པ་དག་གིས་ཅི་བཤད་ལ་སྒུག་ནས་བསྡད། མི་གཉིས་ཀྱིས་མཉམ་གཅིག་ཏུ་རང་ཉིད་ཕམ་འདུག་པའི་ཚུལ་བསྟན་པ་དང་། གཞན་གཅིག་ཡོད་པ་དེས་ནི་“གཉིས་ཆ་ཞིག་ཡོད”ཅེས་བཤད་པ་ན། ཁོས་ཀྱང་“སྟོན་དང་། ང་ལ་ཡང་གཉིས་ཆ་ཞིག་ཡོད”ཅེས་ཅོག་ཙེའི་སྟེང་འཕངས་པ་ན། ཁོ་གཉིས་ཀྱིས་མཐོ་ཤོས་ནི་ཚེ་དཔག་མ་ཡིན་པར་མི་གཞན་པ་དེ་རེད། རབས་དེ་ལ་ཚེ་དཔག་ཕམ་པ་དང་། སྒོར་ཁྲི་བཞི་དང་སྟོང་ཁ་ཤས་ཤོར་འདུག ཡིན་ཡང་། ཁོས་གཞན་ལ་ཉམས་མི་སྟེར་བའི་ངང་ནས་ཡང་བསྐྱར་ཐེངས་གཅིག་གི་མགོ་བརྩམས། རབས་དེ་ལ་ཁོའི་མདུན་ལ་བརྩིགས་པའི་སྒོར་མོ་ཚང་མ་བསྐུགས་ཚར་བར་བྱས་ཏེ། ཁོས་ཀྱང་ཀི་ཞིག་བཏབ་ནས་ཏག་སེ་གསུམ་པོ་ལག་ལ་བཟུང་ནས་ཡར་བླངས་ཏེ་གཅིག་རེ་གཅིག་རེ་བྱས་ཏེ་བལྟས་པ་ན། རང་ཉིད་རྒྱལ་ཡོད་པའི་གདེང་ཞིག་རྙེད། མི་གཞན་པ་དག་གིས་རེ་རེ་བཞིན་བསྟན་ཚར་བ་ན། ཁོ་རང་རྒྱལ་བ་དེ་དོན་དངོས་སུ་གྱུར། སྐབས་དེར་ཁོའི་གྲོགས་པོ་དགའ་དྲགས་ཏེ་ཀི་ཞིག་ཀྱང་ཤོར། ཁོས་ཅོག་ཙེའི་སྟེང་གི་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་དག་ཁུག་མ་ཞིག་ཏུ་བཅུག་པ་དང་། ཡང་བསྐྱར་ཐེངས་གཅིག་གི་མགོ་བརྩམས། སྐབས་དེར་ཁོས་སྒོར་མོ་ཁུག་མའི་ནང་ནས་སྤར་འཛིན་བྱས་ཏེ་ཅོག་ཙེའི་སྟེང་འཕེན་པར་བྱེད་ལ། ཁོའི་ཉམས་ལ་བལྟས་ཚེ་སྤོབས་པ་དང་ང་རྒྱལ་ནི་ཐེངས་དང་པོ་དང་བསྡུར་ན་ལྡབ་འགའ་ཡིས་ཇེ་ཆེར་སོང་འདུག་པ་ཤེས་ཐུབ་ལ། ཐེངས་འདིའི་རྒྱལ་ཁ་ཡང་ཁོ་ལ་ཐོབ་པ་འདྲ་བའི་ཚོར་བ་ཞིག་སྟེར་བར་བྱེད། ངོ་མ་ལས་དབང་ཞིག་གིས་ཡིན་ས་རེད། ཁོ་རང་རྒྱལ་སོང་། ཁོའི་གྲོགས་པོའི་གདོང་གི་འཛུམ་མདངས་དེ་ཉིན་འགའ་ལ་ཡལ་བ་མེད་པར་གྱུར། ལོ་གཅིག་ལྷག་ལ་ཚེ་དཔག་ཚེ་དཔག་ཅེས་མི་ཐུག་ཐུག་རིག་རིག་གི་མདུན་ནས་བསྟོད་བསྔགས་བྱས། 

    དུས་དེ་ནས་བཟུང་། ཁོ་རང་ཉིན་མཚན་མེད་པར་རྒྱུགས་ཀྱང་སོང་མི་ཚར་བའི་ལམ་དེར་ཞུགས་ཟིན་ཞིང་། རང་གིས་སྤོས་པའི་རྐང་རྗེས་དེ་ཡང་བྱེ་མའི་ནང་ལ་སྤོ་བཞིན་པ་ལྟར་ཤུལ་མེད་དུ་གྱུར་འགྲོ་ལ། མི་གཞན་གྱི་ཁ་ན་རླུང་ལྟར་གྲགས་བཞིན་པའི་ཚེ་དཔག་ནི་ཆེས་མཐའ་མར་སྦྲང་རྩི་གསོག་མཁན་གྱི་སྦྲང་མ་ཞིག་རེད་ཅེས་ཀུན་གྱིས་གླེང་མགོ་བརྩམས། 
11/12/2016ཉིན་གྲུབ། 
15/09/2021ཉིན་བཅོས། 

*ཚོང་རྟགས་མིང་གྲགས་ཅན་ཞིག
*བག་མ་ཐོན་དུས་བུད་མེད་ཅིག་གིས་ཁ་བཏགས་བཟུང་ནས་བསུ་མ་བྱེད་པ་ལ་ཟེར། 
*ཏག་སེ་རྩེ་ལ་ཧ་ཅང་མཁས་པར་ཟེར། 

              རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease