ཀུན་བཟང་བདེ་ཆེན།

    རྩོམ་པ་པོ། གཙང་བོ།


ཀུན་བཟང་བདེ་ཆེན།

                        གཙང་བོ།


 

   ༢༠༠༩ལོའི་དགུན་ཁ་ངེད་ཚང་གིས་ནོར་རྣམས་དང་རྩྭ་ས་གཞན་ལ་བཅོལ་ནས་རྫོང་གི་ཁང་བ་གསར་བར་གནས་སྤོས། ཕ་མ་གཉིས་སྔ་དགོང་གཉིས་སུ་དགོན་པའི་ནང་ཕྱག་སྐོར་ལ་འགྲོ་བར་སྟབས་བདེ་བསྐྲུན། ངས་སློབ་གྲྭར་འགྲོ་བཞིན་པའི་ནུ་བོར་ཇ་སྐོལ་བ་དང་། ཁྱིམ་ལ་གད་བདར་བྱེད་པ་སོགས་ལས་ལས་དཀའ་གཞན་པ་མང་པོ་ལས་རྒྱུ་མེད་པས་མཚམས་ཤིག་ནས་རང་འགར་འདུག་རྒྱུར་སུན་ཏེ་རླངས་འཁོར་བཀྲུ་ས་ཞིག་གམ། ཇ་ཁང་གི་ཞབས་ཞུ་མ་གཉིས་ཀྱི་གང་རུང་གི་ལས་དཀའ་གཉེར་བར་འདོད་ཀྱང་ཕ་མ་གཉིས་ཀྱིས་མི་འཐད་པའི་བརྡ་ལ་རྒྱབ་འགལ་བྱེད་མ་ཐུབ་པར་ལུས།

    ནུ་བོ་ཡུལ་ལ་ཐོན་རྗེས་ལས་བྱ་ལ་མགོ་གཡེང་ནས་ཚར་རྒྱུ་མེད་པ་དང་། ཕུ་བོ་རྒྱུན་པར་ཡུལ་ལ་ཡོང་བ་ཉུང་བས། ང་ལ་ཧ་ཅང་ཁེར་རྐྱང་གི་སྣང་བ་ཞིག་ཤར། ཉིན་འགའི་སྔོན་ཕུ་བོས་རྒྱན་འཇོག་ས་ནས་ལོན་པའི་vivo*རྟགས་ཅན་གྱི་ཁ་པར་དེར་བྱང་བུ་ཞིག་བཅུག་པ་ནས་ངས་ནུ་བོ་དང་། ཕ་མ་གཉིས་ལ་ཇ་སྐོལ་བའི་དུས་ཚོད་ལའང་འགྱུར་བ་ཐེབས་ཤིང་ཨ་མས་གཤེ་གཤེ་ཡང་ཐེངས་འགར་བཏང་སོང་།

    ངས་ཁ་པར་དེ་བཟུང་རྗེས་གདོང་མཐོང་མ་མྱོང་བའི་གསར་བུ་འགའ་ལ་ཁ་བརྡ་བྱས་ཤིང་། ཁོ་ཚོའི་ཁྲོད་ཀྱི་གཅིག་གིས་མཚན་མོ་རྒྱུན་པར་ཁྱེད་ཚང་གི་ཤེལ་ཁང་གི་ནང་ཟྭས་ངའི་ལུས་པོ་ཁྱོད་ཀྱི་གམ་ལ་ཐོན་ཐུབ་ཀྱི་མེད་པ་དང་། ཉིན་མོ་ཞིག་ལ་ངོ་ཐུག་ནས་རང་གི་སེམས་ཀྱི་སྐད་ཆ་དག་གདོང་དང་གདོང་གཏད་དེ་བཤད་འདོད་པ་སོགས་ལབ་པར་མ་ཟད། ད་དུང་ན་ནིང་ངས་མོ་ལོ་བཅོ་བརྒྱད་ཀྱི་མགོ་སྐྲ་བསླས་ཤིང་གཟབ་མཆོར་སྤྲས་ཏེ་ཆོ་འཕྲུལ་སྨོན་ལམ་གྱི་གོས་སྐུ་ལ་མཇལ་བའི་ཉིན་དེར་ཁོས་ང་ལྐོག་ནས་བླངས་པའི་པར་ཞིག་ཀྱང་ང་ལ་སྐུར་བྱུང་། དེའི་རྗེས་ནས་ངས་ཕ་མ་གཉིས་ལ་རྫུན་བཤད་དེ་ཨ་ཅེ་གཡང་མཚོ་ཚང་ལ་ཞག་སྡོད་ལ་འགྲོ་བར་ཁ་གཡར་ཏེ་ངེད་གཉིས་ཀྱིས་དུས་ཆད་བགོས་ཤིང་། ཁོ་ནི་ངའི་ད་ལྟའི་ཁྱོ་ག་དོན་གྲུབ་རེད།

    དེའི་རྗེས་སུ་ཁོས་ང་ཆུང་མར་ལེན་རྒྱུ་བྱས་ཤིང་། ངས་ཀྱང་འཐད་པའི་རྣམ་འགྱུར་བསྟན། ཡིན་ནའང་། ངས་ཕ་མ་གཉིས་ལ་གཏད་ནས་བཤད་མ་ཕོད། ཨ་ཅེས་རང་ཉིད་དགའ་ས་ཞིག་རྙེད་ན་སོང་། མ་བུ་མོ་འགྲོ་ས་གནས་ཡིན་ཟེར། དེ་ལྟར་ལོ་མ་སར་བའི་སྔོན་ཏག་ཏག་གི་ཉིན་ཞིག་ངས་ཡང་བསྐྱར་ཕ་མ་གཉིས་ལ་རྫུན་བཤད་དེ་ཨ་ཅེའི་སར་སོང་ཞིང་། མཚན་མོ་དེར་ངའི་རྐང་རྗེས་དོན་འགྲུབ་ཚང་གི་ཁྱིམ་ལ་ཐོག་མར་སྤོས་པ་ཡིན། དེའི་ཕྱི་ཉིན་ནས་ང་ནི་དེ་སྔ་དང་མི་འདྲ་བར་སྔོན་ལས་ལྡོག་ཏེ་འཕོང་ས་ལ་བཞག་ནས་འདུག་ཁོམ་ཙམ་ཡང་མེད་པ་ལྟ་བུ་ཞིག་ཆགས་སོང་། ཨ་ནེ་དང་ཨ་མྱེ་གཉིས་ནི་ལོ་ཡིས་མ་ཐུབ་པའི་རྒོད་པོ་གཉིས་ཡིན་ནའང་། དོན་འགྲུབ་ཀྱི་བཙོན་གྱི་ཕུ་བོས་ཁོང་གཉིས་ཀྱི་སེམས་ལ་སྡུག་བསྔལ་དང་སེམས་ཚེགས་ཀྱི་ཆུ་རྒྱུན་རིང་མོ་ཞིག་བཞུར་དུ་བཅུག་ཡོད་ཚོད་འདུག  ཁོང་གཉིས་ཀྱིས་མནའ་མ་་་་་་མནའ་མ་ཟེར་ནས་ང་ལ་འབོད་ཐེངས་རེར་ངའི་སེམས་ལ་དྲན་པ་ནི་ཡུལ་གྱི་ཕ་མ་གཉིས་རེད། 

    སྔོན་ཆད། ཕུ་བོས་ཆུང་མ་མ་བླང་པར་ང་རང་གནས་ལ་མི་འགྲོ་ཞེས་ཨ་མར་ཡང་ཡང་བཤད་པས། ཕ་མ་གཉིས་ངའི་གཉེན་དོན་ལ་འཐད་པ་བྱུང་ཡོད་ནའང་། ད་ལྟ་ཨ་མར་ཁ་པར་གཏང་རྒྱུ་དེའང་ངོ་གནོང་དགོས་པ་ཞིག་ཆགས་འདུག ཡིན་ནའང་། ཁྱིམ་འདི་ནས་ངས་བྱ་བ་ཅི་ཞིག་ལས་ན་དོགས་ཟོན་དང་གཟབ་ནན་གྱིས་རང་ཉིད་བཅུམས་འདུག་དགོས་པ་ཞིག་རང་བཞིན་གྱིས་གོམས་འདུག་པས། ཕ་མ་གཉིས་ཀྱི་སྐད་ཅིག་ཀྱང་གོ་ན་འདོད་པས་ཁ་པར་བཏང་བ་ཡིན། ཁོང་གཉིས་ཀྱིས་གཞན་གྱི་ཕ་མ་གཉིས་ལ་ངེད་གཉིས་ལྟར་འདང་ཆེ་དགོས་པ་དང་། རང་གི་ཁྱོ་ག་ལ་འཆམ་པོ་འགྲིག་པོ་བྱེད་པ། རུ་སྐོར་གྱི་ཁྱིམ་མཚེས་སོགས་ལ་ཡང་མཐུན་པོ་བྱེད་དགོས་རབས་མང་པོ་ཞིག་བཤད་ལ། ལོ་སར་སྐབས་སུ་ཕུ་བོ་དང་ནུ་བོ་གཉིས་བལྟ་རུ་མངག་ཅེས་བརྗོད་པས་སེམས་གཏིང་ནས་སྡུག་རྒྱུ་དང་དགའ་རྒྱུ་གཉི་ཀ་ཐོན་པར་བྱས་ཤིང་རེ་སྒུག་གི་མིག་ཟུང་ལོ་སར་ཚེས་པར་ཕྱོགས་པ་ཡིན། 

    དེ་རིང་ནི་ལོ་སར་ཚེས་གཅིག་རེད། ཨ་ནེ་ངེད་གཉིས་མདང་ནུབ་ནམ་སྨད་ཀྱི་ཆུ་ཚོད་གསུམ་པར་ཉལ་ཅིང་ཆུ་ཚོད་ལྔ་བར་ལངས་ཏེ་མེ་ཁ་གསོས་ཤིང་ཚེས་ཇ་བསྐོལ་བར་གྲ་སྒྲིག་བྱས། དོན་གྲུབ་ཀྱང་ཆུ་ཚོད་དྲུག་པར་ལངས་ཏེ་མཆོད་པ་བཤམས་ཤིང་།སྡེར་ཁ་བསྒྲིགས། བསང་མེ་གསོས་ཏེ་ཚེས་བསང་ཕུད། ཞོགས་པའི་ཉི་རྩེ་རི་མགོར་འཕྲོས་དུས་ངེད་ཅག་གིས་ཚེས་ཇ་འཐུང་ཞིང་། དོན་གྲུབ་ཀྱིས་རི་བསང་ཕུལ་རྗེས་རུ་སྐོར་ནང་གི་ལོ་སར་མེད་པའི་ཁྱིམ་ཚང་དང་ལོ་ལོན་ཉེ་དུ་དག་ལ་ལོ་སྐལ་བསྐྱལ་ནས་ཕྱིར་ཐོན། ངས་གཟབ་མཆོར་སྤྲས་ཏེ་ཕུ་བོ་དང་ནུ་བོ་གཉིས་འོང་བར་སྒུག་ཡོད། ད་ལྟའི་ངའི་སེམས་པ་ནི་དགའ་སྤྲོ་དང་དངངས་འཚབ་གཉིས་ཀྱིས་དམ་དུ་བཟུང་འདུག་ལ། ནུ་བོ་དང་ཕུ་བོ་གཉིས་ཐོན་ན་ངས་ཅི་ཞིག་བཤད་དགོས་པའང་མི་ཤེས་པ་འདྲ།

    ཐབ་ལ་མེ་བསྣན་རྗེས་ཕྱི་རུ་སོང་ནས་གཞུང་ལམ་ནས་ངེད་ཚང་གི་ལྟག་རྒྱབ་ལ་འཐེན་པའི་ཁེར་ལམ་ནང་རྒྱང་མིག་འཕངས་པ་ན་སྦག་བཞོན་ཅིག་རྟ་རྒོད་སྲབ་ལས་ཤོར་བ་ལྟར་ཐོན་ཡོང་གི་ཡོད་པ་མཐོང་། སེམས་ནས་དགའ་སྤྲོ་ཚད་མེད་ཅིག་སྐྱེས་པ་དང་ལྷན་འདོགས་ཐག་མེད་པའི་ཁྱི་རྒན་རྒྱ་བོར་མིག་ལྟ་བྱེད་བཞིན་ཁོང་གཉིས་ཁྱིམ་དུ་བསུས་ཏེ། མྱུར་བར་ཤེལ་སྒོམ་ནང་བསྒྲིགས་པའི་ཕོར་བ་དག་ལས་གཉིས་བླངས་ཏེ་ནང་དུ་འོ་ཇ་བླུགས་པ་དང་། དཀར་ཡོལ་གཉིས་ཀྱི་ནང་ཐུག་པ་བླུགས། ཨ་ནེ་དང་ཨ་མྱེ་གཉིས་ཀྱིས་ཟོས་དང་འཐུང་ཟེར་བཞིན་དགའ་དགའ་བྱེད། ཕུ་བོས་དོན་གྲུབ་གང་ལ་བུད་སོང་ཞེས་འདྲི་ཞིང་། ངས་ལུག་གི་མཐའ་ལ་སོང་ནས་ཕྱིར་ཡོང་གི་འདུག་ཅེས་བཤད། ནུ་བོས་ཇ་འཐུང་ཞོར་དུ་མཚམས་རེར་ང་ལ་ལྟ་ཞིང་། ལན་རེར་ངེད་ཚང་གི་ཁྱིམ་གྱི་གྱང་ངོས་ལ་བཀལ་བའི་ཐང་ག་དང་མཆོད་ཁྲིའི་མདུན་དུ་བཤམས་པའི་མཆོད་པ། མཆོད་ཁྲིའི་ནང་གི་བླ་མ་དག་གི་སྐུ་པར་ལ་མིག་བཤེར་བྱེད། དོན་གྲུབ་ཁྱིམ་ལ་ཐོན་པ་དང་། ཁོས་ཀྱང་ཁོ་གཉིས་ལ་ཟོས་དང་འཐུང་ཟེར་ནས་དགའ་དགའ་བྱེད་པས་ངའི་སེམས་པ་དྲོད་ཀྱིས་ཁེངས།

    ཅུང་ཙམ་ནས་དོན་གྲུབ་ཀྱི་ཨ་ཅེའི་མག་པ་(ཁྱིམ་མཚེས་ཚང་།)འབོད་དུ་ཐོན་པ་དང་། ཁོང་གཉིས་ཀྱང་ཁོ་ཚང་ལ་སོང་ཞིང་། ངས་ཤུལ་ནས་ཁོ་གཉིས་ཀྱིས་ཁྱེར་ཡོང་བའི་ལོ་སྐལ་གྱི་ཁུག་མའི་ཁ་ཕྱེས་ཤིང་ནང་དུ་སིལ་ཏོག་དང་ཀ་ར། ཐུད། ཀོ་རེ་སྣུམ་བཙོས་སོགས་བསྡུས་འདུག དེ་དག་མཐོང་སྐབས་ངའི་མིག་ལམ་དུ་རང་དབང་མེད་པར་ཨ་མའི་དབྱར་ཁ་འོ་དྲེགས་དང་དགུན་ཁ་སེར་ཁ་གས་པའི་ལག་པ་གཉིས་མངོན། ངས་ཀྱང་ཕྱིར་ཕ་མ་གཉིས་ལ་ལོ་སྐལ་ཅིག་བསྡུ་གསོག་བརྒྱབ་ཏེ་གྲ་སྒྲིག་བྱས་པ་ཡིན། 

    ཁོ་གཉིས་ཕྱིར་འགྲོ་ཁ་ངས་སྔོན་ནས་གྲ་སྒྲིག་བྱས་པའི་ལོ་སྐལ་གྱི་ཁུག་མ་དེ་སྦག་སྦག་གི་འཕོང་ལ་བཞོན་པའི་ནུ་བོའི་ལག་ལ་འཇོག་ཞོར་ཨ་ཅེ་ཚེས་པ་གསུམ་ཉིན་ཡུལ་ལ་ཡོང་ཐུབ་ཅེས་བཤད་པ་ཡིན། ནུ་བོའི་ཕྱིར་མིག་ལྟ་བཞིན་ཁོ་གཉིས་ལམ་ལ་བུད།

   སྟོན་ཁ་ཁྱིམ་ཚང་གཉིས་ཀྱིས་གྲོས་ཁ་བསྡུར་ནས་དོན་འགྲུབ་ངེད་གཉིས་ལ་གཉེན་སྟོན་བྱ་རྒྱུ་བྱས་ཤིང་། ཨ་ཕས་ཟོག་ཁྱུའི་ནང་གི་གཡག་སྐམ་རྒོད་པོ་འགའ་བཙོངས་ཏེ་ང་ལ་གསེར་གྱི་གདུ་བུ་ཞིག་དང་རྣ་ལུང་བྱུར་དམར་གྱིས་ཕྲ་བཏབ་པ་ཞིག་རྡུང་བ་དང་། གཉེན་སྟོན་གྱི་ཉིན་དེར་དོན་འགྲུབ་དང་ཁོའི་ཉེ་དུ་མང་པོས་ཤོམ་བརྒྱབ་ནས་མོ་ཊ་ལྔ་དྲུག་ཅིག་ཁྲིད་དེ་ང་བསུ་རུ་ཡོང་། ཁོ་ཚོས་ངེད་ཚང་གི་དོ་ཕྱར་ཐོག་ལ་གོས་མང་པོ་འཐེན་པ་དང་། སྦྲ་སྒོ་ལ་ཇ་དང་ནས་སོགས་བརྩིགས་ཤིང་། ངེད་ཚང་གིས་ཀྱང་ཉེ་དུ་ཡོད་ཚད་བོས་ཏེ་སྟོན་མོ་རྒྱ་ཆེན་པོ་བཤམས། བཀྲ་ཤིས་པའི་གཡང་འབོད་དང་གླུ་ངག་ཁྲོད་ནས་ང་ལ་སྐྱེལ་མ་བྱས། ང་ནི་ཉིན་དེར་གཏན་དུ་ཕྱིར་ཡུལ་འདི་ལ་མི་ཐོན་པའི་བཟོ་ལྟར་སྐྱེལ་མ་བྱས་ཤིང་། ཕ་མ་གཉིས་ཀྱིས་ང་ལ་ཟོག་དོས་སྐྱེལ་མོ་ཊ་གང་དང་། ཚ་རུ་དང་སློག་པ། སྣམ་ཕྲུག་སོགས་ལྕགས་སྒམ་ཞིག་ཏུ་བཅུག་ཅིང་། འགྲོ་ཁ་ང་ནུ་བོ་དང་ཕུ་བོ་གཉིས་ཀྱིས་ལག་མགོར་ཁྲིད་དེ་ངེད་ཚང་གི་སྦྲ་ནག་ལ་བསྐོར་བ་གསུམ་བྱས་ཤིང་། མི་ཚོགས་ཀྱི་འཚང་ཀའི་ཁྲོད་ནས་ངའི་ངོ་གདོང་དམར་པོར་འགྱུར་བཞིན་མོ་ཊ་དཀར་པོ་མདུན་དུ་ཁ་བཏགས་དཀར་པོ་བཏགས་པ་ཞིག་ཏུ་བཞག ཨ་ཕས་སྦྲའི་ལྟག་བརྒྱབ་ཀྱི་བསང་ཁྲིར་གཡས་སྐོར་བྱེད་ཀྱིན་བསང་འབོད་བྱེད་ལ། ངའི་ཨ་ནེ་གཡང་མོས་ལག་ལ་གསོམ་ཟེའུ་སྐེད་པ་བལ་གྱིས་གཅུས་པ་ཞིག་གི་ནང་ནས་ཆུ་དཀར་ཤད་ཅུང་ཙམ་འདྲེས་པ་ཞིག་སྐྱོགས་སུ་བླངས་ཏེ་ངའི་རྗེས་སུ་མཆོད་བཞིན་སྐད་གསེང་མཐོན་པོོས་ཀུན་བཟང་བདེ་ཆེན་ཨེ། སྐྱིད་ཉི་མ་འདྲ་བོ་ཁྱོས་ཁྱེར། གཡང་རྒྱ་མཚོ་འདྲ་བོ་ཨ་མར་བསྐྱུར་ཞེས་ཐེངས་གསུམ་ལ་བོས་པ་ན་ངའི་ལག་གི་བལ་རིལ་གསུམ་པོ་འཕྲོ་རིམ་འཕྲོར་མོ་ཊའི་སྒེའུ་ཁུང་ནས་ཕྱིར་ངེད་ཚང་གི་སྦྲ་ནག་གི་ཕྱོགས་སུ་འཕངས་པ་ཡིན། ཨ་ནེས་དེ་ལྟར་བོས་པ་དེས་ང་ལ་སེམས་གཏིང་ནས་སྡུག་རྒྱུ་ཞིག་ཐོན་དུ་བཅུག ཡིན་ནའང་འདི་ནི་འཇིག་རྟེན་འཁོར་བའི་སྙིང་བོ་ཡིན་པ་དང་། ལྷག་པར་མ་བུ་མོ་གནས་འགྲོ་མའི་ལས་དབང་རེད་འདོད།

    ༢༠༡༧ལོ་ངེད་ཚང་གི་རྩྭ་སའི་ཐོག་ནས་དབྱར་དགུན་གཉིས་ཀ་སྐྱེལ་མི་ཐུབ་པས་ཟླ་བ་ལྔ་བ་ནས་དགུ་བའི་བར་རྩྭ་ས་གླས་ཏེ་བསྡད། ས་དེ་ནི་རྒྱབ་རི་དང་མདུན་ཆུ། གཡས་གཡོན་ཀུན་དགུན་ས་སྟོང་བ་འགའ་རེད། ངེད་ཚང་དང་དོན་གྲུབ་ཀྱི་ཨ་ཅེའི་མག་པ་ཚང་གཉིས་མ་གཏོགས་མེད་ལ། མདུན་ཕྱོགས་ཀྱི་རྒྱུགས་ཆུ་དེ་ནི་མྱུར་ཞིང་བྲུགས། ཆུ་དེའི་ཕ་རོལ་ན་ཁྱིམ་ཚང་གཅིག་ཡོད་ལ། མཚན་མོ་སྐར་རྒྱན་ཁྲི་འབུམ་གྱི་ལྷིང་འཇགས་ཁྲོད་ནས་དེ་ཚང་གི་ཁྱི་སྐད་བྲག་ཅར་འཁོར།

    ས་དེ་ནི་ཨ་བྲ་མང་ས་ཞིག་ཡིན་པས་ཟླ་བ་བདུན་པ་ནས་ངེད་ཚང་གིས་གླས་པའི་རྩྭ་ས་དེ་ས་ནག་རྐྱང་རྐྱང་གིས་བཟུང་ཞིང་། ཕྱུགས་ཟོག་དག་ལ་ཉིན་གང་བོར་བདའ་རེེས་བྱེད་དགོས་པའི་ཚད་ལ་སླེབས་ཤིང་། ཨ་མྱེས་སྔ་མོར་ཞོགས་ཇ་ཞིག་འཐུང་རྗེས་ལུག་དེད་ནས་རི་མགོར་བུད་འགྲོ་ཞིང་། ཟོག་བཞོས་ཚར་རྗེས་ཁྱིམ་མཚེས་ཚང་རྫོང་ཐོག་ལ་འོ་མ་བཙོང་བར་བུད་འགྲོ་བས། ངས་བྱིས་པ་གཉིས་ཁྲིད་དེ་ཟོག་རྫི་བྱས་པ་ཡིན་ལ། ཨ་ནེས་ནི་དབྱར་དགུན་མེད་པར་རྫོང་ནས་སློབ་ཆུང་འགྲིམ་པའི་སློབ་མ་དག་ཕལ་སྐྱེལ་ཚུར་ལེན་དང་དེ་དག་ལ་ཇ་མ་བྱེད་དགོས་པས་གཟའ་མཇུག་རེ་མ་གཏོགས་ཕྱིར་ཡུལ་ལ་ཐོན་གྱིན་མེད། མཚམས་རེར་ཆུའི་ཕ་རོལ་ལ་ཟོག་ཤོར་ནས་ཉེན་ཁ་མང་པོ་བརྒྱུད་དགོས་པ་བྱུང་། དོན་འགྲུབ་ཀྱིས་རྫོང་མཁར་ནས་རྒྱན་འཇོག་ས་ཞིག་སྲུང་ནས་ཡུལ་ལ་མི་ཡོང་ཞིང་། ཁ་སང་མཚན་མོ་ཆར་ཆེན་པོ་ཞིག་བབས་ནས་ཁྱིམ་ལ་ཆུ་ལོག་རྒྱུགས་ཤིང་། བྱིས་པ་གཉིས་དང་ངེད་གསུམ་ཉལ་ས་མེད་པར་གྱུར། ངས་དངངས་སྐྲག་གི་ཁྲོད་ནས་ངུ་ཞོར་དུ་སྐད་གསེང་མཐོན་པོས་ལུག་མཐའ་ན་ཉལ་བའི་ཨ་མྱེ་ལ་བོས་ནའང་ཁོང་གིས་མ་གོ་ལ། ཕྱི་ཉིན་ཞོགས་ཇ་འཐུང་དུས་ངས་ངུ་ཞོར་དུ་ཁོང་ལ་དོན་དག་དེ་བཤད་པ་ན་ཁོས་ཅི་ཡང་མི་སྨྲས་མ་བྱུང་། སྐབས་དེར་ངས་རང་གི་ཕ་མ་གཉིས་དང་ཕུ་བོ་དང་ནུ་བོ་ཧ་ཅང་དྲན་ནའང་ཁོ་ཚོར་ངས་དབྱར་ཁ་འདིར་བརྒྱུད་པའི་དཀའ་ཁག་དག་བཤད་མ་ཕོད། ངོ་མ་བཤད་ན་དབྱར་ཁ་འདི་ནི་ང་ལ་མཚོན་ན་ཉེན་ཁ་ཆེ་བའི་དུས་ཤིག་རེད། 

    ཨ་ཕ་ང་ཚོར་ལྟ་རུ་ཡོང་བའི་ཉིན་དེར་ང་ཡུལ་ན་མེད་པར་ཟོག་གི་རྗེས་ན་ཡོད།ཕྱི་དྲོ་བྱིས་པ་གཉིས་དང་ངེད་ཚོ་ཡུལ་ལ་ཐོན་རྗེས་ངས་ཨ་ཕར་དོན་དག་དེ་བཤད་འདོད་ནའང་ཁོས་སེམས་ཁུར་བྱེད་པར་དོགས་ཏེ་མ་བཤད། ཡིན་ནའང་། ཉིན་འགའ་འགོར་རྗེས་ཁོས་ཨ་མ་ཁྲིད་ནས་ཐོན་བྱུང་། ཨ་མས་ང་ལ་ཉིན་བཅུར་འདུག་རོགས་བྱས་ཤིང་། ཟོག་རྫི་བྱེད་རོགས་བྱས། ངས་ཨ་མར་འུ་ཚང་གིས་ཀྱང་དཀར་བསོག་བྱེད་དགོས་པས་ད་འདུག་མི་དགོས་ཞེས་བཤད་ནའང་མོས་ཁ་ཡ་མི་བྱེད་པར་ཁ་བརྡ་གཞན་པ་ཞིག་བཤད་འགྲོ 

    ཟླ་བ་བཅུ་བར་ངེད་ཚང་དགུན་སར་རུ་སྤོས་ཤིང་། མི་ཟོག་གཉི་ཀ་བག་ཕེབས་ཀྱིས་གནས། དོན་འགྲུབ་ཀྱིས་དགུན་ཁ་དེར་གཤིབ་རྟ་གོང་ཆེན་ཞིག་ཉོས་ཤིང་། ངས་དགུན་ཟླ་གསུམ་ལ་རྟ་དེ་རང་ཁྱིམ་གྱི་མི་བཞིན་གཅེས་གཅེས་བྱས་ཏེ་གསོས་པ་ཡིན།མཚམས་རེེར་དོན་འགྲུབ་ཡོང་ནས་རྟ་རྒན་དེར་གཡས་ལྟ་གཡོན་རྟ་བྱེད་བཞིན་ཆུ་བླུད་པ་དང་ཡུག་རྩྭ་འཕེན་པར་བྱེད་ལ། སྲབ་དང་སྲབ་མདའ་སོགས་གང་བསམ་སར་བཞག་པ་མཐོང་དུས་ང་ལ་སྡིག་མོ་གཏོང་། དུས་ཚོད་ལྟར་ཆུ་བླུད་པ་དང་ཡུག་རྩྭ་འཕེན་པ། ད་དུང་ནམ་ཟླ་འཁྱག་དུས་རྟ་ཁེབས་རྒྱག་པ་སོགས་ནི་ངའི་འགན་ཁུར་ཡིན་པས་དེ་ནི་ང་ལ་མཚོན་ན་ཁུར་བོ་ལྷག་མ་ཞིག་རེད། 

    ད་ནི་ང་རང་ཡུལ་ལ་མ་ཐོན་པར་ལོ་དྲུག་ལྷག་འགོར་ལ། དེའི་ཡུན་ལ་དོན་འགྲུབ་ཀྱིས་དགུན་ཁ་རྫོང་མཁར་ནས་རྒྱན་འཇོག་ས་ཞིག་སྲུང་ནས་འདུག་ཅིང་། སོས་བུད་པ་ནས་རྟ་རྒན་ཁྱེར་ནས་ལ་ལུང་ཉུལ་ནས་ཉི་མ་ཕུད་འགྲོ  གཉིད་མི་ཁུག་པའི་མཚན་མོ་ལ་ལར་ནམ་ཞིག་གི་ཚེ་ན་ཁོས་རྒྱན་བཞག་ནས་ཁྱིམ་ཚང་འདིའི་སྒོ་ཕྱི་ཁྱིམ་ཚང་མ་སྟོང་བར་འཕུད་མ་སོང་ཚེ་ངས་ནི་དཀའ་ལས་འདི་དག་མྱོང་དགོས་ཀྱང་སྐྱོན་མི་འདུག་སྙམ།

                         རྩོམ་སྒྲིག་པ། གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease