ས་སྐྱིད་པོ་བྱང་གི་རྩྭ་ཐང་རེད།

    རྩོམ་པ་པོ། རྣམ་གླིང་རིན་ཆེན།


ས་སྐྱིད་པོ་བྱང་གི་རྩྭ་ཐང་རེད། 


               རྣམ་གླིང་རིན་ཆེན

      མཚན་མོ་དེར། ཆང་བཏུངས་དྲགས་པས་ངའི་ལུས་སེམས་གཉིས་ཀ་བཟི་ནས་ར་རོར་གྱུར་སོང་།  ང་ལ་དྲན་པ་རབ་རིབ་ཅིག་ཡོད་དུས། ངས་ཁོ་མོ་ལུས་འོག་ཏུ་མནན་ཏེ་འཕག་འཚག་རྒྱག་གིན་འདུག  ད་སོ་མ་ངས་ཁ་ཡག་ངོ་དགའི་འདོད་གཏམ་ཅི་རིགས་སྨྲས་ཏེ་ཁོ་མོའི་འདོད་སེམས་འཕེལ་དུ་བཅུག་ཀྱང་། ཁོ་མོས་རྐང་འཇབ་ལག་འཇབ་ཀྱིས་ང་ལ་རྒོལ་ལན་སྤྲད་དེ་ངའི་འདོད་གཏམ་ལ་ཁ་ཡ་གཏན་ནས་མི་བྱེད་མོད། ངས་སེམས་ཤུགས་མ་ཉམས་པར་མུ་མཐུད་དེ་ཁོ་མོའི་རྣ་དབང་དང་དེ་མིན་རེག་བྱ་སྐྱེན་པའི་གནས་མང་པོར་ཕུར་མཉེད་དང་འོ་གང་འདོད་བྱས་ཏེ་རྒོད་མ་ལྟ་བུའི་ཁོ་མོའི་སེམས་པ་འདུལ་གང་ཐུབ་བྱས་རྗེས། ད་གཟོད་མོའང་དལ་གྱིས་ངའི་བཙན་འཛུལ་ལ་འགྲན་ཡ་མི་ཆོག་པར་མིག་ཟུང་དལ་གྱིས་བཙུམས་སོང་།  ཕྱི་རོལ་ཏུ་ཁུ་སིམ་མེར་འདུག སྨག་རུམ་གྱི་ཡོལ་བས་ཕྱི་རོལ་ཡུལ་གྱི་རི་རབ་ཁང་ཁྱིམ་རབ་རིབ་ཙམ་ལས་མིག་ཟུང་གིས་གཟུང་དཀའ།

       མཚན་མོར་དེར། ང་དང་ཁོ་མོ་གཉིས་ཀ་ཆང་གིས་བཟི་ནས་ལུས་པོ་ར་རོར་གྱུར་ཏེ། མགྲོན་ཁང་དེར་ཇི་ལྟར་སླེབས་མིན་གསལ་ཆ་ཅི་ཡང་མི་འདུག ངས་ཤེས་དུས་ངེད་གཉིས་པོས་ལུས་པོ་གཅེར་བུར་བཏོན་ཏེ་གཅིག་ལུས་གཅིག་གིས་མནན་ཏེ་ཉལ་འདུག “ཁྱོད་ངོ་མ་སུན་སྤྱད་ཅིག་རེད། ང་ཉལ་དུ་ཆུགས” དང་ཐོག་ཁོ་མོས་ང་ལ་རྒྱབ་གཏད་དེ་ངས་བྱ་སྤྱོད་སྤེལ་བར་ངོ་རྒོལ་དྲག་པོ་བྱེད་པ་མ་ཟད། ང་དང་བར་ཐག་ངེས་ཅན་བཞག་སྟེ་བདེ་བའི་གཉིད་ལ་རོལ་བའི་སྟ་གོན་བྱེད་མོད། ངས་ཁོ་མོའི་ལུས་རྒྱབ་ནས་དམ་པོར་འཐམས་ཏེ། མོའི་སྐྲ་ལོ་དང་། རྣ་རྩ། མཇིང་པར་རེས་མོས་ཀྱིས་འོ་སྦྱར་བ་མ་ཟད། རང་གི་རྐང་པ་ཡ་གཅིག་ཁོ་མོའི་བརླ་གཉིས་པོའི་བར་དུ་བསྲིངས་ཏེ་བྱིལ་བྱིལ་དང་ཕུར་ཕུར་ལན་མང་བྱས་མཐར། ཁོ་མོས་རང་འགུལ་གྱིས་ངོ་གདོང་ང་ལ་ཕྱོགས་ཏེ་འཛུམ་དམུལ་དམུལ་གྱིས་ངའི་མགྲིན་པར་དམ་དུ་འཁྱུད་བྱུང་། ཕན་ཚུན་གཅིག་ངོ་གཅིག་ལ་གཏད་དེ་འཐམ་འཁྱུད་བྱེད་དུས། མཁྲང་ཞིང་ཟླུམ་པའི་ཁོ་མོའི་མྱོས་བུམ་ཟུང་ངའི་བྲང་ཁར་ཡང་ཡང་འཕྱོ་འོང་། ཁོ་མོའི་མྱོས་བུམ་ཟུང་ནི་གཡང་དཀར་ལུ་གུ་ཟུང་དང་འདྲ་བར་ངའི་བྲང་ཁར་མཆོང་ལྡིང་ཡང་ཡང་བྱེད། ཁ་དང་ཁ་མ་ཕྲད་ཀྱང་སྣ་དང་སྣ་ཕྲད་པའི་སྐད་ཅིག་མ་དེར། སྣ་ཟུང་ལས་འཕྱུར་བའི་དབུགས་རྒྱུན་ཐུང་ངུས་ངེད་གཉིས་པོའི་སྙིང་ཁ་རྡིག་རྡིག་ཏུ་གཡུག་ཅིང་། རྡིག་རྡིག་ཏུ་གཡུག་བཞིན་པའི་སྙིང་གི་འཕར་སྒྲ་ནི་ངེད་གཉིས་པོར་སྔ་ཙམ་ནས་འདོད་པའི་གར་ལ་ཞུགས་ཤིག་ཅེས་རོལ་ཆ་སྙན་མོ་ཞིག་དཀྲོལ་བ་དང་ཅིས་མི་འདྲ། ངས་དེ་ལྟར་རོལ་ཆ་སྙན་མོ་དེའི་རམ་འདེགས་འོག ཁོ་མོ་ལུས་འོག་ཏུ་མནན་ཏེ་འདོད་པའི་ཟློས་གར་འཁྲབ་འགོ་བརྩམས་ཤིང་། པད་མའི་ལོ་མ་ལས་ཀྱང་སྲབ་པའི་ཁོ་མོའི་མཆུ་འདབ་ལ་འོ་སྦྱོར་བ་དང་། འཇམ་ཞིང་མཉེན་ལ་ལིང་ལིང་དུ་འཕགས་པའི་མྱོས་བུམ་ཟུང་ལ་ལག་དལ་མོས་ཕུར་ཕུར་ལན་འགའ་བྱས་རྗེས། ད་གཟོད་ཁོ་མོའི་ངག་ནས་མི་སེམས་བསྲེགས་པར་བྱེད་པའི་འཁུན་སྒྲ་ཐན་ཐུན་རེ་འབྱིན་འོང་།

       མཚན་མོ་དེར། ཁོ་མོས་སྨྲ་བ་མེད་པར་མོ་རང་ངའི་འཕོངས་འོག་གི་བཞོན་རྟ་བྱེད་དུ་བཅུག་པས། ངས་ཁོ་མོ་ལུས་འོག་ཏུ་མནན་ཏེ་དབུགས་ཧལ་ཧལ་འཕྱུར་བ་ཞིག་བཟོས་རྗེས། ད་གཟོད་རིག་པ་ལྕགས་སྐུད་བཞིན་བསྒྲིམས་ནས། ཁོ་མོའི་མི་སེམས་བསྲེགས་པར་བྱེད་པའི་འདོད་པའི་འཁུན་སྒྲ་དང་། དུག་སྦྲུལ་བཞིན་ངའི་ལུས་ལ་དམ་པོར་འཁྱུད་ཅིང་འདོད་ཆགས་ཀྱི་མེ་ལྕེ་དྲག་ཏུ་འབར་གྱིན་པའི་ཁོ་མོའི་མིག་ཟུང་གི་ལྕགས་ཀྱུ་དང་བསྡོངས་ནས་འཕོངས་འོག་གི་བཞོན་རྟ་དེའི་སྲབ་ཁ་རང་དགར་ཁ་ལོ་སྒྱུར་བ་དང་། ཁོ་མོའི་དཀར་འཇམ་གྱི་ལུས་པོ་གར་སྟེགས་སུ་བྱས་ཏེ་འདོད་པའི་བྲོ་གར་གྱི་འགོ་བརྩམས། 

       བུ་མོ་ཞེས་པ་ནི་དོན་དམ་དུ་སེམས་པ་ཧ་ཅང་སྙི་བའི་རིགས་ཤིག་ཡིན་འདུག ཐོག་མར་བརྩེ་བ་མེད་ཚུལ་དང་འདོད་པ་མེད་ཚུལ་སྨྲས་ཏེ་ང་ཚོའི་ཕྱོགས་སུ་ཁ་ངོ་ཕར་བཞག་ལྟག་ཁུང་ཙམ་ཡང་ལྟ་བར་མི་བྱེད་མོད། གལ་ཏེ་ཁྱེད་ཀྱིས་ཁོ་མོའི་འདོད་ཆགས་འཕེལ་དུ་བཅུག་པའམ་ཁོ་མོ་བརྩེ་དུང་གི་རྙི་ལ་བཙུད་ཐུབ་ན། ད་གཟོད་ཁོ་མོས་རང་གི་གདོང་ལ་བསྐོན་པའི་གཟུགས་མེད་ཀྱི་ངོ་འབག་དེ་འཛེམ་བག་མེད་པར་བཤུས་ནས། མོའི་རང་གཤིས་ངོ་མ་དེ་དམར་རྗེན་དུ་གཤོམ་པར་ཐེ་ཚོམ་ཅི་ཡང་བྱ་མི་སྲིད་ལ། འཇིག་རྟེན་ཕོ་མོའི་མཐུན་སྦྱོར་གྱི་བྱ་བར་འཇུག་དུས་ཀྱང་། སྐྱེས་པ་ལས་ལྡབ་མང་པོས་དཔའ་ངར་ཆེ་ལ་སྒམ་ཞིང་བརླིང་། ཁོ་མོའང་དེ་ལས་མ་འདས་ཏེ། ཐོག་མར་ངས་མོ་རང་ལ་འོ་སྦྱོར་བར་བརྩམས་ཚེ། ཁོ་མོས་ངོ་གདོང་གཞོགས་གཅིག་ཏུ་གཅུས་ཏེ་ངས་འོ་སྦྱོར་བར་རྒོལ་ལན་སྤྲོད་པ་མ་ཟད། ངར་ཤུགས་ཆེན་པོས་ངའི་ལག་པ་ཁོ་མོའི་ལུས་ལ་རེག་ཏུ་མི་འཇུག་མོད། དལ་གྱིས་དབང་པོ་དང་དབང་པོ་ཕྲད་པའི་སྐད་ཅིག་མའི་དུས་དེ་ལ། ད་གཟོད་ཁོ་མོའང་རྔོན་པས་བཟུང་བའི་རི་དྭགས་རྨས་མ་ཞིག་དང་འདྲ་བར་ཕར་རྒོལ་གྱི་སྟོབས་ཤུགས་ཟད་དེ་སྨྲ་མེད་ཀྱི་བརྟུལ་ཞུགས་བཟུང་ནས་གཞན་གྱི་བཀོད་པར་མི་ཉན་ཐབས་མེད་དུ་གྱུར།

     ཁོ་མོའི་མིང་ལ་པད་མ་ཟེར། སྤྱིར་ཁོ་མོའི་མིང་ལ་པད་མ་ཟེར་མོད། ངའི་སྣང་ངོར་མིང་དེ་ཁོ་མོར་དེ་ཙམ་མི་འཚམ་པར་འདོད། སྤྱིར་ན་མོ་རང་མེ་ཏོག་པད་མ་བཞིན་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མ་མ་འགོས་པ་ཞིག་དགོས་མོད། ཁོ་མོ་ནི་དེ་ལས་ལྡོག་སྟེ་ཆང་འཐུང་བར་དགའ་ཞིང་། ལྷག་པར་དུ་ཆང་གིས་བཟི་ཐེངས་རེར་ཆང་གི་ངར་ཤུགས་ཚང་མ་མོ་རང་གི་རྩ་ལམ་སོ་སོར་ཐིམ་པ་ལྟར། འཁྲིས་སུ་སྐྱེས་པ་ཞིག་ཡོད་ཚེ་དེ་མ་ཉིད་དུ་ཁོའི་མགུལ་ལ་འཁྱུད་དེ་འདོད་གཏམ་སྨྲ་བ་དང་། ཟུར་མིག་འཕེན་པ། འོ་བྱེད་པ་སོགས་འདོད་སྲེད་ཀྱི་བྱ་བ་འཛེམ་བག་མེད་པར་སྤེལ་བར་གོམས་ཤིང་། གལ་ཏེ་སྐྱེས་པ་དེས་ཀྱང་ཁོ་མོར་མོས་པ་ཡོད་པའི་བརྡ་བསྟན་ཚེ། ཁོ་མོས་སྐྱེས་པ་དེ་དང་ལག་རྡང་སྦྲེལ་ནས་ཕྱི་ལོགས་སུ་འབུད་ངེས་ཤིང་། གལ་ཏེ་སྐྱེས་པ་དེས་ཁོ་མོར་ཁ་ཡ་དེ་ཙམ་མ་བྱས་ཚེ། ཁོ་མོས་ངུ་ཤུམ་བྱས་ཏེ་ཆང་ཁང་དེའི་ཁོར་ཡུག་རེ་ཞིག་ཟང་ཟིང་དུ་གཏོང་བ་མ་ཟད། ཆང་འཐུང་ལ་དགའ་བའི་སྐྱེས་པ་ཚོའི་ཆང་འཐུང་བའི་དང་གའང་དཀྲུག་འགྲོ ཡང་སྒོས་སུ་མེ་ཏོག་པད་མ་ནི་ཉི་མའི་གཉེན་ཡིན་པར་གྲགས་པས། ཉིན་མ་འཆར་ཚེ་མེ་ཏོག་པད་མ་ཞལ་ཁ་འབྱེད་མོད། བུ་མོ་པད་མ་ནི་དེ་ལས་ལྡོག་སྟེ་ཉིན་དཀར་གྱི་དུས་སུ་མལ་ཐུལ་མགོ་ལ་གྱོན་ནས་ཉལ་མཁན་ཞིག་ཡིན་པས། ཉི་མའི་དྲོད་ཁོལ་ལོངས་སུ་སྤྱོད་ཐབས་བྲལ། ཡང་གཅིག་བཤད་ན། ཁོ་མོ་ནི་འུག་པ་ཞིག་དང་འདྲ་སྟེ། མཚན་མོ་ཁོ་ན་ཁོ་མོར་དབང་བའི་འཇིག་རྟེན་ཡིན་པས། སྨག་རུམ་གྱི་ཀློང་དུ་ད་གཟོད་ངོ་འབག་བཀྲོལ་ནས་རང་འདོད་བཞིན་ལང་ཚོའི་མཛེས་པ་དང་གར་གྱི་སྟངས་སྟབས་ངོམ་ཆོག་པས། ཁོ་མོའི་མིང་ལ་པད་མ་ཟེར་བ་ལས་ཀུ་མུད་ཅེས་ཟེར་ན་འཚམ་པར་མཐོང་།

       པད་མ་ཟེར་བའི་བུ་མོ་དེ་ཐོག་མར་ངོ་ཤེས་དུས་བོད་ཟས་ཁང་ཆུང་ཆུང་ཞིག་ཏུ་ཡིན་ཞིང་། མ་གཞི་ཁོ་མོའི་བྱད་བཞིན་དཀར་ལ་དམར་མདངས་རྒྱས་པས། འབྲོག་ཁུལ་གྱི་ན་ཆུང་བུ་མོ་ཞིག་གི་མཛེས་པ་མ་ལུས་ཡོངས་སུ་རྫོགས་པ་དང་། གཟུགས་བྱད་ཀྱང་ཕྲ་ཞིང་ལྡེམ་པས་ཁོ་མོ་རིག་མྱོང་བའི་སྐྱེས་པ་ཞིག་ཡིན་ཕྱིན། སྤྱིར་བཏང་དུ་རང་གི་མིག་ཟུང་ལའང་བདག་པོ་བྱེད་མ་ཐུབ་པར་ཁོ་མོའི་ཕྱོགས་སུ་མིག་མདའ་ཡང་ཡང་འཕེན་པར་ཐལ་ངེས། ལྷག་པར་དུ་སྨྲ་ཤེས་ཤིང་དོན་གོ་ནུས་པ་ལྟ་བུའི་ཁོ་མོའི་མིག་ཟུང་མཐོང་དུས། ང་ཚོའི་འདོད་སེམས་ཀྱི་རྦ་རླབས་ལྷོག་ལྷོག་ཏུ་འཁོལ་རྒྱུ་གདོན་མི་ཟ་བས། ངས་ཐོག་དང་པོར་ཁོ་མོ་རིག་དུས་ཀྱང་རང་སེམས་ཀྱི་རྟ་ཕོ་གཅུན་མ་ཐུབ་པར། མིག་འབྲས་ཟུང་ཁོ་མོའི་བྲང་གཞུང་ན་ས་ལྡིང་གནམ་ལྡིང་བྱེད་པའི་ལུ་གུ་ལྟ་བུའི་མྱོས་བུམ་ཟུང་དང་། སྟ་ཟུར་དང་འཕོངས་ཚོས་སོགས་ན་ཆུང་མའི་མྱོས་བྱེད་ཀྱི་ཆ་ཤས་ལ་རང་དགར་ལྟ་བར་ཐལ་འགྲོ

       དཀར་ལ་རེག་བྱ་འཇམ་པའི་ཁོ་མོའི་ལུས་པོ་དང་། མི་སེམས་ལ་ཆགས་པ་སློང་བར་བྱེད་པའི་འཛུམ་བག སྙིང་ཁ་དྲག་ཏུ་ལྡིང་བར་བྱེད་པའི་མོའི་མིག་ཟུང་གི་ཟུར་མདའ་རེ་རེས། ང་ནི་བཀྲེས་སྐོམ་གྱིས་གཙེས་པའི་སྤྱང་ཀི་ཞིག་དང་འདྲ་བར། འདོད་པའི་སྤུ་ལོང་རབ་ཏུ་གཡོས་ཏེ་དེ་མ་ཉིད་དུ་ཁོ་མོའི་ལུས་པོ་ཧྲིལ་པོ་ཁྱུར་མིད་གཏོང་བའི་བསམ་བློ་འཁོར། མཚན་མོ་དེར། པད་མར་འདོད་པ་ཡིད་ཚིམས་པ་ཞིག་སྤྱད་རྗེས། ང་ལ་ད་གཟོད་རང་ཉིད་ཀྱི་ལུས་སེམས་ཀྱི་རྡོག་ཁྲེས་ལྕི་མོ་ཞིག་ཐང་ལ་ཕབ་པ་ལྟ་བུའི་སྐྱིད་སྣང་ཞིག་བྱུང་། དེ་འདྲའི་སྐྱིད་སྣང་ཞིག་གིས་ངས་ཡུད་ཙམ་ཞིག་གི་རིང་རང་ཉིད་ནི་གཉེན་བསྒྲིགས་པའི་སྐྱེས་པ་ཞིག་ཡིན་པའང་རང་དགར་བརྗེད། 

       བདེ་སྐྱིད་ཀྱི་དུས་ཚོད་ནི་ནམ་ཡང་ཧ་ཅང་ཐུང་ཐུང་ཞིག་སྟེ། པད་མ་དང་འདོད་པའི་བྲོ་གར་ལ་རོལ་རྗེས་ད་ལྟའི་སྐྱིད་ལྷང་ལྷང་གི་ཚོར་བ་དེའང་ཆུ་ཡི་ལྦུ་བ་ཇི་བཞིན་དལ་གྱིས་ཡལ་ཞིང་། ཡིད་ཀྱི་ལྷ་ལམ་ཡངས་མོར་ཆུང་མའི་གཟུགས་བརྙན་ངང་གིས་འཁོར། ངས་ད་གཟོད་རང་ཚོད་མ་ཟིན་པར་ཆུང་མའི་ལྐོག་ཏུ་བུད་མེད་གཞན་དང་ལུས་འབྲེལ་བྱས་པ་ནི་ནག་ཉེས་ཧ་ཅང་ཆེན་པོ་ཞིག་བསགས་པའི་སེམས་བྱུང་སྐྱེས་ཏེ། སེམས་ལ་ངང་ངམ་ཤུགས་ཀྱིས་གནོང་འགྱོད་ཀྱི་བསམ་པ་དྲག་པོ་སྐྱེས། ངའི་ཆུང་མ་ནི་ནམ་ཡང་མི་དེ་འདྲ་ཞིག་ཡིན་ཏེ། རྒྱུ་མཚན་ཅི་ཡང་མེད་རུང་དོན་དག་ཕྲན་བུ་ཙམ་གྱི་དོན་དུའང་ང་ལ་ཁ་རྩོད་རྒྱག་པར་ལོབས་ཡོད།
 “ དོ་ནུབ་ཁྱོད་ཀྱིས་ཆང་བཏུངས་པ་ཡིན་ནམ”
 “ཁྱོད་ཀྱིས་ཆང་ཁོ་ནར་ཤི་འཐམ་རོ་འཐམ་བྱས་ནས་བསྡད་ན། ངས་ཁྱོད་དང་མི་ཚེ་སྐྱེལ་ཐུབ་པ་མི་འདུག  ང་གཉིས་གཉེན་འཐོར་བྱ”
       ཁོ་མོས་ནམ་རྒྱུན་ཁ་པར་གྱི་ལམ་ནས་གཉེན་འཐོར་བྱེད་པའི་རེ་བ་བཏོན་ནས་ང་ལ་རྫིག་རྫིག་བྱེད་པ་ཐེངས་གཅིག་གཉིས་ག་ལ་ཡིན། དོན་དམ་དུ། ཁོ་མོས་ང་དང་གཉེན་འཐོར་བྱ་ཕོད་དམ། དང་ཐོག་ཁོ་མོས་ང་དང་གཉེན་འཐོར་བྱེད་པའི་རེ་བ་འདོན་དུས་ངའི་སྙིང་ལ་སྦར་བྲད་བརྒྱབ་པ་ལྟ་བུའི་ན་ཟུག་ཅིག་ལྡང་འོངས་མོད། ནམ་རྒྱུན་ཁོ་མོས་དོན་དག་ཆུང་ཆུང་ཞིག་གི་སླད་དུའང་ང་དང་དྲག་པོའི་ཁ་འཛིང་བརྒྱབ་སྟེ་ངའི་ཡིད་ངོགས་སུ་འཁྱིལ་བའི་དྭངས་གཙང་ལྷིང་འཇགས་ཀྱི་མཚོ་མོ་ཡང་ཡང་སྐྱོམ་པར་བྱེད་པས། རིམ་གྱིས་ང་རང་ཡང་ཁོ་མོར་ཁ་ལན་སློག་འདོད་མེད་པར་ཁོ་མོས་ཅི་ཞིག་བཤད་རུང་ཁ་རོག་གེར་འདུག་པར་གོམས་སོང་། ངའི་བསམ་པར་ཁོ་མོས་ཅི་བཤད་ལ་རྣ་བ་མ་བླགས་ན་ཕན་ཚུན་བར་གྱི་རྩོད་པ་ངང་གིས་ཞི་འགྲོ་ངེས་སྙམ་མོད། ཁོ་མོར་ཁ་ལན་མ་བསློགས་ན་ཁོ་མོའི་བསམ་པར་ངས་མོ་རང་མིག་ལ་འཇོག་གི་མི་འདུག་བསམས་ཏེ་རྩོད་པ་སྔར་བས་ཇེ་ཆེར་འཕེལ་འགྲོ འོན་ཀྱང་། ཕྱིས་སུ་ཁོ་མོས་ང་ལ་གཉེན་འཐོར་རྒྱུའི་རེ་བ་འདོན་དུས། ང་ལ་སྔོན་ཆད་ཀྱི་སྐྱུར་ཅང་ཅང་གི་ཚོར་བ་དེ་འདྲ་གཏན་ནས་མི་འདུག

        ལོ་དེ་ལ། ངས་ཆུང་མར་གསང་ནས་ལྷ་སར་ལས་གནས་སྒྱུར་བའི་ཡིག་རྒྱུགས་བཏང་བ་དང་། ཡིག་རྒྱུགས་བདེ་བླག་ངང་འཕྲོད་རྗེས་ལྷ་སར་ལས་སྒྱུར་བྱས་པ་ནས་བཟུང་། ང་དང་ཁོ་མོའི་བར་ཐག་རིམ་གྱིས་རྒྱང་དུ་བཀྱེད་ཅིང་། ངེད་གཉིས་པོའི་བར་རི་ཆུ་སྟོང་ཕྲག་དུ་མས་ཆོད་ནས་མཉམ་འཛོམ་གྱི་སྐལ་བ་ཧ་ཅང་ཕྲ། དེ་བས། བར་ཐག་གི་དབང་གིས་ངེད་གཉིས་པོའི་བརྩེ་དུང་གི་མེ་ལྕེའང་དལ་གྱིས་ཞི་ནས་མི་ཚེ་མཐའ་སྐྱེལ་བྱེད་པའི་ཐོག་མའི་བསམ་འདུན་དེའང་བརྗེད་ལ་ཁད་བྱེད།

       ཆུང་མ་དང་དྲག་པོའི་ཁ་འཛིང་རྒྱག་ཐེངས་རེར། ངའི་སེམས་པ་ཟང་ངེ་ཟིང་ངེར་གྱུར་ཏེ་ལྷོད་ལ་དབབ་ཐབས་བྲལ། སེམས་པ་ལྷོད་ལ་དབབ་ཐབས་བྲལ་དུས། ཁོང་ཁྲོ་ཞིག་གིས་རང་སེམས་གཅུན་མི་ཐུབ་པར་སྐད་ཅིག་ཙམ་གྱི་ཡུན་ལའང་ཁུ་སིམ་མེར་ཁང་སྟོང་མགོ་ལ་གྱོན་ནས་འདུག་འདོད་མེད་པར་གྱུར། ནམ་རྒྱུན་ཁྱིམ་དུ་འདུག་མི་འདོད་དུས་ང་ལ་ཕྱི་རོལ་ཏུ་ཆང་འཐུང་བར་འགྲོ་བའི་གོམས་གཤིས་ཤིག་འཇགས་ཤིང་། ཆང་ཡིད་ཚིམ་པ་ཞིག་བཏུངས་རྗེས། ད་གཟོད་སེམས་ཁ་མི་སྐྱིད་པའི་དོན་དག་ཡོད་དོ་ཅོག་ངང་གིས་བརྗེད་འགྲོ ང་ལ་མཚོན་ན་ཆང་ནི་ངའི་ན་ཟུག་འཇོམ་བྱེད་ཀྱི་སྦྲིད་སྨན་ཞིག་དང་ཅིས་མི་འདྲ།

      ཆང་འཐུང་བར་འགྲོ་ཐེངས་རེར། ངའི་ཡིད་ངོར་ཐོག་མར་དྲན་པ་ནི་པད་མ་རེད།  སྡོད་ཚུགས་བྲལ་ཡང་ང་ལ་ཁ་ལན་ཚིག་གཅིག་ཀྱང་སློག་མ་མྱོང་བའི་བུ་མོ་དེ་དྲན་འོངས།  བྱད་བཞིན་དང་གཟུགས་བྱད་གང་ལའང་སྐྱོན་ཏིལ་འབྲུ་ཙམ་ཡང་མེད་ཀྱང་། ཆང་འཐུང་བར་དགའ་བའི་བུ་མོ་སུ་ལའང་རུམ་ཁ་འབྱེད་པར་དགའ་མཁན་དེ་དྲན་འོང་། ཆང་བཏུངས་ན་ངུ་རྒྱུར་དགའ་བའི་བུ་མོ་དེ་དྲན་འོང་། ཕྱི་གཟུགས་མཐོང་ན་དགའ་བ་འཕེལ་ཞིང་སྐྱེས་པ་སུ་ཞིག་དང་ཡང་འགྲོགས་སླ་བའི་ཁོ་མོའི་ཞེ་མེར་བའི་སྤྱོད་ཚུལ་དག་དྲན་འོང་། ཁོ་མོར་མཚོན་ན་ང་ནི་ནམ་ཡང་རྩེད་ཆས་ཤིག་སྟེ། ནམ་ཞག་ཀུན་ཏུ་སྐྱེ་བོ་གཞན་དང་འགྲོག་དུས་ང་ཁོ་མོའི་མིག་མདུན་དུ་ཡོད་ཀྱང་ངོ་མི་ཤེས་ཁུལ་བྱས་ཏེ་སྣང་བ་གཏན་ནས་མི་གཏོང་ཞིང་། མོ་རང་འུ་ཐུག་ནས་འགྲོ་ས་མེད་པར་གྱུར་ཚེ། ད་གཟོད་རང་འགུལ་ངང་ང་ལ་འབྲེལ་བ་བྱས་ཏེ་ཉལ་ཉལ་ལ་དགའ་བའི་བུད་མེད་འདོད་སྲེད་ཅན་དེ་དྲན་འོང་། 

       སྐལ་བཟང་ནི་པད་མ་དང་གཏན་ནས་མི་འདྲ་སྟེ། ཁོ་མོས་ང་ལ་ཇི་ལྟར་དུངས་ཤིང་བརྩེ་ནའང་། ང་ལ་སྐབས་ལ་ལར་སྐད་འཕྲིན་གྱི་ལམ་ནས་ཅི་ཞིག་ལས་ཀྱི་ཡོད་མེད་འདྲི་བར་བྱེད་མོད། གཞན་སུ་ལའང་ཁ་ཡ་བྱ་མི་སྲིད། གཅིག་བྱས་ན་ཁོ་མོར་སྣ་སུན་ཕོག་པས་ཡིན་ཤས་ཆེ། ནམ་རྒྱུན་ཁོ་མོས་ང་ལ་མོ་རང་ང་ལ་བརྩེ་བ་ཡོད་ཚུལ་བརྗོད་མོད། ང་དང་འགྲོག་པར་དེ་ཙམ་དགའ་པོ་མི་བྱེད། མི་ཞེས་པ་ནི་ངོ་མ་ཁྱད་མཚར་ཅིག་རེད། ཐོབ་དཀའ་བ་དེ་ཤིན་ཏུ་ནས་འཐོབ་འདོད་ཆེ་ཞིང་། རང་བློར་བབས་པའི་བུ་མོ་ཞིག་ཡིན་ཕྱིན། ཁོ་མོས་རང་ལ་ཁ་ཡ་དེ་ཙམ་མ་བྱས་ན་ཁོ་མོ་དང་འགྲོག་འདོད་དེ་ཙམ་གྱིས་ཆེ་རུ་འགྲོ་ཞིང་། ཁོ་མོའི་གསང་བ་དེ་ཤེས་འདོད་ཇེ་ཆེར་འགྲོ་བཞིན་ཡོད་པ་མིན་ནམ།  ངས་ཁོ་མོར་ཁྱེད་ང་ལ་དགའ་ན་ང་དང་ལྷན་དུ་མི་འདུག་པའི་རྒྱུ་མཚན་དྲིས་ན།  ཁོ་མོས།“ང་སྐྱེས་པ་ཁྱོ་གར་ཡིད་ཆེས་མེད། གནམ་འོག་གི་སྐྱུང་ཀ་ཚང་མ་ནག་པོ་རེད་ཟེར”  སྐབས་དེ་དུས་ངས་རང་དབང་མེད་པར་བསོད་སྒྲོན་དྲན་བྱུང་། ངས་རྫུན་ཅི་ཞིག་གཏམས་རུང་། ལུས་ངག་ཡིད་གསུམ་གྱིས་ང་ལ་ཡིད་ཆེས་བྱེད་མཁན་གྱི་བུ་མོ་དེ་དྲན་བྱུང་། ངས་ཁོ་མོར་རྫུན་གཏམས་པ་དང་། ངས་ཁོ་མོར་བརྩེ་བ་གཏན་ནས་མེད་པ་ཤེས་ཀྱང་། འཇིག་རྟེན་འདིའི་ཐོག་ལྗིད་ཏིག་ཏིག་གི་རྩ་ཆེའི་ལག་རྟགས་ཏེ། ང་ལ་ཡིད་དུ་འོང་བའི་ཕྲུ་གུ་བུ་མོ་ཞིག་སྦྱིན་མཁན་གྱི་བུ་མོ་དེ་དྲན་བྱུང་། བུ་མོའི་སླད་དུ་རང་གིས་གསར་དུ་བཙལ་བའི་ཁྱོ་ག་དེ་ལ་བྱིས་པ་བཙའ་འདོད་མི་བྱེད་ཅིང་། ངེད་གཉིས་པོའི་བུ་མོའི་སླད་དུ་གཉེན་འཐོར་ཡང་བྱེད་ཕོད་མཁན་གྱི་བུ་མོ་དེ་དྲན་བྱུང་། ཨ་ཙི། བྱོལ་སོང་ང་ཡིན་ན། རང་ལ་ཁ་ཞེ་གཉིས་མེད་བྱེད་མཁན་གྱི་བུ་མོ་བཟང་པོ་དེ་འདྲ་ཞིག་གད་སྙིགས་བཞིན་རྒྱུང་དུ་སྤྱུགས་ཤིང་། ཕྱི་ཡི་རྣམ་པ་ཁོ་ནར་དང་དོད་བྱེད་མཁན་གྱི་ཁམ་བུའི་མེ་ཏོག་ལྟ་བུའི་ཨ་གསར་རྟ་ལས་མགྱོགས་པའི་བུ་མོ་དེ་འདྲ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད། 

       སྐལ་བཟང་གིས་རྟག་ཏུ་བཟའ་ཚོ་གཞན་པ་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་འདྲ་སྐྱེལ་ཚུལ་བརྗོད་ནས་ཡིད་སྨོན་ཆེན་པོ་བྱེད། ཁོ་མོ་ནི་མ་ཡི་རུམ་དུ་འཇམ་པོའི་གཉིད་ལ་རོལ་བའི་བུ་མོ་ཆུང་ཆུང་ཞིག་དང་འདྲ་བར། ངའི་མགུལ་ལ་དམ་དུ་འཁྱུད་ནས་འཛུམ་དང་བཅས་བདེ་བའི་གཉིད་ལ་རོལ་འདུག ཁོ་མོའི་ཚུགས་ཀར་བལྟས་ན། ང་ལ་འཐམས་ནས་གཉིད་ཚེ་དོན་དག་ཅི་ལའང་འདང་རྒྱག་དགོས་མེད་པ་ལྟ་བུའམ། ལུས་སེམས་ཀྱི་རྡོག་ཁྲེས་ལྕི་མོ་ཞིག་ཐང་ལ་ཕབ་པ་ལྟར་ལྷོད་ཤིག་གེར་འདུག གལ་ཏེ་ནམ་ཞག་རྒྱུན་དུ་ང་རང་གཉིད་ལས་སད་མ་ཐག་ངའི་འཁྲིས་སུ་ཁྱེད་རང་ཡོད་ན་ཅི་འདྲའི་དགའ་ཨང་། མཚན་མོ་དེར་ངས་དེ་ལྟར་མནོ་བསམ་གཏོང་གིན་བསྡད། ང་རང་འདང་རྒྱག་གི་ཀློང་ནས་དངོས་ཡོད་ལ་ཕྱིར་ལོག་པ་ཚོར་སྐབས། ངའི་འགྲམ་པའི་གཡས་གཡོན་དུ་མཆི་མ་ཤ་ར་ར་རྒྱུག་གིན་འདུག  

       ཆུང་མས་ང་དང་སྐལ་བཟང་དབར་ལ་སྐད་འཕྲིན་གྱི་ལམ་ནས་འབྲེལ་བ་བྱེད་བཞིན་པ་ཤེས་དུས། ཁོ་མོའི་བཞིན་གྱི་ནམ་མཁར་སྤྲིན་ནག་འཐིབས་པ་ལྟར་ནག་རོག་རོག་བྱེད་ཅིང་། མིག་འབྲས་དེ་མུར་དམར་ལམ་ལམ་བྱེད། ཡུད་ཙམ་ཞིག་གི་རིང་ཅི་ཡང་མི་སྨྲ་བར་ལག་གཡས་པས་མིག་མཐའ་ནས་བཞུར་འོང་བའི་མཆི་མ་འབྱིད་བཞིན་འདུག ཡུད་ཙམ་སོང་རྗེས་ད་གཟོད་ཁོ་མོས་སྨིན་མ་གཟེངས་བཞིན་དུ་ང་དང་ཁ་རྩོད་རྒྱག་འགོ་ཚུགས། དེ་བས་ང་རང་ལས་ཁུངས་སུ་ལས་ཀ་བྱེད་དུས། ཁོ་མོས་ལྐོག་ཏུ་སྐལ་བཟང་ལ་འབྲེལ་གཏུག་བྱས་ནས་དོན་དག་དེ་ཁ་གསལ་གཏིང་གསལ་བཟོ་བཞིན་འདུག གལ་ཏེ་ཆུང་མས་ང་དང་སྐལ་བཟང་དབར་གྱི་འབྲེལ་བ་དེ་མ་ཤེས་ན། ང་དང་སྐལ་བཟང་དབར་རང་བཞིན་གྱིས་འབྲེལ་ཐག་ཆད་མི་སྲིད། ནམ་རྒྱུན་དུས་ངེས་མེད་དུ་ངའི་ཀླད་པའི་མཁའ་དབྱིངས་ཡངས་མོར་མི་སེམས་ལ་དྲོད་ཁོལ་འཕེལ་བའི་ཁོ་མོའི་བཅོས་མིན་གྱི་འཛུམ་མདངས་དང་། དུང་སེམས་ཀྱིས་ཕྱུག་པའི་མིག་ཟུང་ཡང་ཡང་འཁོར་འོངས། 

       མཚན་མོ་དེར། ངས་ཆུང་མར་རྒྱབ་བསློགས་ཏེ་གཉིད་ཐན་ཐུན་ཁུག་པར་རེ།  རྨི་ལམ་དུ། ཆུང་མས་རེ་བ་དང་སྐྱབས་ཞུ་ཅིག་ཅར་གྱིས་ངའི་མིང་ནས་ཡང་ཡང་འབོད་བཞིན་འདུག་མོད། ངས་སོམ་ཉི་ཅི་ཡང་མེད་པར་ནུས་ཤུགས་ཡོད་རྒུས་སྐལ་བཟང་གི་ཕྱོགས་སུ་རྒྱུག་གིན་འདུག འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ། ངས་ལུས་པོའི་ཤེད་ཤུགས་ཡོད་རྒུ་ཕྱིར་ཕྱུངས་ནས་ཁོ་མོའི་ཕྱོགས་སུ་ཇི་ཙམ་བརྒྱུགས་ཀྱང་། ངས་ཁོ་མོའི་རྗེས་ཆོད་རྒྱུ་ལྟ་ཅི། ང་དང་ཁོ་མོའི་བར་གྱི་རྒྱང་ཁྱད་ཇེ་རིང་ནས་ཇེ་རིང་དུ་སོང་སྟེ། མཐར་ཁོ་མོ་ནུབ་ཁའི་མཚམས་སྤྲིན་ཇི་བཞིན་ངའི་མིག་མདུན་དུ་ཡལ་སོང་། ཁོ་མོ་དེ་ལྟར་སྟ་གོན་ཅི་ཡང་མེད་པར་རྟབ་རྟབ་པོར་བུད་སོང་། ང་ལ་ཕྱི་མིག་ཙམ་ཡང་མ་འཕངས་པར་བྲེལ་བྲེལ་འཚུབ་འཚུབ་ངང་བུད་སོང་། ན་ཟུག་དང་མིག་ཆུ་རུམ་གང་ཁུར་ནས་བུད་སོང་། ངའི་དགའ་བ་དང་སྤྲོ་བ་མཐའ་དག་བསྣམས་ནས་བུད་སོང་། ངའི་བདེ་སྐྱིད་དང་རེ་བ་ཡོད་དོ་ཅོག་ཁྱེར་ནས་བུད་སོང་། ཁོ་མོས་ང་ལ་བསྐྱུར་བ་ནི་དྲོད་ཁོལ་གྱིས་དབུལ་བའི་ཁང་སྟོང་དེ་དང་། དྲན་ན་མིག་ཆུ་འཐོར་བའི་སྐྱུར་ཅང་ཅང་གི་འདས་སོང་གི་གཏམ་རྒྱུད་སྐྱ་བོ་འབའ་ཞིག་ལས་གཞན་ཅི།
       ངས་འོ་དོད་དང་སྨྲེ་སྔགས་དྲག་པོས་ཁོ་མོའི་མིང་ནས་ཅི་ཙམ་བོས་ཀྱང་། ཁོ་མོས་ང་ལ་ཨ་ལན་གཏན་ནས་མ་བྱིན། ངའི་སྐད་ཤུགས་དྲག་པོས་ཆུང་མའང་གཉིད་ལས་བསླངས་པར་མ་ཟད། རང་ཉིད་ཀྱང་ཧོབ་སྟེ་གཉིད་ལས་སད། ང་རང་གཉིད་ལས་སད་དུས། ཆུང་མས་ཡ་མཚན་པའི་མིག་ཟུང་གིས་ང་ལ་ཅེར་ནས་སྡོད་པ་ལས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། ངས་ཤེས་པ་ནི་མིག་ཟུང་ནས་བཞུར་བའི་མིག་ཆུས་ངའི་ངོ་གདོང་ཡོངས་སུ་བརླན་པ་དེ་རེད།
       ཕྱིས་སུ། ང་དང་སྐལ་བཟང་དབར་ལའང་ཕོ་མོའི་འབྲེལ་བ་བྱུང་སོང་། དོན་དམ་དུ། ང་རང་ཁ་རོག་གེར་ཁོ་མོའི་དཀར་ལ་དམར་མདངས་ཆགས་པའི་ངོ་གདོང་ལ་ཅེ་རེར་ལྟ་བར་དགའ་ཞིང་། དེ་བས་གཡོ་ལྷད་མེད་པའི་འཛུམ་མདངས་ལ་ཧ་ཅང་དགའ། ངས་དེ་ལྟར་ཁུ་སིམ་མེར་ཁོ་མོའི་གདོང་ལ་ཅེར་ནས་བསྡད། 
       “ངའི་གདོང་པ་གློག་བརྙན་ནི་མ་རེད། ལྟ་རྒྱུ་ཅི་ཡོད” ཁོ་མོས་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད་ཞོར་ང་ལ་དེ་སྐད་ཟེར། ངས་སྔར་བཞིན་ཁོ་མོའི་གདོང་ལ་ཅེར་ནས་སྡོད་པ་ལས་ཁོ་མོར་ལན་ཅི་ཡང་མ་བཏབ། ཡུད་ཙམ་ཞིག་གི་རིང་། ངེད་གཉིས་པོར་སྨྲ་བ་མེད། སྨྲ་བ་མེད་པས་གནས་དེར་རེ་ཞིག་ལྷིང་འཇགས་ཀྱི་མཁའ་དབུགས་ཤིག་བསྐྱིལ་བྱུང་། ངའི་རྣ་ལམ་དུ་ཐོས་པ་ནི་སྤང་ཐང་དུ་ས་ལྡིང་གནམ་ལྡིང་བྱེད་བཞིན་པའི་ལུ་གུ་ལྟ་བུའི་ཁོ་མོའི་སྙིང་གི་འཕར་ལྡིང་ཙམ་ལས། ཐ་ན་ཁོ་མོས་དབུགས་རྔུབ་འབྱིན་བྱེད་མིན་ཡང་འཕྱང་མོ་ཉུག སྤྲིན་ནག་གི་གཡའ་དང་བྲལ་བའི་སྔོ་བསངས་ཀྱི་ནམ་མཁའ་ལྟ་བུའི་ཁོ་མོའི་ངོ་གདོང་དང་། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་ཁོ་མོའི་ཚར་དུ་དངར་བའི་ཚེམས་ཕྲེང་མཐོང་དུས། ངའི་སེམས་ཀྱི་རྟ་ཕོ་ཁོ་མོའི་ཕྱོགས་སུ་ཤོར་ཏེ་ཁ་ལོ་སྒྱུར་ཐབས་མི་འདུག  ངས་དེ་འཕྲལ་ཐོག་མར་ཁོ་མོའི་སྐྲ་ལོའི་ངོས་སུ་ལག་པས་ཤད་ཤད་ལན་འགའ་བྱས་ཤིང་། དལ་གྱིས་དཔྲལ་བ་དང་། འགྲམ་པ། ཁ་བཅས་ལ་འོ་སྐྱེལ་འགོ་བརྩམས། ངས་ཁོ་མོར་འོ་སྦྱར་བར་རྩོམ་དུས། ཐོག་མར་ཁོ་མོས་དོགས་མི་བདེ་བའི་མིག་ཟུང་གིས་ང་ལ་ལན་ཅིག་ལྟ་ཞིང་། དེ་རྗེས་ངོ་ཚས་མྱོས་པ་ཡིན་ནམ་ཡང་ན་ངའི་དཔུང་འཇུག་ལ་འགྲན་ཡ་མི་ཆོག་པ་གང་ཡིན་ཆ་མི་འཚལ་མོད། ཁོ་མོས་མགོ་བོ་པུས་མོའི་བར་དུ་དུད་དེ་སྡོད་པ་ལས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། ཁོ་མོས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྨྲ་མེད་ཀྱི་ངང་ཚུལ་འཛིན་པས། ད་ནི་ངའི་འདོད་ཐོག་ལ་རྟ་རྒྱུག་པ་ལྟ་བུ་ཞིག་བྱུང་སོང་། 

       མཚན་མོ་དེར། ངེད་གཉིས་པོས་མལ་ཁྲི་གཅིག་གི་ཐོག་ཏུ་འོ་ཆུ་འདྲེས་མའི་བརྩེ་དུང་གི་ཨ་ལོང་གཅིག་ཏུ་བརྒྱུས་ཏེ། སྔས་མགོ་གཅིག་དང་ལུས་སེམས་གཞི་གཅིག་ཏུ་བསྒྲིལ་ཏེ་མི་ཡུལ་འདིའི་ཆེས་བདེ་སྐྱིད་ལྡན་པའི་གར་སྟེགས་ཐོག་འདོད་པའི་ཟློས་གར་གྱི་དཔལ་ལ་རོལ་འགོ་ཚུགས། དེ་ནི་ང་དང་ཁོ་མོ་ངོ་ཤེས་ནས་ཟླ་བ་འགའ་ཤས་སོང་རྗེས་ཀྱི་མཚན་མོ་ཞིག་རེད། མ་གཞི་ངས་སྔ་ཙམ་ནས་ཁོ་མོ་དང་འདོད་པའི་ཟློས་གར་འཁྲབ་པའི་སྟ་གོན་བྱས་ཀྱང་། ཁོ་མོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ཏེ་ངའི་རེ་བར་དང་ལེན་གཏན་ནས་མ་བྱས། ངས་ཀྱང་གསལ་པོར་རྟོགས་ཡོད། ཁོ་མོ་ནི་སྒལ་ཚིགས་ཅན་གྱི་བུ་མོ་རང་ཚུགས་དང་ལྡན་པ་ཞིག་ཡིན་པ་ངས་གསལ་པོར་རྟོགས་ཡོད། གལ་ཏེ་ཁོ་མོ་ནི་རང་ཚུགས་བྲལ་བའི་བུ་མོ་ཡ་མ་བརླ་པོ་ཞིག་གམ། ཡང་ན། བརྩེ་དུང་ལ་བློ་ཕུགས་མི་བརྟན་པའི་འཕྱོར་མོ་ཞིག་ཡིན་ཚེ། ཁོ་མོས་སྔ་ས་ནས་ངའི་འདོད་པ་བསྐངས་ཟིན་པ་ཁོ་ཐག་རེད། ངའི་སྣང་ངོར་ཁོ་མོ་ནི་བུ་མོ་ཡ་རབས་ཤིག་རེད། དེས་མ་གཏོགས། ཕྱིས་སུ་ངས་རང་ཉིད་ལ་འཁང་ར་དང་ལེ་བདའ་བྱེད་དོན་ག་ལ་ཡོད། 

       མཚན་མོ་དེར། ངེད་གཉིས་པོས་འདོད་པའི་གར་ལ་མ་ཞུགས་གོང་།  ཁོ་མོས་ང་ལ་མོ་རང་ལ་ཕྲུ་གུ་མ་འཁོར་བ་བྱེད་རོགས་ཟེར། ངས་ཀྱང་ཁོ་མོར་མོས་མཐུན་ཡོད་ཁུལ་གྱིས་མགོ་བོ་ལྕོག་ལྕོག་ལན་འགའ་བྱས། “ཁྱེད་ལ་མངལ་མི་ཆགས་པ་བྱེད་པའི་ཐབས་ཤེས་གང་ཡོད” དེའི་ལན་དུ་ངས་ཁོ་མོར། “ངའི་ཁམས་དཀར་ཁྱེད་ཀྱི་ཁོག་པའི་ནང་དུ་མ་བྲན་ན་མངལ་མི་ཆགས”ཟེར། ངའི་ལན་དེས་དང་ཐོག་ཁོ་མོ་ཅུང་ཟད་ཧད་པར་གྱུར་ཏེ། “ཁྱེད་བྱང་མ་ཞིག་རེད། ཁྱེད་རང་ཡང་ཁ་ལོ་བ་རྙིང་པ་ཞིག་ཡིན་འགྲོ་བསམ་པ་ངའི་སྣང་བའི་ཡུལ་ལའང་འཁོར་མ་བྱུང”ཁོ་མོས་དེ་སྐད་སྨྲ་ཞོར་མགོ་བོ་ཕར་ལ་གཅུས་ཏེ་ང་ལ་རྒྱབ་གཏད་ནས་ཉལ་བར་བརྩམས། ངས་དེ་མ་ཉིད་དུ་ཁོ་མོའི་སྐྲ་ལོར་བྱིལ་བྱིལ་བྱེད་ཞོར། “དེ་དག་ཚང་མ་ངས་དཔེ་དེབ་ཐོག་ནས་ཤེས་བྱུང”ཞེས་རྫུན་བཏབ་སྟེ་རང་ཉིད་ནི་ཕོ་མོའི་ལས་ལ་བྱང་མ་ཞིག་མིན་ཚུལ་བརྗོད། “ཁྱེད་ཀྱིས་དཔེ་དེབ་ཅི་ཞིག་ལྟ་ཡི་ཡོད་དམ། དཔེ་དེབ་ཀྱི་ནང་དུའང་ཕོ་མོའི་སྐོར་གྱི་ནང་དོན་འདི་འདྲ་ཡོད་དམ། བྱས་ན་ཁྱེད་རང་བརྩེ་དུང་ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་ངེས་རེད”ངས་ཀུ་རེ་དང་སྦྲགས་ཁོ་མོར། “ངས་ཤེས་པ་ནི་བརྩེ་དུང་ཐད་ཀྱི་གཞུང་ལུགས་ཀྱི་ཤེས་བྱ་འབའ་ཞིག་ཡིན་པ་ལས། དོན་དངོས་འཚོ་བའི་ཁྲོད་ལག་ལེན་བསྟར་མ་མྱོང་ལ། ལག་བསྟར་དོན་འཁྱོལ་བྱ་ཡུལ་གྱི་བུ་མོ་ཁྱེད་ལྟ་བུ་ཞིག་འཕྲད་མ་མྱོང”ཞེས་བཤད་དེ། རང་ཉིད་ལ་ཕོ་མོའི་བརྩེ་དུང་ཐད་ཀྱི་ཉམས་མྱོང་ཅི་ཡང་མེད་པའི་རྣམ་འགྱུར་བསྟན། ངའི་སྐད་ཆ་དེ་ལ་ཁོ་མོར་རང་བཞིན་གྱིས་དགོད་རྒྱུ་ཞིག་བྱུང་སྟེ། དེ་མ་ཉིད་དུ་ཁ་ཕྱིར་འཁོར་ནས། “ཁྱེད་ནི་ངོ་མ་ཁ་བདེ་ཅན་ཞིག་རེད་ཨང་། ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་དུང་ངོ་མ་ཡིན་ནམ། ཁྱེད་ཀྱིས་ང་ལ་མགོ་སྐོར་བཏང་མེད་དམ། ཁྱེད་ངོ་མ་ང་ལ་དགའ་འམ། ད་ནི་ངས་ནམ་ཡང་གཞན་གྱི་མགོ་སྐོར་སླུ་བྲིད་འོག་འཚོ་མི་འདོད། གཞན་གྱི་མི་ཁའི་འོག་མི་ཚེ་སྐྱེལ་ཐུབ་པ་མི་འདུག”མཚན་མོ་དེར། ཁོ་མོས་ང་ལ་དྲི་བ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་དྲིས་བྱུང་མོད། ངས་མགོ་བོ་ལྕོག་ལྕོག་བྱེད་པ་ལས་ཁ་ནས་ཚིག་གཅིག་ཀྱང་མ་བཤད། དྲི་བ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་དྲིས་ཚར་རྗེས། ཁོ་མོའི་སེམས་པ་ད་གཟོད་ལྷོད་ལ་བབས་བྱུང་། ཁོ་མོའི་སེམས་པ་ལྷོད་ལ་བབས་རྗེས། ད་ནི་ཟློས་གར་གྱི་ནང་དོན་དངོས་ལ་ཞུགས་ཀྱང་སྐྱོན་ཅི།

       མཚན་མོ་དེར། ང་དང་སྐལ་བཟང་ཞེས་པའི་མཐོང་ན་མི་སེམས་ལ་དགའ་བ་འཕེལ་ཅིང་། ཇི་ཙམ་གཤིབས་ཀྱང་ཞེན་པ་མི་ལོག་པའི་བུ་མོ་དགོད་རྒྱུར་དགའ་བ་དེ། ཕྱོགས་གཉིས་པོའི་རང་མོས་འོག་ཤ་འཇམ་ལུས་པོ་འབྲེལ་བའི་ལས་ལ་འཇུག་པར་ཐལ་སོང་། མ་གཞི་བྱས་ན་ངེད་གཉིས་པོས་ཡན་ལག་དང་ཡན་ལག་མ་ཕྲད་པའི་གོང་ལ་ཁ་ཆད་བཞག་སྟེ་མངལ་མི་ཆགས་པ་བྱ་རྒྱུ་དང་། ངའི་འོ་མ་ལྟ་བུའི་ཁམས་དཀར་ཁོ་མོའི་ཁོག་ཏུ་མ་བྲན་རྒྱུའི་འཆར་གཞི་འཐེན་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ། མི་སེམས་ལ་ཆགས་པ་འཕེལ་བར་བྱེད་པའི་ཁོ་མོའི་འཁུན་སྒྲ་རེ་རེའམ། གཅིག་ལུས་གཅིག་ལ་ཐིམ་པ་ལྟ་བུའི་བདེ་ཚོར་རེ་རེས། ངེད་གཉིས་པོས་ལྷབ་ལྷབ་ཏུ་འབར་གྱིན་པའི་རང་རང་གི་འདོད་ཆགས་ཀྱི་མེ་ལྕེ་གཞོམ་མ་ནུས་པར། སྐད་ཅིག་མའི་དུས་ཡུན་ཙམ་ལ། ངའི་ཁམས་དཀར་མདའ་མོ་བཞིན་ཤེད་དང་བཅས་ཁོ་མོའི་ཁོག་ཏུ་འཕུར་སོང་། ངེད་གཉིས་པོས་ལས་མཚམས་བཞག་རྗེས། ཁོ་མོས་ད་གཟོད་ང་ལ། “ཁྱེད་ཀྱིས་ཁམས་དཀར་ཕྱི་ལ་མ་བྱོས་པར་ངའི་ཁོག་ཏུ་བཤོས་པ་ཡིན་ནམ”ཟེར། ཕལ་ཆེར་ངས་ཁམས་དཀར་ཁོ་མོའི་ཁོག་ཏུ་འཕེན་དུས་ཀྱང་ཁོ་མོར་ཚོར་བ་ཅི་ཡང་མ་བྱུང་བ་འདྲ། ད་ནི་ཁོ་མོས་མ་འདོད་པའི་རྣམ་འགྱུར་བསྟན་ནའང་འདྲ། ང་ལ་འཁང་ར་དང་ལེ་བདའ་ཇི་ཙམ་བྱས་ཀྱང་། འཕངས་ཟིན་པའི་མདའ་མོར་ཕྱིར་ལོག་པའི་དཔེ་མེད་པས། ཁོ་མོས་ཀྱང་ང་ལ་འཁང་ར་མ་བྱས། དེ་ལས་ལྡོག་སྟེ། ཁོ་མོས་སེམས་ཚེགས་བྱ་ཡུལ་ནི་ཕྲུ་གུ་འཁོར་ན་ཇི་ལྟར་བྱེད་ཅེས་པ་དེ་རེད། ངའི་སེམས་ལ་མོས་སྨན་བཟས་ན་ཆོག་བསམས་མོད། ཁ་ནས་དེ་ལྟར་མ་བཤད་པར། “ཁྱེད་ཀྱིས་ཅི་ཞིག་བྱེད་བསམས་རུང་དེ་ལྟར་གྱིས། ངས་ཁྱེད་ཀྱི་ཁ་ལ་ཉན”ཅེས་བཤད། 

       ཁོ་མོས་ལག་པས་མགོ་བོར་འཕུར་འཕུར་གཏོང་བཞིན། “ངས་ད་བར་ཕྲུ་གུ་འགོག་པའི་སྨན་བཟའ་མ་མྱོང་། ངས་ཀྱང་མི་གསོད་པའི་ལས་ཀ་བྱ་མི་སྲིད། དེ་འདྲ་བྱས་ན་ང་ལ་རྣམ་སྨིན་འཁོར་ངེས། ངས་སྡིག་ལ་འཛེམ་དགོས། གལ་ཏེ་ངས་བྱིས་པ་དེ་བཙས་ན། ཁྱེད་ཀྱིས་ཁས་ལེན་ནམ” ཁོ་མོས་དོགས་མི་བདེ་བའི་མིག་ཟུང་གིས་ང་ལ་འདི་སྐད་དྲིས། ཁོ་མོའི་མིག་ཟུང་གི་ཀློང་དུ་ཅི་ཞིག་ཤེས་འདོད་པའམ་ཡང་ན་ངས་ཇི་ལྟར་ལན་འདེབས་མིན་ལ་སྒུག་པ་ལྟར་སྣང་། 
       འདུ་འཛི་དང་ཟང་ཟིང་གི་ཁོར་ཡུག་དེའི་ཀློང་དུ། ད་དུང་ནག་ནོག་གི་དྲི་མས་མ་སྦགས་པའི་ལྷད་མེད་ཀྱི་བུ་མོ་ཚུལ་ལྡན་འདི་འདྲ་ལུས་ཡོད་པ་ངའི་བསམ་པའི་རྒྱ་ལའང་མ་འཁོར། གལ་ཏེ་ང་རང་གཉེན་སྒྲིག་དཔང་ཡིག་ལེན་པ་སྔ་དྲགས་མེད་ན། ཁོ་མོར་རྒྱུ་འབྱོར་བ་ཏིལ་འབྲུ་ཙམ་ཡང་མེད་ཀྱང་། ངས་ཚམ་ཚོམ་མེད་པར་ཁོ་མོ་ཆུང་མར་ལེན་ཁོ་ཐག་ཡིན། ངས་དེ་ལྟར་མནོ་བསམ་གཏོང་གིན། “རང་གི་ཤ་ནས་བཅད་པའི་ཕྲུ་གུ་ཡིན་ན། ཁས་མི་ལེན་པའི་དཔེ་ག་ལ་ཡོད” ངས་དེ་ལྟར་ལན་བཏབ། ངའི་ལན་དེ་ཁོ་མོའི་བློར་བབས་པ་འདྲ། ཁོ་མོས་འཛུམ་དང་བཅས། 
   “ངའི་བསམ་པར་ཁྱེད་ཀྱིས་ཁས་ལེན་གྱི་མ་རེད་བསམས་བྱུང་། ཁྱེད་ལའང་ལས་འབྲས་ཏོག་ཙམ་ཡོད་པ་འདྲ། གལ་ཏེ་ང་ལ་ཕྲུ་གུ་འཁོར་ན། ངས་ཕྲུ་གུ་དེ་སྐྱེ་ངེས་ཡིན། ངས་ཕྲུ་གུ་དེ་དགོན་པར་བསྐྱལ་ཏེ་གྲྭ་པ་བྱེད་དུ་འཇུག་ངེས”
    “གལ་ཏེ་བུ་མོ་ཡིན་ན་ཇི་ལྟར་བྱ”ངས་ཀྱང་ཁོ་མོའི་བསམ་ཚུལ་ལྟར་འདི་ལྟར་དྲིས། 
   “གླེན་པ་རང་ཡིན་ན། བུ་མོ་ཡིན་ན་བཙུན་མ་བྱེད་བཅུག་ན་ད་ག་རེད” 
   “ཨ་ན་ཨུ་ཚུགས་ཀྱིས་དགོན་པར་སྐྱེལ་དགོས་དོན་གང་ཡོད”
   “ངེད་གཉིས་པོའི་སྡིག་སྒྲིབ་དག་ངེས། དེ་བས་དམ་པའི་ཆོས་གྲྭར་ཞུགས་ན་སྡུག་མང་པོ་མྱོང་མི་དགོས་ལ། དགེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་ངེས་རེད”
   “བཙུན་མ་བྱེད་དུ་བཅུག་པ་ལས་མག་པ་ཞིག་བླངས་ཏེ་ཕྲུ་གུ་ཁ་ཤས་བཙའ་རུ་བཅུག་ན། བར་དོའི་འཕྲང་ལམ་དུ་ལྡིང་སྐོར་རྒྱག་བཞིན་པའི་ལུས་རྟེན་མེད་པའི་རྣམ་ཤེས་མང་པོར་ལུས་རྟེན་བྱིན་པ་དང་ཁྱད་མེད” ངས་དེ་ལྟར་སྨྲས་པས། ཁོ་མོས་དེ་མ་ཉིད་དུ་ཀུ་རེ་དང་བཅས་ངའི་སྐྲ་ནས་འཐེན་ཙམ་བྱས་ཏེ། “ཁྱེད་ཀྱིས་སྐད་ཆ་ཡག་པོ་བྱས་ནས་བཤད་ན་ཡོང་ངམ”ཞེས་བཤད་དེ་ཁ་ཕར་ལ་གཅུས་ནས་ཡུད་ཙམ་ཞིག་གི་རིང་ཁ་རོག་གེར་འདང་རྒྱག་བཞིན་འདུག་ཅིང་། དེ་རྗེས་ཅི་ཞིག་དྲན་པ་ལྟར་ཧོབ་སྟེ་ཁ་ཕྱིར་ཕྱོགས་ནས་ཁྲ་སྒོར་སྒོར་གྱི་མིག་ཟུང་གིས་ཐད་ཀར་ང་ལ་ལྟ་བཞིན། “ཁྱེད་ཀྱིས་བཤད་པར་རྒྱུ་མཚན་མེད་པ་མ་རེད། ཡིན་ནའང་། ངས་རང་གི་ཕྲུ་གུ་ང་དང་འདྲ་བར་མི་ཚེ་གང་པོ་འཁོར་བའི་སྡུག་བསྔལ་གྱི་བྱིངས་སུ་འཚོ་བ་སྐྱེལ་དུ་འཇུག་མི་འདོད”
   “ ཁྱེད་ལ་སྡུག་བསྔལ་གང་འདུག  ང་ལ་ཤོད་དང”ངས་དེ་ལྟར་རྗོད་དུས། ཐོག་མར་ཁོ་མོས་མོ་རང་ལ་སྡུག་བསྔལ་མེད་ཚུལ་བརྗོད་དེ་འཛུམ་དམུལ་དམུལ་བྱས་མོད། ཡུད་ཙམ་སོང་རྗེས་ད་གཟོད་ཁོ་མོས་ང་ལ་ཁོ་མོའི་གཏམ་རྒྱུད་གླེང་འགོ་བརྩམས།
   “ངས་ཁྱེད་ལ་ང་ས་སྐྱ་ནས་ཡིན་ཟེར་མོད། དོན་ངོ་མར་ང་ལྷ་རྩེ་ནས་ཡིན། ང་ལ་ཕྲུ་གུ་བུ་གཅིག་ཡོད། ད་ལྟ་ཕ་མའི་གམ་ན་བཞག་ཡོད། ང་ནི་གཉེན་སྒྲིག་མྱོང་བའི་བུ་མོ་ཞིག་ཡིན་ལ། གཉེན་འཐོར་མྱོང་བའི་བུ་མོ་ཞིག་ཀྱང་ཡིན། ང་དང་ཕྲུ་གུའི་ཕ་དེ་ལོ་གསུམ་གྱི་གོང་དུ་ངོ་ཤེས། སྐབས་དེ་དུས་ང་རང་ནི་ད་ལྟའི་བོད་ཟས་ཁང་དེར་ལས་ཀར་སླེབས་ཙམ་ཡིན། ཕྲུ་གུའི་ཕ་དེ་ང་ཚོའི་ཟ་ཁང་དུ་ཡང་ཡང་ཁ་ལག་ཟ་བའམ་ཡང་ན་ཆང་འཐུང་དུ་ཡོང་གི་ཡོད་པས། རིམ་གྱིས་ངེད་གཉིས་པོ་འདྲིས་ཤིང་ལོབས་པ་དང་། ཕན་ཚུན་བར་ལ་ལས་འཕྲོའི་མདུད་པའང་ཐེབས། ཕྲུ་གུའི་ཕ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པས། ངེད་གཉིས་པོས་གཉེན་སྒྲིག་དཔང་ཡིག་བླངས་ཤིང་། ང་རང་ཡང་ད་ལྟའི་ཟ་ཁང་གི་ལས་ཀ་དེ་ནས་དོན་ཏེ་ཁོང་ལས་ཀ་བྱེད་སའི་འདམ་གཞུང་རྫོང་དུ་སོང་། ཐོག་མར་ངེད་གཉིས་པོའི་འཚོ་བ་ཧ་ཅང་བག་ཕེབས་བདེ་སྐྱིད་ཡིན། ཕྲུ་གུའི་པ་ཕས་ཉིན་མོ་ལས་ཁུངས་སུ་ལས་ཀ་བྱེད་པར་འགྲོ་བ་དང་། ངས་ཁྱིམ་ལས་རྩག་རྩིག་བྱེད་པ་དང་ཁ་ལག་བཟོས་ཏེ་ཁོང་བསྒུགས་ནས་སྡོད་ཀྱི་ཡོད། འོན་ཀྱང་། སྐྱིད་མི་རྟག་རྩྭ་ཁའི་ཟིལ་པ་འདྲ་ཞེས་པའི་གཏམ་དཔེ་ཇི་བཞིན། དེ་འདྲའི་བག་ཕེབས་ལྷིང་འཇགས་ཀྱི་འཚོ་བ་བསྐྱལ་ནས་ཡུན་རིང་མ་འགོར་བར། ཁོའི་ཕ་མས་ང་རང་བཙལ་ཏེ། ཁྱོད་ལས་མེད་ཅིག་ང་ཚོའི་བུ་དང་མཉམ་དུ་འཚོ་བ་སྐྱེལ་རྒྱུ་ཟེར་ན་ང་ཚོས་མོས་མཐུན་གཏན་ནས་བྱ་མི་སྲིད། ཁྱོད་ཀྱིས་ངའི་བུ་ལ་འཁྲིལ་ནས་མ་སྡོད་ཟེར། ཁྱེད་ཀྱིས་ཤེས་སམ། ཁྱོ་གའི་ཕ་མས་སྐད་ཆ་འདི་འདྲ་ཤོད་དུས། ང་ལ་ཐབས་ཤེས་ཅི་ཡོད། ང་ནི་རྡོ་ལེབ་ཚ་མོའི་ཐོག་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་། རེ་ཞིག་རང་ཉིད་གང་དུའང་འགྲོ་དགོས་མིན་མི་ཤེས། ངའི་ཁྱོ་ག་ནི་རང་གི་ཕ་མར་བཀུར་སྟི་ཆེ་ལ་ཤིན་ཏུ་ནས་དུངས་བས། ཁོ་པའི་ཕ་མས་ང་ལ་སྐྱོན་བརྗོད་དང་ཁྱད་གསོད་ག་ཚོད་བྱས་ཀྱང་། ཁྱོ་གས་ཁུ་སིམ་མེར་ཀྲོང་ངེར་ལངས་ནས་སྡོད་པ་ལས། ང་ལ་སྐད་ཆ་ཤོད་རོགས་ཙམ་ཡང་མ་བྱས་ལ། ངའི་རྒྱབ་རྩ་བྱ་རྒྱུ་ནི་ཕ་རིའི་སྤང་རྒྱན་རང་རེད”

       “མཚན་མོ་དེར། ངས་ཁྱོ་ག་ལོག་རྒྱུར་བསྒུགས། ཉིན་མོ་ལྷག་པའི་གནས་ཚུལ་གྱིས་ངའི་སེམས་པ་ཟང་ངེ་ཟིང་ངེར་གྱུར་ཏེ། ང་ལ་གཉིད་ཀྱི་གཡའ་ཙམ་ཡང་མི་འདུག ངས་དེ་ལྟར་ལག་པ་ཉལ་ཁྲིར་འཁེན་ནས་ཁྱོ་ག་རང་གི་གམ་དུ་ལོག་རྒྱུར་རེ་སྒུག་བྱས། འོན་ཀྱང་། ངས་མཚན་གང་པོར་བསྒུགས་ཀྱང་ངའི་མིག་མདུན་དུ་ཁྱོ་གའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མ་བྱུང་། སྐབས་དེ་དུས་ངའི་ཁོག་ཏུ་སྦྲུམ་པའི་བྱིས་པ་དེ་ཟླ་བ་ལྔ་ལ་སླེབས་མ་ཐག་རེད། གལ་ཏེ་མངལ་སྦྲུམ་མེད་ན་ངས་ཁོ་དང་ཤ་ཁག་ཁག་དང་གྲི་སོ་སོ་བྱས་ཀྱང་སྐྱོན་ཅི་ཡང་མེད་མོད། ད་ནི་ཕྲུ་གུ་འཁོར་བ་མ་ཟད་ཟླ་བའང་ལྔ་ལ་སླེབས་པས། ངས་ཇི་ལྟར་བྱེད་མིན་གཏན་ནས་མི་ཤེས”ཤོད་མཚམས་འདིར་སླེབས་དུས། ཁོ་མོའི་འགྲམ་པའི་གཡས་གཡོན་མིག་ཆུས་ཡོངས་སུ་བརླན་འདུག ངས་རང་གི་ལག་པས་ཁོ་མོའི་མིག་ཆུ་གཙང་མར་ཕྱིས།

        “ཉིན་འགའ་ཤས་ཀྱི་རིང་། ངའི་མིག་ལམ་དུ་ཁྱོ་གའི་གཟུགས་ལྟ་ཅི་གྲིབ་མ་ཙམ་ཡང་མཐོང་མ་བྱུང་། མ་གཞི་ཁྱོ་གའི་ཕ་མས་ལས་མེད་ཀྱི་བུ་མོ་ང་ཁོ་ཚང་གི་བུའི་མནའ་མར་མོས་མཐུན་མ་བྱས་ཀྱང་། ངས་བློ་ཕམ་ཡི་ཆད་ཀྱི་ངང་ནས་མ་བསྡད་པར་རང་འགུལ་ངང་ཁོ་ཚང་དུ་སོང་སྟེ་བ་ཕྱུགས་རྡང་ལ་བཏགས་ཏེ་གཟན་རྩྭ་སྦྱིན་པ་དང་། ནོར་ལུག་ལྷས་རར་འཇུག་པ། ཁྱིམ་གྱི་ཕྱི་ནང་དུ་གཙང་སྦྲ་བྱེད་པ། ཟ་མ་གཡོ་སྦྱོར་བྱེད་པ་སོགས་སྐྱ་རེངས་ལ་དབུ་ཁྱུད་འབྲི་བ་དང་། སྨག་རུམ་ལ་རྫོགས་ཤད་འཐེན་ནས་སྲི་ཞུ་ཧུར་ཐག་བསྒྲུབས་ཏེ། ཁོ་པའི་ཕ་མ་གཉིས་པོས་ང་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་ཐེབས་སུ་བཅུག་ནས། ངེད་གཉིས་པོའི་བརྩེ་དུང་ལ་བར་ཆད་མི་བཟོ་བའི་རེ་བ་བཅངས་ཀྱང་། ཁོ་ཚོས་མངལ་ཆགས་པའི་བུ་མོ་ཉམ་ཆུང་ང་ལ་སེམས་ཁུར་ལྟ་ཅི། ཁོ་ཚོས་ང་མཐོང་ཐེངས་རེར་ཧ་ཅང་ཞེ་མེར་བའི་རྣམ་འགྱུར་གྱིས་ང་ལ་བལྟས་ཏེ་སུན་སྣང་གི་མིག་ལོག་ཡང་ཡང་བལྟས་འོང་། ཇི་ལྟར་བཤད་ཀྱང་། ངའི་ཁོག་ཏུ་སྦྲུམ་པ་ནི་ཁོ་ཚོའི་མི་རྒྱུད་འཁྲུལ་མེད་ཅིག་ཡིན་པས། ཁོ་པའི་ཕ་མས་ང་ལ་སྙིང་མ་རྗེ་ཡང་ངའི་ཁོག་ཏུ་སྦྲུམ་པའི་བྱིས་པ་ལའང་ཡ་ང་སྙིང་རྗེ་གཏན་ནས་མི་བྱེད། ཁྱེད་ཀྱིས་ཤེས་སམ། མཚན་མོ་མང་པོའི་རིང་ངས་མིག་ཆུས་གདོང་པ་བཀྲུས་ཤིང་། རང་གི་ལུས་པོར་རང་གིས་རྨ་ཁ་བཟོས་ཏེ་ལུས་པོའི་ན་ཟུག་གིས་སེམས་ཀྱི་ན་ཟུག་འཇོམ་ཐབས་བྱས། ལྟོས་དང་། ངའི་རྨ་ཤུལ་ད་ལྟའང་དྲག་སྐྱེད་ཡག་པོ་བྱུང་མི་འདུག” ཁོ་མོས་དེ་སྐད་ཟེར་ཞོར། ལག་གཡོན་མའི་ཕུ་ཐུང་ཡར་ལ་བརྫེས་ནས་ང་ལ་བསྟན། ཨ་ཙི། གཤག་བཅོས་བྱས་པ་ལྟ་བུའི་ཁོ་མོའི་ལག་པའི་ངོས་ཀྱི་རྨ་ཁ་དག་ངའི་འདྲེན་བྱེད་ལམ་དུ་འཆར་དུས། ངའི་ལུས་པོ་དེ་མ་ཉིད་དུ་རྩེ་ཟིང་ཟིང་བྱས་འོང་། སྡོམ་གྱི་དྲ་བ་ལྟ་བུའི་རྨ་ཤུལ་དེ་དག་གི་ཀློང་དུ་ཁོ་མོས་ན་ཟུག་དང་མིག་ཆུ་ཇི་སྙེད་ཅིག་བསྐུངས་ཡོད་པ་རེད་ཨང་།

     “དེ་ནས་ཉིན་ཤས་འདས་རྗེས་ཀྱི་ཞོགས་པ་ཞིག་ལ། ཉི་མ་ད་དུང་འཆར་མི་འདུག ཁྱོ་ག་དང་ཁྱོ་གའི་ཕ་མས་སྒོར་སྟོང་ལྔ་ངའི་མདུན་དུ་དབྱུག་ཞོར། ཁྱེད་ཀྱིས་ད་ལྟ་ལམ་སེང་ངའི་བུ་དང་ཁག་ཁག་བྱེད་དགོས་ཞེས་བཤད། ཁྱེད་ཀྱིས་ཤེས་སམ། རང་རེའི་གཏམ་དཔེར། ཕུ་ལ་དགོན་པ་བཏབ་པ་ལས། མདའ་ལ་བཟའ་ཚང་འདུམ་ལེ་དགའ་ཟེར་བ་མིན་ནམ། འོན་ཀྱང་ཁོ་པའི་ཕ་མས་ངའི་མོས་མཐུན་ཡོད་མེད་ལ་གཏན་ནས་མ་ལྟོས་པར་ཁོང་ཁྲོ་དང་བཅས་ངའི་ལག་མགོ་ནས་འཇུས་ཏེ་དམངས་སྲིད་ལས་ཁུངས་སུ་ཁྲིད། ངའི་སེམས་ལ་དམངས་སྲིད་ལས་ཁུངས་ཀྱི་ལས་དོན་པས་དབང་ཆེན་རི་ལ་མ་ཤོར་བ་དང་། ཉམ་ཆུང་སྒོ་རྒྱབ་ཏུ་མི་ལུས་པ་ཞིག་བྱེད་ངེས་སྙམ་ཡང་། མཐའ་མཇུག་ངེད་གཉིས་པོས་གོ་མེད་ཚོར་མེད་ངང་གཉེན་འཐོར་དཔང་ཡིག་མི་ལེན་ཀ་མེད་བྱུང་། སྔོན་ཆད། ང་དང་ཕྲུ་གུའི་ཕ་གཉིས་པོས་ལས་ཁུངས་དེ་ནས་གཉེན་སྒྲིག་དཔང་ཡིག་ལེན་དུས། ངའི་བསམ་པར་ད་ནི་དཀར་དཀར་ཤོག་བུའི་ངོས་ལ་དམར་དམར་ཐེལ་ཙེ་བརྒྱབ་ཡོད་པས། ང་གཉིས་ཀྱི་གཉེན་སྒྲིག་ལ་ཁྲིམས་ནས་རྒྱབ་སྐྱོར་བྱེད་ངེས་སྙམ་སྟེ། གཉེན་སྒྲིག་དཔང་ཡིག་དེ་ནི་ངེད་བཟའ་ཚོའི་གཉེན་སྒྲིག་གི་ལམ་བུ་སྲུང་མཁན་གྱི་མཁར་རྫོང་ལྟ་བུ་ཞིག་རེད་བསམས་ནས་སེམས་པ་ལྷོད་ཤིག་ཤིག་བྱུང་མོད། གཉེན་འཐོར་དཔང་ཡིག་ལེན་ཉིན་ངས་ད་གཟོད་གོང་གི་ལྟ་སྟངས་དེ་རྦད་དེ་ནོར་འཁྲུལ་ཡིན་པ་ཤེས། ངས་ད་གཟོད་ཆུང་དུས་ཨ་མས་ངའི་རྣ་རྩར་ཡང་ཡང་ཤོད་མྱོང་བའི་མགྱོགས་པོའི་རྟ་ལ་མ་བཞོན་གོང་། བརྟན་པོའི་སྒ་ལ་བཅག་བཅག་བྱོས་ཞེས་པའི་གཏམ་དཔེ་དེའང་ངང་གིས་དྲན། ཐོག་མར་ཁྱོ་གའི་ཕ་མས་ངས་སྨན་ཟ་བའམ་ཡང་ན་གཤག་བཅོས་བྱས་ཏེ་ངའི་ཁོག་གི་ཕྲུ་གུ་དེ་མེད་པར་བཟོ་བའི་གྲོས་འགོ་བཏོན་བྱུང་མོད། ངས་འཆི་སྲོག་ལ་ཐུག་ཀྱང་དེ་ལྟར་གཏན་ནས་མི་བྱ་བའི་མནའ་བསྐྱལ། ཇི་ལྟར་བཤད་ཀྱང་། ཕ་མས་ནོར་འཁྲུལ་ཅི་ཙམ་ཤོར་ཡང་། ཁོག་ནང་གི་བྱིས་པ་དེར་ལན་ཁག་དཀྲི་ས་ཅི་ཡང་མེད་པས། ང་ཚོ་ཆོས་ལ་དད་པ་བྱེད་མཁན་གྱི་མི་ཞིག་གིས་གང་བྱུང་དུ་མི་སྲོག་བཅད་ན། དེ་ལས་སྡིག་པ་ཆེ་བ་ཞིག་གང་ན་ཡོད།  བསམ་བློ་གཞན་ཞིག་བཏང་ན། དེ་དག་ཐམས་ཅད་ང་རང་ཉིད་ཀྱི་ལན་པ་ཡིན་པ་འདྲ་སྟེ། གཉེན་སྒྲིག་ལ་ཆ་རྒྱུས་མེད་དུས་གཞན་གྱི་ཁ་ཡག་ངོ་དགའི་གཏམ་སྙན་གྱིས་བཟི་སྟེ་གཉེན་སྒྲིག་བྱས་པ་དང་། རང་ཉིད་བྱིས་པའི་གཡའ་ལས་མ་སངས་གོང་ནས་མངལ་དུ་སྦྲུམ་པའི་བྱིས་པ་དེ་བཙས་ཏེ་ཨ་མ་ཞིག་བྱེད་པའི་སེམས་ཐག་བཅད། ད་ལྟ་བརྩེ་དུང་དང་གཉེན་སྒྲིག་གི་ཐད་ལ་ངེས་ཤེས་ཕྲན་བུ་རྙེད་དུས། ཡིད་རྟོན་རུང་བའི་ཁྱོ་གས་ཀྱང་ངེད་གཉིས་པོའི་བརྩེ་དུང་རྡོག་པས་བརྫིས་ཏེ་སྣང་མེད་དུ་བཏང་། ཕྱིན་ཆད་ཁྱེད་ཀྱིས་ཅིས་ཀྱང་ང་ལ་རྫུན་སྨྲ་མི་ཉན་ཡཱ། སྐྱབས་སངས་རྒྱས་ལ་བཅོལ་ནས། སེམས་ཅན་ངན་སོང་ལ་མ་ལྷུངས་པ་ཞིག་གནང་རོགས”ཁོ་མོས་མིག་ཟུང་ཐད་ཀར་ངའི་གདོང་ལ་ལྟ་བཞིན་གཟབ་ནན་དང་བཅས་ང་ལ་དེ་ལྟར་སྨྲས། ཁོ་མོའི་མིག་ཟུང་གི་ཀློང་དུ་རེ་བ་དང་སྐྱབས་ཞུའི་རང་མདངས་ཤིག་ཕྱིར་ཕྱུངས་འོང་།

       “ད་ནི་ངའི་གྲོད་པ་ཉིན་རེ་ལས་མ་འདས་པར་མདུན་དུ་འབུར་འོང་གིན་འདུག་པས། ལས་ཀ་འཚོལ་བར་འགྲོ་བར་མི་ལ་གདོང་པ་སྟོན་ཐབས་བྲལ། མཐར་འུ་ཐུག་དུས་འགྲོ་སའི་འགྲོ་ཡུལ་གཅིག་རང་ཡོད་པ་དེ་ནི་རང་གི་ཕ་ཡུལ་རེད། འོན་ཀྱང་། སྔོན་ཆད་ལོག་འདོད་ན་ལོག་ཆོག་ཆོག་གི་ཕ་ཡུལ་དེར། ད་ལྟ་ངས་ཇི་ལྟར་ལོག་དགོས་སམ། ཕ་མ་དང་ཡུལ་མི་ཚོར་གདོང་ཇི་ལྟར་སྟོན་དགོས། དེ་དག་དྲན་དུས། སྔོན་ཆད་ཕ་ཡུལ་ཞེས་པའི་དྲོད་ཀྱིས་བཀང་བའི་ཐ་སྙད་དེས་ང་ལ་གློ་བུར་དུ་གྲང་འདར་ཅིག་རྒྱག་ཏུ་བཅུག་ཅིང་། གྲང་འདར་དེས་ང་ལ་ཕ་ཡུལ་དུ་ལོག་རྒྱུ་དེའང་ཤིན་ཏུ་ནས་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་པ་གསལ་བཤད་བྱེད་པ་དང་མཚུངས” ཁོ་མོས་དེ་སྐད་ཟེར། ཁོ་མོའི་སྐད་ཆར་ཉན་དུས། སྐབས་དེ་དུས་ཁོ་མོའི་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་ཡོད་པ་ངང་གིས་རྟོགས། ངས་ཁོ་མོའི་ལས་དབང་ལ་བསམ་གཞིག་བྱེད་ཞོར། རང་གི་སྔར་སོང་གི་ནག་ཉེས་དག་དྲན་འོངས།
ལོ་ངོ་ལྔ་ཡི་ཡར་སྔོན་དུ་ངས་ཀྱང་བསོད་སྒྲོན་ཞེས་པའི་བུ་མོ་ཞིག་ངོ་ཤེས། དེ་དུས་ང་རང་ནི་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་བྱས་མ་ཐག་ཡིན། ང་དང་ཁོ་མོ་ཡང་སྐལ་བཟང་དང་ཁོ་མོའི་ཕྲུ་གུའི་ཕ་བཞིན་གྲོང་ཁྱེར་འདིའི་ཆང་ཁང་ཆུང་ཆུང་ཞིག་ཏུ་ངོ་ཤེས་ཤིང་། དལ་གྱིས་བརྩེ་དུང་གི་མྱུ་གུ་འབུས།

       ཁོ་མོ་ནི་ཆང་ཁང་ཆུང་ཆུང་དེའི་ཞབས་ཞུ་མ་ཞིག་ཡིན་པས། ཆང་འཐུང་ལ་དགའ་བའི་ང་རང་ཡང་རང་སེམས་རང་གིས་གཅུན་མ་ཐུབ་པར་ཁོ་མོའི་ཆང་ཁང་དེའི་སྒོ་ཐེམ་ཡང་ཡང་འགོམ་པར་ཐལ་འགྲོ ངས་དུས་ད་ལྟའང་བརྗེད་མི་སྲིད། སེར་ལ་རིང་བའི་ཁོ་མོའི་སྐྲ་ལོ་དང་། རྒྱུ་མཚན་ཡོད་རུང་མེད་རུང་ང་ལ་བལྟས་ཏེ་ཡང་ཡང་དགོད་རྒྱུར་དགའ་བའི་བུ་མོ་དེའི་བྱད་བཞིན་དེ། དུས་ད་ལྟའང་ངའི་ཀླད་པའི་ལྷ་ལམ་ཡངས་མོར་ལྡིང་འཁོར་རྒྱག་བཞིན་མཆིས།
       སྐལ་བཟང་གི་སྐད་ཆར་མཉན་ན། ཁོ་མོ་འུ་ཐུག་སྟེ་འགྲོ་སའི་འགྲོ་ཡུལ་གཏན་ནས་མེད་དུས། ད་གཟོད་ངོ་ཚ་ལ་མ་འཛེམས་པར་ཕ་ཡུལ་དུ་ལོག་པ་ཡིན་ཟེར། “ཕ་ཡུལ་དུ་འབྱོར་རྗེས། དང་ཐོག་ཕ་མ་གཉིས་ནས་ང་ཁྱིམ་དུ་འབྱོར་བར་དགའ་སྤྲོ་དཔག་མེད་སྐྱེས་ཏེ། ངའི་བུ་མོ་དང་ངའི་ནོར་བུ་ཟེར་བཞིན་གཡས་སྐོར་གཡོན་སྐོར་བྱེད་པ་དང་། བྱམས་བརྩེའི་སྤྱན་ཟུང་གིས་ཁོ་མོར་ཡང་ཡང་ལྟ་བར་བྱེད་མོད། དལ་གྱིས་ངའི་ལུས་ཐོག་ཏུ་བྱུང་བའི་གནས་ཚུལ་རྣམས་ཤེས་དུས། ད་སོ་མ་ངོ་གདོང་གི་ཁྱོན་ལ་འཛུམ་གྱིས་ཁེངས་པའི་ཕ་མ་གཉིས་པོའི་ངོ་མདོག་ནི་གཡའ་དག་པའི་ནམ་མཁའ་ལ་གློ་བུར་དུ་སྤྲིན་ནག་གིས་གཡོགས་པ་ཇི་བཞིན་ནག་རོག་རོག་ཏུ་གྱུར་ཅིང་། ཕ་མ་གཉིས་ནས་དབུགས་རིང་ཡང་ཡང་འཐེན་ཞོར་མགོ་བོ་འཕྲེད་དུ་གཡུག་གིན། ‘ ལྐུགས་མ་ཁྱོད་ཡིན་ན། གང་བྱུང་དུ་མི་ལ་ཡིད་ཆེས་བྱེད་མཁན་ཡོད་དམ། ལྟོས་དང་། གྲོད་པ་ཆེན་པོ་འདི་འདྲ་ཞིག་ཁུར་ནས་གཞན་ལ་གདོང་སྟོན་ནུས་པ་འདུག་གམ’ཕ་མ་གཉིས་ཀྱིས་དེ་སྐད་སྨྲ་ཞོར་རྨ་ཁས་གཙེས་པའི་ངའི་སེམས་ཀྱི་གཏིང་རིམ་དུ་མདའ་གྲི་མདུང་གི་མཚོན་ཆས་ཡང་ཡང་བསྣུན་པ་ཇི་བཞིན་ན་ཟུག་ལ་བཟོད་གླགས་བྱ་ཐབས་མི་འདུག ང་ལ་ཐ་ན་རང་སྲོག་གཅོད་པའི་བསམ་བློའང་འཁོར་མྱོང” ཁོ་མོས་ང་ལ་དེ་སྐད་ཟེར་ཞོར། མིག་ཟུང་བཙུམས་ནས་ངའི་སྐེ་ལ་དམ་དུ་འཁྱུད་བྱུང་། ཁོ་མོའི་གཏམ་རྒྱུད་ལ་རྣ་བ་བླགས་དུས། ངའི་སྣང་ངོར་ཁོ་མོ་སྡུག་ལ་སྦྱོར་མཁན་ནི་རྒྱུ་འབྲས་སྣོག་མཁན་གྱི་ཁོ་མོའི་ཕྲུ་གུའི་ཕ་དེ་མིན་པར། ང་རང་ཉིད་ཡིན་པའི་ཚོར་སྣང་སྐྱེས་ཤིང་། ང་ལ་གཏམ་རྒྱུད་དེ་དག་འཆད་མཁན་ནི་ངའི་འཁྲིས་སུ་ཉལ་ནས་ཡོད་པའི་སྐལ་བཟང་མིན་པར་ངས་ལས་འབྲས་རྡོག་རོལ་ཏུ་བཏང་སྟེ་ཤུལ་དུ་བསྐྱུར་བའི་བསོད་སྒྲོན་ཡིན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོངས།

       མཚན་མོ་དེར། སྐལ་བཟང་གིས་ང་ལ་མོ་རང་གིས་དངོས་སུ་བརྒྱུད་མྱོང་བའི་མི་ཚེའི་གཏམ་རྒྱུད་མང་དག་ཅིག་བཤད། ཡིད་སེམས་བློང་བློང་པོར་གཏོང་བའི་ཁོ་མོའི་སྐད་ཆ་རེ་རེས། ངའི་སེམས་ལ་འགྱོད་གདུང་གི་རྦ་རླབས་ལང་ལོང་དུ་འཕྱུར་ལ། དཀའ་སྡུག་གི་འཚོ་བའི་མདུན་དུ་མགོ་བོ་བསྒུར་ནས་མ་བསྡད་པར་རེ་བ་རྟ་རྔ་ཙམ་ཞིག་བཅངས་ཏེ་སླར་ཡང་གྲོང་ཁྱེར་འདིར་རང་གི་མི་ཚེའི་ལམ་བུ་འཚོལ་བར་ཡོང་བའི་སྐལ་བཟང་གི་སྙིང་རུས་ལ་དད་སེམས་བླ་ལྷག་ཏུ་སྐྱེས་འོངས། ཁོ་མོས་དཀའ་སྡུག་དེ་དག་ལ་བཟོད་བསྲན་ཅི་ཙམ་བྱས་ཡོད་པ་ངས་ཚོད་དཔག་བྱེད་ཐབས་བྲལ་མོད། ཁོ་མོས་མིག་མདུན་གྱི་འཚོ་བར་བློ་ཕམ་དང་ཡི་ཆད་ཀྱི་བསམ་པ་དྲག་པོ་སྐྱེ་མྱོང་བ་ངས་ཚོད་དཔག་མི་ཐུབ་པ་ག་ལ་ཡོད།

       མཚན་མོ་དེར། སྐལ་བཟང་གིས་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམས་པར་མོ་རང་གི་མི་ཚེའི་གཏམ་རྒྱུད་ཡོད་དོ་ཅོག་ང་ལ་ལྷུག་པོར་གླེངས། ངས་མོས་ཅི་བཤད་ལ་ལུས་ངག་ཡིད་གསུམ་གྱིས་རྣ་བ་བླགས་ཏེ་ཉན་ནས་བསྡད། ཁོ་མོས་བརྒལ་ཟིན་པའི་མི་ཚེའི་འཕྲང་ལམ་རེ་རེ་དྲན་དུས། བུད་མེད་ཅིག་ལ་མཚོན་ན་གཉེན་འཐོར་བྱེད་ཐེངས་རེ་རེས་སེམས་ལ་ཕོག་སྡུག་མི་ཉུང་བ་ཞིག་བཟོ་བཞིན་ཡོད་པ་རྟོགས་བྱུང་ལ། རྒྱབ་རྟེན་དང་འཚོ་རྟེན་ཅི་ཡང་མེད་དུས་སྐྱེས་པ་ཁྱོ་གས་གད་སྙིགས་བཞིན་དོར་བ་ནི་ལས་འབྲས་གཙུག་ཏུ་བཀུར་བའི་མི་ཞིག་གིས་བྱེད་ཕོད་པ་ཞིག་གཏན་ནས་མིན་པ་ཤེས་འོངས། དེ་བས། བསོད་སྒྲོན་གྱི་ལས་དབང་ཡང་སྐལ་བཟང་དང་ཅིས་མི་འདྲ། བུད་མེད་དེ་གཉིས་པོས་བརྒྱུད་མྱོང་བའི་མི་ཚེའི་ལམ་བུ་དང་། མི་ཚེའི་ལམ་བུའི་ཐོག་ཕྲད་པའི་དཀའ་ངལ་དང་བར་ཆད་མང་པོ་གཞི་གཅིག་ཏུ་བསྒྲིལ་དུས། ང་སྟེ། མིག་ཟུང་མུན་གྱིས་བསྒྲིབས་ཤིང་། སེམས་པ་གདོན་གྱིས་བརླམས་པའི་ཐ་ཤལ་ངས། ད་གཟོད་བསམས་ན་ཞེ་མེར་ཞིང་དྲན་ན་སྐྱུག་བྲོ་བའི་རང་གི་འདས་སོང་གི་སྨྱོ་གར་ལྟ་བུའི་བྱས་ཉེས་དག་དྲན་འོང་།
སྔོན་ཆད་སྐལ་བཟང་གི་ཕྲུ་གུའི་ཕ་དེས་སྐལ་བཟང་དང་ཁོག་ཏུ་སྦྲུམ་པའི་བྱིས་པ་ཤུལ་དུ་བསྐྱུར་བ་ཇི་བཞིན། ཐ་ཤལ་ངས་ཀྱང་བསོད་སྒྲོན་དང་ཁོ་མོའི་ཁོག་ཏུ་སྦྲུམ་པའི་བྱིས་པ་དེ་གད་སྙིགས་བཞིན་རྒྱང་དུ་དོར་བ་མ་ཡིན་ནམ། དེ་དག་དྲན་དུས། ངའི་མིག་མདུན་གྱི་བྱ་དངོས་ཡོད་དོ་ཅོག་ཡུད་ཙམ་གྱི་རིང་ལ་མག་མོག་ཏུ་གྱུར་ཅིང་། རང་གིས་རང་ལ་ཁོང་ཁྲོའི་མེ་ལྕེ་ལྷབ་ལྷབ་ཏུ་འབར་འོངས། ཁོང་ཁྲོའི་མེ་ལྕེ་འབར་ཐེངས་རེར། ངས་ཁུ་ཚུར་མཁའ་ལ་འཕྱར་ནས་རང་གི་བྲང་ཁར་ཤེད་ཀྱིས་བརྡེགས་པ་ཐེངས་གཅིག་གཉིས་མིན་ལ། རང་གི་སྐྲ་ལོ་ནས་འཐེན་པའམ་ཁུ་ཚུར་གྱང་ལ་བརྡབས་པ་ཉུང་ཉུང་མིན། གལ་ཏེ། ངས་རང་ཉིད་ལ་དྲག་པོའི་མནར་གཅོད་བཏང་སྟེ་བསོད་སྒྲོན་དང་སྙིང་ཉེ་བའི་གཅེས་ཕྲུག་གཉིས་པོའི་ན་ཟུག་ཇེ་ཆུང་དུ་གཏོང་ནུས་ན། ངས་རང་ཉིད་ཀྱི་མཛུབ་མོ་དུམ་བུར་གཏུབས་ཀྱང་ཕང་སེམས་ཅི།
       “ངས་ཁྱེད་ཀྱི་གཏམ་རྒྱུད་བརྗོད་བྱར་བྱས་ཏེ་སྒྲུང་གཏམ་ཞིག་འབྲི་འདོད”མཚན་མོ་དེར་ངས་ཁོ་མོར་དེ་ལྟར་བཤད། ཁོ་མོས་སོམ་ཉི་དང་བཅས་ང་ལ་བལྟས་ནས་འདུག་པ་ལས། ངག་ནས་ཚིག་གཅིག་ཀྱང་མ་བཤད། ངས་འགྲེལ་བཤད་ཀྱི་ཚུལ་དུ། “ངས་ཁྱེད་ཀྱིས་བརྒྱུད་མྱོང་བའི་མི་ཚེའི་གཏམ་རྒྱུད་དེ་དག་དེབ་ཏུ་དགོད་ཀྱི་ཡིན” ཅེས་བཤད་པས། དང་ཐོག་ཁོ་མོས་ངོ་ཚ་དང་བཅས། “སྐུ་མཁྱེན། དེ་འདྲ་མ་གནང་རོགས། གལ་ཏེ་ངའི་གནས་ཚུལ་དག་ངའི་དགའ་ཉེ་སྤུན་མཆེད་དང་ངོ་ཤེས་ཚོས་ཤེས་ན། ང་ད་དུང་འཚོ་བ་ཇི་ལྟར་སྐྱེལ་དགོས། ང་ཚོའི་གྲོང་ཚོའི་མིས་ངའི་བུ་ལ་ཨ་ཕ་མེད་པའི་གནས་ཚུལ་ཤེས་སུ་འཇུག་མི་འདོད། དེ་ལྟར་བྱས་ན་ཁོ་ཚོས་ང་ལ་ཡུགས་མོ་ཞེས་དམོད་ངེས་ལ། དེ་བས་ངའི་བུ་ལ་ནལ་ལེ་ཞེས་ཁྱད་གསོད་དང་ཁྲེལ་དགོད་བྱ་སྲིད། མི་གཞན་པས་ང་ལ་དམའ་འབེབས་དང་ཁྱད་གསོད་ཅི་ཙམ་བྱས་ཀྱང་སྐྱོན་མེད་མོད། ངའི་བུ་ལ་དམའ་འབེབས་བྱས་ན་ངས་སེམས་ཀྱིས་བཟོད་པ་མི་འདུག” ཁོ་མོས་དངངས་སྐྲག་དང་བཅས་ང་ལ་དེ་སྐད་ཟེར།
 “ཁྱེད་དང་ཕྲུ་གུའི་ཕ་གཉིས་པོ་གཉེན་འཐོར་བྱས་པའི་གནས་ཚུལ་ཡུལ་མི་ཚོས་མི་ཤེས་སམ” 
“ མི་ཤེས། ངས་ཡུལ་མི་ཚོར་ངའི་ཁྱོ་ག་གཞུང་གི་ལས་ཀ་བྲེལ་བ་ཆེ་བས་ཁོམ་པ་མི་འདུག་ཅེས་རྫུན་བཤད་པ་ཡིན”
“ཁྱེད་ཀྱིས་མི་ཚེ་གང་པོར་གསང་ཐུབ་བམ”
“ངས་བསམ་བློ་རྒྱང་རིང་པོ་བཏང་མེད། ཕྱིས་འབྱུང་མཇུག་འབྲས་ཅི་འབྱུང་རང་གི་ལས་ལ་ལྟ་རྒྱུ་རེད”
“དེའི་ཐད་ལ་ཁྱེད་སེམས་ཁྲལ་བྱེད་མི་དགོས། ངས་ཁྱེད་ཀྱི་མིང་རྩོམ་ལ་འབྲི་མི་སྲིད” ཁོ་མོས་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་ཏེ་ཁུ་སིམ་མེར་སྒེའུ་ཁུང་ཕྱི་རོལ་ཏུ་མིག་ཟུང་ཅེར་ནས་འདུག  ཁོ་མོས་ཅི་ཞིག་མཐོང་གིན་ཡོད་དམ། མུན་ནག་གི་ཀློང་དུ་མུན་པའི་མིག་ཟུང་གཏད་དེ་མུན་པ་ལས་ད་དུང་ཅི་ཞིག་མཐོང་གིན་ཡོད་དམ། ངས་དེ་ལྟར་བསམས། ཕྱི་རོལ་ཏུ་སྐབས་ལ་ལར་རླངས་འཁོར་རེ་ཟུང་ཡར་བཞུད་མར་བཞུད་བྱེད་དུས་འོད་འཁྱུག་ཙམ་འཁྱུག་ཙམ་བྱེད་པ་ལས། ཉིན་དཀར་གྱི་འུར་སྒྲ་དང་འཛེར་སྒྲ་ཅི་ཡང་ཐོས་རྒྱུ་མེད་པར། ཚེ་སྲོག་གི་རང་མདངས་སྔ་མོ་ནས་ཤོར་བའི་བེམ་པོ་བཞིན། ཡོད་ཚད་ཁུ་སིམ་མེར། སྟོང་ལྷང་མེར། ནག་རོག་གེར་འདུག
       སེམས་ནད་ཡོད་ན་གཉིད་ཀྱང་མི་འོང་། ངེད་གཉིས་པོར་གཉིད་ཀྱི་དང་ཁ་གཏན་ནས་མེད་པས། རང་རང་སོ་སོའི་ཁྱིམ་ཚང་གི་གནས་ཚུལ་སྐོར་ཕར་བཤད་ཚུར་བཤད་བྱས་ནས་བསྡད། ངས་ད་གཟོད་ཁོ་མོའི་ཕ་མར་ཁོ་མོ་ཕུད་ད་དུང་གཅུང་མོ་ཞིག་ཡོད་པ་ཤེས། ཁོ་མོའི་ཕ་མས་གཅུང་མོར་མག་པ་ཞིག་བླངས་ཏེ་ཁྱིམ་གཞིས་སྐྱོང་དུ་འཇུག་པའི་འཆར་གཞི་ཡོད་པའང་ཤེས། ཁོ་མོས། “གལ་ཏེ་གཅུང་མོར་མག་པ་ཡག་པོ་ཞིག་བསུ་མ་ཐུབ་ཚེ། གཅུང་མོའང་ང་དང་འདྲ་བར་སྡུག་མཐོང་སྲིད། དེ་བས་ངའི་ཕྲུ་གུའང་སྡུག་ལ་གཏད་ངེས་རེད་ཟེར།  དོན་དམ་དུ། གནམ་འོག་འདི་ན། རང་གི་ཕ་མ་ལས་ལྷག་པ་ཞིག་གཏན་ནས་མེད་ཨང་ཟེར། གལ་ཏེ་ཕ་མ་གཉིས་པོ་མེད་ན། ངས་བྱིས་པ་དམར་འབྱར་ཞིག་ཇི་ལྟར་གསོ་ཨང་། ང་ལ་ད་དུང་གྲོང་ཁྱེར་འདིར་ལས་ཀ་བྱེད་སྐལ་ག་ལ་ཡོད”ཟེར། ཁོ་མོས་དེ་ལྟར་སྨྲས་རྗེས་དབུགས་རིང་ཞིག་འཐེན་བཞིན་འདང་རྒྱག་གི་ཀློང་དུ་ཚུད།
ཁོ་མོས་བཤད་པའི་སྐད་ཆ་ཡོད་དོ་ཅོག་དྲང་གཏམ་འབའ་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད། དྲང་པོར་བཤད་ན། ངས་ངོ་ཤེས་པའི་བུ་མོའི་ཁྲོད་སྐལ་བཟང་གིས་མ་གཏོགས་ང་ལ་གློ་བ་འདི་རེད། མཆིན་པ་འདི་རེད་ཅེས་དྲང་གཏམ་ཤོད་མྱོང་མཁན་ཉུང་ཉུང་རེད། མ་མཐར་ཡང་ཁོ་མོའི་འོད་ཀྲིག་ཀྲིག་གི་འདྲེན་བྱེད་ཟུང་གིས་ང་ལ་རྫུན་སྨྲ་མི་སྲིད། ཁོ་མོའི་མིག་ཟུང་གི་ཀློང་ནས་ངས་དུས་ཡུན་རིང་པོར་མཐོང་འདོད་ཀྱང་མཐོང་མི་ཐུབ་པའི་དྭངས་གཙང་དང་། གཡའ་དག ལྷད་མེད། སེམས་བཟང་གི་ཆ་དེ་མཐོང་བྱུང་། ཁོ་མོའི་མིག་ཟུང་དང་པད་མའི་མིག་ཟུང་གཏན་ནས་མི་འདྲ། པད་མ་ཟེར་བའི་བུད་མེད་དེས། དུས་རྒྱུན་མནའ་བསྐྱལ་ནས་ང་ལ་དྲང་གཏམ་ཡིན། དྲང་གཏམ་ཡིན་ཅེས་བརྗོད་དེ་ངའི་སེམས་པ་འགུགས་ཐབས་བྱས་མོད།  གང་ལྟར་ཀྱང་། ཕྱིས་སུ་ངས་མོས་བཤད་པ་མཐའ་དག་རྫུན་མ་འབའ་ཞིག་ཡིན་པ་ངང་གིས་རྟོགས། དཔེར་ན་དང་ཐོག་ཁོ་མོས་ང་ལ་མོ་རང་ལ་ཁྱོ་ག་མེད་ཟེར། མོ་རང་ང་ལ་མ་གཏོགས་སྐྱེས་པ་སུ་ལའང་དགའ་མ་མྱོང་ཟེར། འོན་ཀྱང་ཕྱིས་སུ་མོ་དང་ཕ་ཡུལ་གཅིག་པའི་ཡུལ་གྲོགས་ཤིག་གི་ངག་ནས་ངས་ད་གཟོད་ཁོ་མོར་ཁྱོ་ག་ཡོད་པ་མ་ཟད་བྱིས་པའང་བུ་གཅིག་དང་བུ་མོ་གཅིག་ཡོད་པ་ཤེས། དེ་བས། ཁོ་མོས་མཚན་མོ་མང་པོའི་རིང་སྐྱེས་པ་མང་པོ་དང་ལྷན་དུ་ཆང་བཏུངས་པ་མ་ཟད། ཆང་གིས་མྱོས་རྗེས་སྐྱེས་པ་མང་པོར་འགྲོག་མྱོང་ཟེར། དེ་བས་ཁོ་མོས་ང་ལ་མོ་རང་སློབ་ཆུང་ལས་འགྲིམ་མ་མྱོང་ཅེས་ལབ་མྱོང་ཡང་། དོན་དངོས་ཐོག་ཁོ་མོ་སློབ་ཆེན་ནས་ཐོན་ཏེ་ལོ་བཞི་ལྔ་ཙམ་ཞིག་ཕར་ལ་འདས་པ་དང་། ད་བར་ལས་ཀ་ངོ་དྲག་པ་ཞིག་རག་རྒྱུ་ལྟ་ཅི། ལས་ཀ་སྤྱིར་བཏང་བ་ཞིག་ཀྱང་མ་རྙེད་པར་ལུས་འདུག པད་མ་ཞེས་པའི་བུད་མེད་དེའི་རང་གཤིས་ངོ་མ་ཤེས་དུས། ངས་བུ་མོ་མང་པོར་རང་གི་བརྩེ་བ་རྣམ་དག་ཕྱིར་ཕྱུངས་ནས་བརྩེ་དུང་ངོ་མ་སྦྱིན་པའི་སྤོབས་པ་ངང་གིས་ཞི། ངའི་སྣང་ངོར་བུ་མོ་དེ་ཚོས་ཚུར་ལ་བརྩེ་བ་རྣམ་དག་མ་བྱིན་ན་ཕན་ཚུན་རྩེད་ཆས་ཙམ་དུ་བརྩིས་ནས་བསྡད་ན་དགའ་སྙམ།
       པད་མ་དང་ངེད་གཉིས་པོ་ངོ་ཤེས་པའི་ཉིན་དང་པོ་དེ་རང་ལ་མལ་ཁྲི་གཅིག་དང་སྔས་མགོ་གཅིག་བྱས་ཏེ་ཉལ་ཉལ་བྱས་པ་ནས་བཟུང་། ངས་ཁོ་མོ་ནི་སྐད་ཆ་དམར་རྗེན་མཐའ་དག་ལབ་རྒྱུར་གོམས་པའི་བྱང་མ་ཞིག་ཡིན་པ་རྟོགས། ཁོ་མོས་རང་གི་ཕ་ཡུལ་ནག་ཆུའི་དམངས་ཁྲོད་ཀྱི་ཕོ་མོའི་འདོད་བརྩེ་མཚོན་པའི་གཏམ་རྒྱུད་མང་པོ་ང་ལ་བཤད་མྱོང་སྟེ། དཔེར་ན།   
“སྔར་ཀོབ་ཀྱེ་ཞིག་བུད་མེད་གཅིག་གི་གམ་དུ་བསྐྱོད་དེ་མཚན་གང་ཉལ། ནམ་གུང་ཡོལ་མཚམས་སུ་སླེབས་ཀྱང་། སྐྱེས་པ་དེས་བུད་མེད་དེ་ལ་འཁྲིག་པ་ཐེངས་གཅིག་ཀྱང་སྤྱོད་མ་ཐུབ་སྟབས།  བུད་མེད་དེ་འུ་ཐུག་སྟེ་སྟོད་ལང་བྱས་ནས། ‘མདང་དམར་པོ་ལ་དུས་སླེབས་ལེ་ཡིན། ད་སྨིན་དྲུག་ལ་ཁར་བཀག་བསྡད་འདུག ང་སྔ་འབྲི་དང་པོ་འཇོ་རན་སོང་། རུམ་དེ་ན་གཉིད་རྒན་ཤི་བསྡད་གདའ’ཅེས་བཤད་པར། ཀོབ་ཀྱེ་ཡི་མ་རངས་པར། ‘ཨ་རོ། སྟག་ཤར་པར་རླུང་རྟའི་དར་རྒུད་ཡོང་། སྨན་བུ་མོར་གཡའ་དཀར་གཡའ་ནག་ཡོང’ཞེས་བཤད་པར། བུད་མེད་དེས། ‘འོ་རེད། ང་གྲོ་སྐྱིད་རྟ་ཕོ་རླུང་རེད་མོད། ཁྱོད་མ་ཆགས་མི་ཕོ་ཁྱི་རེད་མོད། ང་ཁྲ་རིང་བོའུ་ཐོག་རེད་མོད། ཁྱོད་མ་འབར་སྦི་སྡི་རོ་རེད་མོད།’ ཅེས་ཟེར་ཏོ།།” དེ་མིན་དཔེར་ན།                                                                                                                                              “ཉིན་ཞིག ཨ་མ་དང་བུ་གཉིས་ཀྱིས་ཨ་མཆོད་གདན་དྲངས་ཏེ་རིམ་གྲོ་བསྒྲུབས། མཚན་མོ་ཨ་མཆོད་ཨ་མའི་རུམ་དུ་འཛུལ་བ་བུས་ཤེས་ནས། ཨ་མཆོད་དེ་ཕྱིར་འབུད་ཐབས་ཤིག་བྱ་དགོས་སྙམ། ཕྱི་ཉིན་བུ་དེས་ཨ་མཆོད་སྡོད་སའི་ལྤགས་གདན་ལ་ཨི་ཁུང་མང་པོ་ཕུག་པ་དང་། ལྐོག་ཏུ་ཨ་མཆོད་ཀྱི་རྣ་རྩར་ངའི་ཨ་མས་མིའི་རྐུབ་ཤ་ཟ་ཡི་རེད་ཅེས་བཤད། ཁོས་དེ་ལྟར་བཤད་རྗེས་ཨ་མའི་སར་བསྐྱོད་ནས་ཨ་མར། ཨ་མཆོད་དེའི་རྐུབ་ལ་རྭ་ཅོ་སྐྱེས་འདུག ཅེས་བཤད་པར། ཨ་མ་ཡིད་མ་ཆེས་པར། ཁྱོད་ཀྱིས་རྫུན་མ་ཤོད། ཁྱོད་ཀྱིས་གང་འདྲ་བྱས་ནས་ཤེས་བྱུང་། ཞེས་དྲིས་པར། བུས་ཨ་མར། ཨ་མཆོད་ཀྱི་ལྤགས་གདན་ལ་ཨི་ཁུང་མང་པོ་བརྟོལ་འདུག ཨ་མ་རང་ལྟ་བར་ཤོག་དང་། ཅེས་བཤད། ཨ་མས་ཨ་མཆོད་ཀྱི་ལྤགས་གདན་ཚུར་ལ་བླངས་ནས་ལྟ་སྐབས། ཏག་ཏག་ཨི་ཁུང་མང་པོ་ཡོད་པ་མཐོང་བས། ཨ་མའི་བསམ་པར་ཨ་མཆོད་ཀྱི་རྐུབ་ལ་དངོས་གནས་རྭ་ཅོ་སྐྱེས་འདུག་སྙམ་སྟེ། ཨ་མཆོད་ཀྱི་རྐུབ་ལ་བལྟས་པས། ཨ་མཆོད་ཀྱི་སེམས་ལ་འདྲེ་མོ་འདིས་དངོས་གནས་མིའི་རྐུབ་ཤ་ཟ་ཡི་ཡོད་པ་འདྲ་སྙམ་ནས། འདི་ན་འདྲེ་མོ་རྐུབ་ཤ་ཟ་མཁན་ཅིག་འདུག་ཅེས་སྐད་ངན་ཤོར་ཏེ་བྲོས་སོང་ངོ་།། ”ཅེས་པ་ལྟ་བུའི་འདོད་གཏམ་སྣ་ཚོགས་སྨྲ་བར་བག་མི་ཚ།
       སྐལ་བཟང་དང་ཐོག་མར་མལ་ཁྲི་གཅིག་དང་སྔས་མགོ་གཅིག་བྱས་ཏེ་འདོད་པའི་གར་ལ་རོལ་དུས་ཀྱང་། ངས་ཁོ་མོར་རང་གི་བརྩེ་བ་རྣལ་མ་དེ་མ་བྱིན། ངའི་སྣང་ངོར་སྐལ་བཟང་ཡང་པད་མ་དང་འདྲ་བར་བརྩེ་དུང་རྩེད་ཆས་སུ་འཛིན་མཁན་དེ་དག་གི་གྲས་རེད་སྙམ། འོན་ཀྱང་། ཕྱིས་སུ་ཁོ་མོ་དང་དལ་གྱིས་གཤིབ་དུས། ངས་ད་གཟོད་རང་གིས་བུ་མོར་འཛིན་པའི་ལྟ་བ་དེ་དག་རྦད་དེ་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱུང་། གལ་ཏེ་ཁོ་མོས་ང་ལ་བྱིན་པའི་བརྩེ་དུང་དེ་བདེན་པ་བདེན་ཐུབ་དང་། ཁ་ཞེ་གཉིས་མེད། ལྷག་བསམ་རྣམ་དག་ཡིན་པ་སྔ་ཙམ་ནས་རྟོགས་ཚེ། ང་ཁྱི་རྒན་ཞིག་ཡིན་རུང་། ངས་ཁོ་མོའི་བརྩེ་དུང་རྡོག་རོལ་ཏུ་གཏོང་རྒྱུ་ལྟ་ཅི། རང་ཉིད་ལྟ་བུའི་བསམ་སྦྱོར་མི་གཙང་བའི་སྐྱེས་པ་གཞན་པ་ཁོ་མོའི་ཉེ་སར་བཏུད་པར་ངོ་རྒོལ་བྱས་ཏེ། ཉིན་མཚན་དབྱེར་མེད་ཁོ་མོ་སྲུང་མཁན་གྱི་སྒོ་ཁྱི་དཔའ་ངར་ཅན་ཞིག་བྱེད་ཁོ་ཐག་ཡིན། ཁོ་མོས་ང་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དེ་དྲན་དུས། འཁྲིས་སུ་ཉལ་ནས་བསྡད་པའི་བུ་མོ་དེ་ངའི་སྣང་ངོར་སྐད་ཅིག་ཉིད་དུ་ཤིན་ཏུ་ནས་རླབས་ཆེན་ཞིག་ཏུ་མཐོང་། འོན་ཀྱང་། ཆུ་ལ་ཆར་པའི་སྐྱོ་རོགས་མ་བྱུང་ཡང་། སད་སེར་བའི་སྣ་འདྲེན་བྱ་མི་རུང་ཞེས་པའི་གཏམ་དཔེ་ཇི་བཞིན། ད་བར་དུ་ངས་ཁོ་མོར་ཕན་གདགས་མ་ཐུབ་པའི་ཐོག ད་དུང་ཁོ་མོའི་ལུས་སེམས་ཀྱི་ཞིང་སར་སད་སེར་ཕབ་སྟེ་བཙན་འཛུལ་མང་པོ་བྱས་ཡོད་པ་རེད་ཨང་།
       ཁོ་མོས་མུན་ནག་གི་རྒྱ་མཚོ་མང་པོ་བརྒལ་ནས་འོད་ཟེར་གྱི་ལམ་བུ་རྙེད་ཆེད། དཀའ་བ་སྟོང་ཕྲག་ཁྱད་དུ་སད། ངལ་བ་ཁྲི་ཕྲག་ཕྲག་ཏུ་བླངས་ནས། གོམ་པ་རེ་རེ་མདུན་དུ་སྤོ་ཞོར། རྐང་རྗེས་རེ་རེ་ཤུལ་དུ་བཞག་ཀྱང་། དུང་སེམས་ཅན་གྱི་བུ་མོ་དེ་ལ་ལྷག་བསམ་རྣམ་དག་གི་བརྩེ་བ་དང་ཁ་ཞེ་གཉིས་མེད་ཀྱི་ལྷད་མེད་བརྩེ་དུང་མ་འཐོབ་དོན་ཅི། ཡང་མིན་ན། དེ་ནི་ཁོ་མོས་རྟག་ཏུ་རྗོད་ཀྱིན་པའི་ལས་ཟེར་བ་དེ་ཡིན་ནམ། ཁོ་མོས་དུས་རྒྱུན་རང་གི་ལུས་ཐོག་ཏུ་བར་ཆད་དང་ཆག་སྒོ་ཅི་ཞིག་འབྱུང་རུང་། གཞན་ལ་ལན་ཁག་དཀྲི་བར་མི་དགའ་ལ། འཁང་ར་དང་ལེ་བདའ་བྱེད་པར་ཡང་མི་དགའ། ཁོ་མོས་ཟེར་ན།“དེ་དག་ཐམས་ཅད་ལས་རེད་ཟེར། རང་གི་ཚེ་སྔོན་མའི་ལན་ཆགས་ཀྱི་བུ་ལོན་རེད་ཟེར། ལས་ཀྱི་བཀོད་སྒྲིག་ཡིན་ན། གཡོལ་བསམས་ཀྱང་གཡོལ་ཐབས་མེད་ལ། དེ་ལ་འཐབ་རྩོད་བྱས་ཀྱང་ཕན་པ་མེད། ལས་ཀྱི་བཀོད་སྒྲིག་ཡིན་ན་མགོ་བོ་བསྒུར་ནས་ཁུ་སིམ་མེར་དང་ལེན་བྱེད་ཐབས་ལས་མེད་ཟེར། ཁྱེད་ཀྱིས་ལྟོས་དང་། ངའི་ཕ་མ་གཉིས་ལ་ཆ་མཚོན་ན། ཧ་ཅང་གཉོམ་ཆུང་གཉོམ་ཆུང་རེད། མི་ཚེ་གང་པོ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ལས་རྔུལ་ཆུ་འཛར་འཛར་བརྒྱབ་ཀྱང་། གང་ལྟར་སྔར་བཞིན་ཉམ་ཐག་གི་འཚོ་བའི་རྒྱ་ལས་ཐར་ཐབས་མ་བྱུང་། འོན་ཀྱང་། གྲོང་ཁྱེར་འདིའི་མི་འགའ་ཤས་ལ་མཚོན་ན། ཁ་པར་གཏོང་ཐེངས་གཅིག་གིས་ཁྲི་བརྒྱ་ཕྲག་སྟོང་ཕྲག་མང་པོ་བསགས་ཚར་བ་རེད་ཟེར། དེ་དག་ཐམས་ཅད་ཚེ་སྔོན་མའི་ལས་ལ་རག་ལས་པ་རེད”ཁོ་མོས་ནམ་རྒྱུན་ང་ལ་དཔེར་བརྗོད་དང་སྦྲགས་ནས་ལས་ཞེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་ཡང་ཡང་བྱས་འོངས། ཁོ་མོའི་སྐད་ཆ་དེ་དག་རྣ་བའི་བུ་གར་ལྷང་ལྷང་དུ་གྲག་དུས། ངའི་སྣ་ལའང་ཚ་ཤུར་ཞིག་ངང་གིས་ལངས།
       ངས་རང་ཉིད་ཅི་ཞིག་ཡིན་མདོག་གིས་ཁེངས་དྲེགས་ཀྱི་ཉམས་དང་བཅས་སྔོན་ཆད་བུ་མོ་དེ་ལ་ཐ་ཤལ་གྱི་སྤྱོད་པར་འཇུག་མྱོང་། ཁོ་མོས་འདས་སོང་གི་སེམས་ཁ་དཀྲུགས་པའི་དོན་དག་གཏིང་བརྗེད་དུ་བཏང་སྟེ། བློ་སྟོབས་ཆེན་པོས་བརྩེ་བ་གསར་པ་ཞིག་དང་ལེན་བྱེད་པར་སྙིང་རུས་ཇི་ཙམ་དགོས་སམ། ཁོ་མོས་ངས་བཤད་པའི་བརྩེ་དུང་སྐོར་གྱི་རྫུན་གཏམ་རེ་རེ་དྲང་གཏམ་དུ་བརྩིས་ནས། ང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད། “ཁྱེད་དང་ཕྲད་པས། ད་ནི་ངས་འདས་སོང་གི་སྡུག་བསྔལ་མཐའ་དག་ངང་གིས་བརྗེད་བཞིན་འདུག  ཁྱེད་ནི་ངའི་འཚོ་བ་ལ་རེ་བ་དང་སེམས་ཤུགས་གནང་མཁན་ཡིན་པས། སྐྱིད་སྡུག་གང་བྱུང་ཡང་ངས་ཁྱེད་དང་མི་ཚེ་མཐའ་སྐྱེལ་བྱེད་ངེས་ཡིན” ཁོ་མོས་ང་ལ་དེ་སྐད་ཟེར། ཁོ་མོའི་སྐད་ཆར་མཉན་ན། ངས་ཁོ་མོར་མི་ལུས་གསར་པ་ཞིག་སྦྱིན་པ་དང་ཨ་ན་མ་ནར་མཐོང་། འོན་ཀྱང་། དོན་དམ་དུ། ཁྲེལ་མེད་ངས་འདོད་པས་མ་བཞག་པར་ཁོ་མོའི་བརྩེ་དུང་རྩེད་ཆས་སུ་རྩི་བཞིན་ཡོད་པ་མིན་ནམ། ང་ནི་ངོ་མ་ཁྲེལ་མེད་ཐ་ཤལ་ཞིག་ཡིན་འདུག ངས་ཡ་རབས་གཞུང་དྲང་གི་བུ་མོ་དེ་དྲང་ལམ་དུ་ཁྲིད་དེ་ཁོ་མོས་འཚོ་བར་བཅངས་པའི་དགའ་ཞེན་དང་ཡིད་ཆེས་འཕེལ་བར་རོགས་རམ་བྱ་དགོས་ཀྱང་། སླར་ཡང་ཁོ་མོའི་ལུས་ཐོག་ཏུ་བྱུང་བའི་སྐྱོ་གར་བསྐྱར་འཁྲབ་བྱས་ཏེ། ཁོ་མོའི་ཡིད་ཀྱི་ཞིང་སར་འབུད་བཞིན་པའི་རེ་བའི་མྱུ་གུར་སད་སེར་གྱི་འཚེ་བ་གཏོང་བཞིན་ཡོད་པ་རེད་ཨང་། ངའི་འདོད་ཆགས་ཀྱིས་ཁོ་མོའི་མི་ལུས་རླུང་ལ་སྐུར་ན་ག་ལ་འགྲིག  ཁོ་མོའི་སེམས་པ་དམྱལ་བར་བརྫངས་ན་ག་ལ་འགྲིག ངས་དེ་ལྟར་འདང་རྒྱག་བཞིན་བསྡད། ཁོ་མོས་སྔུར་སྒྲ་ཡང་མོ་ཞིག་འཐེན་བཞིན་ང་ལ་འཐམས་ནས་གཉིད་འདུག ཁོ་མོའི་ངོ་གདོང་གི་ངོས་སུ་འཛུམ་གྱི་མེ་ཏོག་ཕྲན་བུ་བཞད་པར་བལྟས་ན། ང་རང་ཁོ་མོའི་གམ་དུ་ཡོད་ན་མོ་རང་གི་སེམས་པ་ལྷོད་ལ་འབབ་ཐུབ་པ་དང་། དཀའ་སྡུག་མང་པོ་གཏིང་བརྗེད་དུ་སོང་བ་ལྟར་སྣང་། ཁྱོད་ནི་ཅི་འདྲའི་གླེན་མ་ཞིག་རེད་ཨང་། ངས་དེ་ལྟར་བསམས། དོན་དམ་དུ། ངས་ཁོ་མོར་མགོ་སྐོར་བཏང་བ་ཙམ་མ་ཡིན་པར། ངས་རང་གིས་རང་ལའང་མགོ་སྐོར་བཏང་བ་སྟེ། ཨེན་ཙམ་མིན་ན་རང་ཉིད་ཀྱང་རང་གི་གཡོ་འོག་ཏུ་ཚུད་ལ་ཁད་དང་། རང་གིས་བཤད་པའི་རྫུན་གཏམ་ལ་རང་ཉིད་ཀྱང་ཡིད་ཆེས་ལ་ཁད་བྱེད། ཨ་ཙི། ངོ་འབག་གྱོན་པའི་ཁྲེལ་མེད་ང་ཡིན་ན། ངས་དེ་ལྟར་ཆིག་ལབ་རྒྱག་བཞིན། རང་གིས་རང་ལ་ཁྱད་གསོད་བྱེད་པར་ཐལ།
ཞོགས་པ་དེར། ང་རང་གཉིད་ལས་སད་དུས། ཁོ་མོ་སྔ་མོ་ནས་བུད་ཟིན་འདུག ཁོ་མོ་བུད་ཁར་ཁོ་མོས་ཆང་དྲི་དང་དུ་དྲིས་ཁྱབ་པའི་ངའི་ཁང་ཆུང་འདིའི་ཕྱི་ནང་ལ་གད་ཕྱགས་ཏེ་གཙང་ཐིང་ཐིང་དང་འོད་ཐིང་ཐིང་བྱེད། ཅི་འདྲའི་བུ་མོ་ཡ་རབས་རྣམ་དག་ཅིག་ཨང་། ངས་འདི་ལྟར་སེམས་བཞིན། ཕ་མ་ཟུང་གི་རེ་བ་དང་སྨོན་འདུན་མང་པོ་རུམ་དུ་བཅུག་ནས། གྲོང་ཁྱེར་འདིར་རང་གི་མི་ཚེའི་ལམ་བུ་འཚོལ་བར་ཡོང་བའི་བུ་མོ་གཉོམ་ཆུང་དེའི་ལས་དབང་ལ་བསམ་གཞིག་བྱེད་པར་ཐལ།
       “གྲོང་ཁྱེར་འདི་ཅི་འདྲའི་ཆེ་ཡང་ང་ཚོར་ལུས་སེམས་རྣལ་ལ་ཕབ་སའི་ལས་ཀ་ཞིག་ཀྱང་མ་རག་པ་ནི་ཅི་འདྲའི་སྐྱོ་ཨང” ཕྱིས་སུ་ངས་པད་མ་ཟེར་བའི་བུ་མོ་དེ་ལས་ཀ་བྱེད་སའི་ཆང་ཁང་དེར་སོང་ནས་ཡང་བསྐྱར་ཆང་འཐུང་བཞིན་སྡོད་དུས། ཁོ་མོས་ང་ལ་ཆང་བར་མེད་ལྡུད་བཞིན་དེ་ལྟར་ཟེར། ཕྱི་ཚུལ་ནས་བལྟས་ན་ཅི་ལའང་སེམས་ཁྲལ་བྱེད་དགོས་མེད་པར་ཉིན་མ་གང་འཁྱོལ་ལ་ཞེན་པའི་ཁོ་མོས་ངའི་རྣ་རྩར་དེ་ལྟར་ལབ་དུས། ཨེན་ཙམ་མིན་ན་སྐད་ཆ་དེ་ཁོ་མོའི་ངག་ནས་སྨྲས་པ་ཡིན་མིན་ལའང་ཐེ་ཚོམ་ཟ་ངེས། འོན་ཀྱང་། ཁོ་མོའི་སྣང་ངོར་ངས་ཁོ་མོའི་དངོས་ཡོད་གནས་ཚུལ་གཏན་ནས་མི་ཤེས་སྙམ་ཡང་། ངས་སྔ་མོ་ནས་ཁོ་མོའི་གནས་ཚུལ་སྦར་མཐིལ་ལ་བླངས་པ་ཇི་བཞིན་ཁ་གསལ་གཏིང་གསལ་ཡིན་པས། ཁོ་མོར་སེམས་ངལ་ཅི་ཙམ་ཡོད་པ་ངས་རང་བཞིན་གྱིས་ཚོད་དཔག་བྱ་ཐུབ། འོན་ཀྱང་། ངས་ཁོ་མོའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་སྐོར་ཁོ་མོར་གཏན་ནས་མ་བཤད། གནས་ཚུལ་དེ་རྫུན་རྐུབ་བརྟོལ་ཀྱང་མིག་མདུན་གྱི་དངོས་ཡོད་གནས་ཚུལ་ལ་འགྱུར་བ་གཏོང་ཐབས་ཡེ་ནས་མེད་པར། དེ་ལས་ལྡོག་སྟེ་ཁོ་མོས་ང་དང་འབྲེལ་བ་བྱེད་མིན་ཡང་སུས་ཤེས།
“གྲོང་ཁྱེར་འདི་ཅི་འདྲའི་རྒྱ་ཆེ་ཡང་། ང་ལ་དབང་བའི་ས་ཆ་སྦར་མཐིལ་ཙམ་ཡང་མེད་ཨང” ངས་ཀྱང་དབུགས་རིང་ཞིག་འཐེན་ཞོར། ཁོ་མོའི་སྐད་ཆའི་ལད་མོ་བྱས་ཏེ་དེ་ལྟར་བཤད། ཁོ་མོས་ང་ལ་བལྟས་ཏེ་དགོད་ཙམ་དགོད་ཙམ་བྱེད་པ་ལས། སྐད་ཆ་ཚིག་གཅིག་ཀྱང་མ་བཤད། ཡུད་ཙམ་སོང་རྗེས། ཁོ་མོས་ངའི་ལག་མགོ་ནས་འཇུས་ཏེ། ཧ་ཅང་ནན་ཏན་དང་བཅས། “ཁྱེད་ཀྱིས་སྒོར་མོ་ཚང་མ་ཆང་དང་བརྗེས་ནས་ཁོག་ཏུ་ཁྱུར་མིད་བཏང་ཙང་། ཁང་པ་ག་ལ་ཉོ་ཐུབ། ལྟོས་དང་། ཁྱེད་ཀྱིས་བཞེངས་པའི་ཁང་པ་འདི་ན་འདུག” ཁོ་མོས་ཀུ་རེ་དང་བཅས་འབུར་དུ་ཐོན་པའི་ངའི་ལྟོ་བར་མཛུབ་མོ་གཏད་དེ་དེ་སྐད་ཟེར།
མཚན་མོ་དེའི་ནམ་མཁའ་ན་སྐར་ཚོགས་མི་འདུག སྐར་ཚོགས་ཀྱི་འདུག་རོགས་མེད་པའི་ཁེར་རྐྱང་གི་ཟླ་བ་ཁོང་ཅི་འདྲའི་སྐྱོ་ཤས་ཆེ་ཨང་།

     མཚན་མོ་དེར། ངེད་གཉིས་པོས་ཆང་ཡིད་ཚིམས་པ་ཞིག་བཏུངས་རྗེས། གཅིག་གིས་གཅིག་སྐྱོར་བཞིན། ཁྱར་ཁྱོར་གྱི་གོམ་པ་མདུན་དུ་སྤོས་ཏེ་ཐད་ཀར་ངེད་གཉིས་པོ་ཐོག་དང་པོར་ཉལ་ཉལ་བྱེད་སའི་མགྲོན་ཁང་དེར་སོང་།
ཉིན་དེའི་ཞོགས་པར། ཆུང་མ་དང་ལས་ཁུངས་གཅིག་པའི་ངའི་མཐོ་འབྲིང་གི་སློབ་གྲོགས་ཤིག་གིས་ང་ལ་ཁ་པར་བཏང་སྟེ། “མདང་ནུབ་ཁྱོད་ཀྱི་ཆུང་མ་དང་སློབ་གྲྭའི་འགོ་ཁྲིད་ཅིག་ལྐོག་ལྐོག་སུད་སུད་ངང་མགྲོན་ཁང་དུ་ཕྱིན་པ་ངས་དངོས་སུ་མཐོང་བྱུང”ཟེར། ཁོའི་སྐད་ཆ་དེ་ནི་ཐོག་མདའ་ཞིག་དང་འདྲ་བར། སྐད་ཅིག་ཉིད་ལ་ངའི་སེམས་པ་ཐལ་བར་བཏང་ཞིང་། ངའི་ལུས་པོ་ནི་གློག་གིས་བརྒྱབ་པ་ལྟར་ལྕུག་ལྕུག་ཏུ་འདར་འོང་།

     མཚན་མོ་དེར། ངའི་སེམས་པ་ནི་འདྲེས་བཟུང་བ་དང་འདྲ་བས། ང་ལ་པད་མ་བཞོན་རྟར་བྱས་ཏེ་རྟ་རྩལ་ངོམ་པའི་དང་ཁ་མི་འདུག “དོ་ནུབ་ཁྱོད་ལ་གནས་ཚུལ་གང་བྱུང་བ་ཡིན། སྐད་ཆའང་ཤོད་རྒྱུ་མེད་པ་འདི་འདྲ” ཁོ་མོས་དེ་ལྟར་ཟེར་བཞིན་ང་རང་ལུས་འོག་ཏུ་མནན་ཏེ་འོ་སྐྱེལ་བར་བརྩམས། ང་དང་ཁོ་མོ་ཐེངས་མང་པོར་ཉལ་ཉལ་བྱས་ཟིན་པས། ད་ལྟ་ཁོ་མོར་སྔོན་ཆད་ཀྱི་ངོ་ཚ་དང་འཛེམ་བག་དེ་མི་འདུག ཁོ་མོས་ང་ལུས་འོག་ཏུ་མནན་ཏེ་འདོད་གར་ལ་འཇུག་པའི་སྟ་གོན་བྱས་ཀྱང་། ངས་རམ་འདེགས་ཅི་ཡང་མ་བྱས། ངའི་ལུས་པོ་པད་མའི་འཁྲིས་སུ་ཡོད་ཀྱང་། ངའི་སེམས་པ་རྟ་ཕོ་གཤོག་ཐོགས་ཅན་ཞིག་དང་འདྲ་བར་སྔ་མོ་ནས་ཆུང་མ་ཡོད་སའི་མཁའ་དབྱིངས་དེར་ལྡིང་འཁོར་རྒྱག་བཞིན་མཆིས།
       “ཁྱེད་ཀྱིས་ང་ལ་དགའ་པོ་མེད་ན་དགའ་པོ་མེད་ལབ” གྲུང་ཤ་ཅི་ཡང་མེད་པར་ཉོབ་མདངས་ཀྱིས་དབང་སྒྱུར་ཟིན་པའི་ངའི་ངོ་མདོག་སྐྱ་བོ་དེ་མཐོང་དུས། ཁོ་མོའང་ཡི་མ་རངས་པར་ཁོང་ཁྲོ་དང་བཅས་ང་ལ་དེ་སྐད་ཟེར། ངས་ཁོ་མོར་ལན་ཅི་ཡང་མ་བཏབ། སྔོན་ཆད་ཁོ་མོ་དང་ལྷན་དུ་ཉལ་ཉལ་བྱེད་པར་དགའ་བའི་ང་རང་། དོ་ནུབ་ཁོ་མོར་སུན་སྣང་དྲག་པོ་སྐྱེས་ཏེ་ཉལ་ཉལ་བྱེད་རྒྱུ་ལྟ་ཅི། ཁོ་མོར་སྐད་ཆའང་ཤོད་འདོད་མེད་པར་གྱུར། མོས་ངོ་གནག་ནས་ང་ལ་འགྲམ་ལྕག་མེ་འབར་བ་ཞིག་གཞུས་ཏེ། སྨྲ་བ་མེད་པར་གྱོན་པ་གྱོན་འགོ་བརྩམས། ཁོ་མོའི་མིག་རྩ་དམར་ལམ་ལམ་བྱེད་ཅིང་། སྨིན་མའང་གྱེན་དུ་གཟེངས་ཏེ་དེ་ཕོའི་རྐུབ་ལ་ཕུ་བཏབ་པ་དང་ཨ་ན་མ་ན་རེད། ངས་སྔར་བཞིན་ལྐུགས་པའི་བརྟུལ་ཞུགས་འཛིན་པས། ཁོ་མོ་དེ་བས་མི་དགའ་བར་གྱུར་ཅིང་ང་རྒྱལ་ཇེ་ཆེར་འཕེལ་ནས་མཆུ་ཏོ་ཀྲབ་ཀྲབ་ཀྱིས། “ཐོག་མར་ང་ལ་དགའ་པོ་ཡོད་ཅེས་བཤད་དེ་ངའི་སེམས་པ་རྐུ་མཁན་ཁྱོད་རང་རེད། མཐའ་མཇུག་ང་ལ་དགའ་པོ་མེད་པའི་རྣམ་འགྱུར་བསྟན་ཏེ་ང་གད་སྙིགས་བཞིན་འདོར་མཁན་ཡང་ཁྱོད་རེད། ངེད་གཉིས་པོའི་འབྲེལ་བ་དེ་རིང་ནས་མཚམས་བཞག་ན་ཏག་ཏག་རེད། ད་ནི་ཁྱོད་ཀྱིས་ཅི་ཡང་བཤད་མི་དགོས། ཁྱོད་ཀྱིས་སྨྲ་སྒོ་མ་ཕྱེ་གོང་ནས་ངས་ཁྱོད་ཀྱིས་ཅི་ཞིག་བརྗོད་ངེས་པ་གསལ་པོར་ཤེས་འོང” ཁོ་མོས་དེ་སྐད་ཟེར་བཞིན། སྒོ་ཤེད་ཀྱིས་འཐེན་ནས་ཕྱིར་བུད་སོང་།
མཚན་མོ་དེར། ཁོ་མོ་བུད་སོང་། ཁུ་སིམ་མེར་བུད་སོང་། དགུན་གྱི་ཁུ་བྱུག་ཇི་བཞིན་སྨྲ་བར་མེད་པར་བུད་སོང་། ངའི་གམ་ནས་ཡིད་མུག་དང་རེ་ཆད་ཀྱི་སྐྱོ་སྣང་རུམ་གང་བཏུས་ནས་བུད་སོང་། ཁོ་མོ་བུད་ཚུལ་ནི་ཅི་འདྲའི་རྟབ་རྟབ་པོ་ཞིག་རེད་ཨང་།
མཚན་མོ་དེར། ང་ལ་གཉིད་ཀྱི་དང་ག་ཡེ་ནས་མི་འདུག ནམ་རྒྱུན་ངས་གཞན་གྱི་གམ་དུ་སྡོད་ཚུགས་པོ་ཞེ་དྲག་ཡོད་ཅེས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་མྱོང་བའི་ཆུང་མས། ང་ལ་ཁྲེལ་མེད་བྱས། དོན་དམ་དུ་མོས་ང་ལ་ཁྲེལ་མེད་བྱས་བྱུང་ཞེས་འཁང་ར་བྱས་ན་མི་འགྲིག་སྟེ། ངེད་གཉིས་པོའི་དཀར་གཙང་གི་དར་དཀར་ལྟ་བུའི་བརྩེ་དུང་དེ་ལ་ནག་ནོག་གི་རི་མོ་གཡས་འབྲི་གཡོན་འབྲི་བྱེད་མཁན་ང་གཉིས་སོ་སོ་ལས་གཞན་ཅི། དེ་དག་དྲན་དུས། ངས་རང་དབང་མེད་པར་སྔོན་ཆད་སྐལ་བཟང་གིས་ང་ལ་ཡང་ཡང་རྗོད་མྱོང་བའི་ལས་ཟེར་བའི་ཐ་སྙད་དེ་དྲན་འོང་། སུས་ཀྱང་རྗེས་དཔག་དང་གཏན་ཚིགས་ཀྱི་ལམ་ནས་འགྲེལ་དཀའ་བའི་ཐ་སྙད་དེ་དྲན་འོང་།

     ཆུང་མས་སྐལ་བཟང་བཙལ་ཏེ་གཤེ་གཤེ་དྲག་པོ་བཏང་རྗེས། ངའི་ཡིད་ངོར་རྡོ་རིང་བཞིན་བརྗིད་འགྱིང་ངེར་འགྲེང་བའི་ནམ་མཁའི་ལྷ་མོ་ལྟ་བུའི་བུ་མོ་དེས། ང་ལ་ག་ལེར་བཞུགས་ཨང་ལྟ་བུའི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཁུ་སིམ་མེར་བུད་སོང་། ཁོ་མོ་ང་དང་གྱེས་ཚུལ་ནི་འཇིག་རྟེན་འདི་ལ་ཞེན་པ་གཏིང་ནས་ལོག་སྟེ་སྐྱོ་གདུང་གིས་བཟི་བའི་བུད་མེད་ཅིག་མཐོན་པོའི་གཡང་སར་འགྲེང་ནས་རང་གིས་ཆེས་དགའ་སའི་སྐྱེས་པ་དེ་དང་ལྷན་དུ་རང་སྲོག་བློས་གཏོང་གིས་གཏིང་མཐའ་དཔོག་དཀའ་བའི་དམྱལ་ཁམས་ལྟ་བུའི་གཅོང་རོང་དུ་མཆོང་བའི་སྟ་གོན་བྱེད་དུས། སྐྱེས་པ་དེ་ལག་ནས་ཤོར་ཏེ་རང་ཉིད་གཅིག་པུ་གྲོགས་མེད་ཁེར་རྐྱང་ངང་གཅོང་རོང་དུ་མཆོངས་ཟིན་པ་ལྟ་བུ་རེད། གང་ལྟར་ཀྱང་། ཁོ་མོ་ང་དང་གྱེས་དུས། མོའི་ངོ་གདོང་གི་ཁྱོན་ལ་ཞེ་སྡང་དང་། ང་རྒྱལ། ཁོང་ཁྲོ། ཕྲག་དོག་སོགས་མ་རིག་པའི་སྨུག་སྤྲིན་སྟུག་པོས་བཀང་འདུག བུད་མེད་ཅེས་པ་དེ་མ་གཞི་ནས་སོག་ལེ་ཞིག་དང་དབྱེར་མ་མཆིས་ཏེ། ཁྱེད་ཀྱིས་མོ་ལ་ལྷད་མེད་ཀྱི་བརྩེ་དུང་སྦྱིན་ན། ཁོ་མོས་ཁྱེད་ལ་ཁྱིམ་ཚང་ཞེས་དྲོད་ཁོལ་གྱིས་ཕྱུག་པའི་གནས་མལ་ཞིག་གམ་ལྷོད་ཤིག་གེར་འདུག་ཆོག་པའི་ངལ་གསོའི་བསྟི་གནས་ཤིག་སྦྱིན་ངེས་ཤིང་། གལ་ཏེ་ཁྱེད་ཀྱིས་ཁོ་མོའི་བརྩེ་དུང་རྡོག་རོལ་བཏང་སྟེ་མོའི་སེམས་པ་སྡུག་ལ་གཏད་ན། ཁོ་མོས་ཁྱེད་ལ་སྦྱིན་པ་ནི་ན་ཟུག་དང་། མིག་ཆུ། འགྱོད་གདུང་བཅས་ལས་གཞན་ཅི།
གང་ལྟར་ཀྱང་། ཕྱིས་སུ་ལོ་ངོ་མང་པོ་མལ་ཁྲི་གཅིག་དང་། སྔས་མགོ་གཅིག རྨི་ལམ་གཅིག་པའི་ཆུང་མས་ཀྱང་ང་ལ་ཁྲེལ་མེད་བྱས། “ཨ་ཧོ། དེ་ཐམས་ཅད་རྣམ་སྨིན་རེད་ཡཱ” ངས་ངག་ནས་དེ་ལྟར་ཆིག་ལབ་རྒྱག་བཞིན། སྔོན་ཆད་རང་ཉིད་ཀྱིས་ཆུང་མར་སེམས་ཁུར་ཉུང་དྲགས་པ་དང་། བྱམས་སྐྱོང་ཉུང་དྲགས་པ། འབྲེལ་བ་ཉུང་དྲགས་པའི་སྣང་བ་སྐྱེས། ཁོ་མོས་ངེད་གཉིས་པོའི་བརྩེ་བ་མེ་ལ་བསྲེགས་ནས། ཆུ་ལ་བསྐྱུར་ནས། རླུང་ལ་བསྐུར་ནས། ཀུན་སྤྱོད་དམ་ལས་འབྲས་ལས་འགལ་བའི་སྦྱོར་བ་ཅི་ཞིག་བརྩམས་རུང་། ངས་ཁ་རོག་གེར་དང་ལེན་བྱེད་པ་ལས་མ་འདས། མ་གཞི་ནས་ང་ནི་མི་གཙང་ལྗན་ལྗིན་གྱིས་སྦགས་པའི་གད་སྙིགས་ཀྱི་ཕུང་པོ་དང་ཁྱད་ཅི། ཁོ་མོས་སྐྱེས་པ་ངའི་གམ་ནས་དྲོ་སྐྱིད་དང་། བདེ་སྐྱིད། བརྩེ་བ་མ་ཐོབ་པས། ད་གཟོད་ཁོ་མོས་སྐྱེས་པ་གཞན་དང་འགྲོགས་ནས་དྲོ་སྐྱིད་ཚོར་ཐབས་བྱས་པ་མིན་ནམ། དོན་དམ་དུ་ཁོ་མོ་ལའང་ཅི་ཁག ལན་པ་ཚང་མ་ང་རང་ཉིད་ལ་ཡོད་པས། ངས་ཁོ་མོར་ཅི་ཞིག་བརྗོད་འདོད་ཀྱི་བློ་ཡོད་ཀྱང་། བརྗོད་པའི་སྤོབས་པ་དང་ཐོབ་ཐང་ག་ལ་ཡོད།
      དེ་ནས་ཉིན་ཤས་འདས་རྗེས། ང་དང་གྲོགས་པོ་འགའ་སླར་ཡང་སྐལ་བཟང་ཡོད་སའི་ཆང་ཁང་དེར་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ། ངའི་མིག་ཟུང་གི་ལམ་དུ་སྐལ་བཟང་གི་གཟུགས་བརྙན་གཏན་ནས་འཆར་རྒྱུ་མ་བྱུང་། ཁོ་མོའི་གྲོགས་མོ་ཞིག་གི་ངག་ལ་ཉན་ན། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཉིན་ཤས་གོང་གི་མཚན་མོ་ཞིག་ལ། སྐལ་བཟང་ལ་གནས་ཚུལ་ཅི་བྱུང་མི་ཤེས་མོད། ཁོ་མོས་ཡུད་ཙམ་ཞིག་གི་རིང་མགོ་བོ་དུད་ནས་མིག་ཆུ་གཏོང་བཞིན་འདུག་ཅིང་། དེ་རྗེས་ངུ་སྐད་འདྲེས་མས་ཆང་ཁང་གི་སྦྱིན་བདག་ལ་ལས་གནས་ལས་དགོངས་ཞུ་བྱེད་པའི་རེ་བ་བཏོན་ཏེ་རྟབ་རྟབ་པོར་བུད་སོང་ཟེར།

      མཚན་མོ་དེར། ངས་ཆང་རྔམ་འཐུང་ལན་འགའ་བྱས་ཏེ་གྲོགས་པོ་ཚོར་ང་དང་སྐལ་བཟང་དབར་གྱི་གནས་ཚུལ་མཐའ་དག་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམས་པར་ཇི་མ་ཇི་བཞིན་བརྗོད། ངའི་གྲོགས་པོ་ཞིག་གིས་ཁྲེལ་དགོད་དང་བཅས། གནས་ཚུལ་ཆུང་ཆུང་དེ་འདྲ་སེམས་ལ་ཉར་རིན་ཅི་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། འདོད་པའི་མི་ལ་འདོད་པ་སྦྱིན་པ་ཡིས། དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོད་ཅེས་གསུངས་པ་མིན་ནམ་ཟེར། གང་ལྟར་ཀྱང་། དུས་དེ་ནས་བཟུང་། སྐལ་བཟང་ཟེར་བའི་བུ་མོ་དུང་སེམས་ཅན་དེ་མེ་ཏོག་བཞིན་ངའི་འཇིག་རྟེན་ལས་གཏན་དུ་གྱེས་སོང་། ནམ་རྒྱུན་ང་ལ་ཁོམ་པ་རེ་བྱུང་ཚེ། ངའི་གོམ་པ་རང་དབང་མེད་པར་སྐལ་བཟང་ཡོད་སའི་ཆང་ཁང་དེར་སྤོ་བར་ཐལ་ཞིང་། ཆང་ཁང་དེའི་སྒོ་ཁར་ཐོ་ཡོར་བཞིན་འགྲེང་ནས་སྡོད་པར་ལོབས།

      ཉིན་དེ་དག་ཧ་ཅང་ལྷིང་འཇགས་རེད། ཡང་ན་ཤིན་ཏུ་ནས་སྟོང་ལྷང་ལྷང་རེད། ཅི་ཞིག་བོར་སོང་བ་ལྟ་བུའི་དངངས་སྐྲག་གམ་སྐྱོ་གདུང་ཞིག་གིས་ངའི་སེམས་པ་ལྷོད་ལ་དབབ་ཐབས་གཏན་ནས་མི་འདུག ངས་མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ནས་ཆང་འཐུང་བཞིན་ཉིན་མ་རེ་རེ་ཕར་ལ་སྐྱེལ་བཞིན་ཡོད།
      ཉིན་ཤས་གོང་པད་མས་ང་ལ་ཁ་པར་ཞིག་བཏང་བྱུང་། ཁོ་མོས་ཟེར་ན། ཉིན་ཤས་གོང་དུ་ཁོ་མོར་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ནང་སར་ལས་ཀ་བྱེད་དུ་འགྲོ་བའི་གོ་སྐབས་བྱུང་བས་མོ་ཡང་ཡིག་རྒྱུགས་ལ་ཞུགས་པ་ཡིན་ཟེར། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་མོའང་ཡིག་རྒྱུགས་འཕྲོད་དེ་སང་ཉིན་ནང་སར་འབྱོར་ཐོ་དགོད་དུ་འགྲོ་མཁན་ཡིན་པའི་སྐོར་ལ་ང་ལ་བཤད། “ང་ནང་སར་ལས་ཀ་བྱེད་དུ་འགྲོ་མི་འདོད། ལོ་ངོ་མང་པོའི་རིང་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ལྷ་སར་འཚོ་ཐབས་བྱས་པ་ཡིན། ད་ལྟ་ངས་རང་གི་ཕ་ཡུལ་རྩྭ་ཐང་ཧ་ཅང་དྲན། ཕ་མས་ཨ་ན་ཨུ་ཚུགས་ཀྱིས་ནང་སར་ལས་ཀ་བྱེད་དུ་འགྲོ་བའི་རེ་བ་མ་བཏོན་ན། ངས་ནམ་ཡང་ཕ་ཡུལ་དང་འབྲལ་མི་འདོད” ཁོ་མོས་ངུ་སྐད་འདྲེས་མས་ང་ལ་དེ་ལྟར་ཟེར། ངས་ཁོ་མོར་སེམས་གསོ་དང་བཅས། “ནང་སར་ལས་ཀ་བྱེད་སྐལ་ཐོབ་པ་ནི་ཁྱེད་ཀྱི་བསོད་ནམས་རེད། ཁྱེད་ཀྱིས་ད་བར་ལུས་སེམས་རྣལ་ལ་ཕབ་སའི་ལས་ཀ་ཞིག་རྙེད་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་སྒུག་བྱེད་བཞིན་ཡོད་པ་མིན་ནམ”ཞེས་བཤད་པས། ཁོ་མོས། “ཁྱེད་ཀྱིས་ཤེས་མི་སྲིད། དོན་དམ་དུ་ང་སློབ་ཆེན་སློབ་མ་ཞིག་ཡིན། སློབ་ཆེན་ནས་མཐར་ཕྱིན་ཏེ་ལོ་ལྔ་དྲུག་ཙམ་འདས་སོང་ཡང་རང་བློར་བབས་པའི་ལས་ཀ་ཞིག་མ་རྙེད་པས། ཕ་ཡུལ་དུ་ལོག་པའི་སྤོབས་པ་མེད་ཙང་། ལོ་མང་པོའི་རིང་ལྷ་སར་ཡུལ་གྱར་བའི་འཚོ་བ་བསྐྱལ་ནས་བསྡད་པ་ཡིན། ནམ་རྒྱུན་སེམས་ཁ་མི་སྐྱིད་དུས་ཆང་བཏུངས་ནས་རང་སེམས་ཀྱི་སྡུག་བསྔལ་བརྗེད་ཐབས་བྱེད་ཀྱི་ཡོད། ཁྱེད་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་ང་ལ་བརྩེ་དུང་བཅངས་པར་བཀའ་དྲིན་ཆེ་ཞུ། ད་ཐེངས་ངས་ཕ་མའི་རེ་བ་ཆུད་ཟོས་སུ་མ་བཏང་བར་ལས་ཀ་ཧུར་ཐག་བྱས་ནས་གང་མགྱོགས་ཕ་ཡུལ་བོད་དུ་ལས་སྒྱུར་ཐུབ་པ་བྱེད་ཀྱི་ཡིན། དེ་རིང་ནས་བཟུང་། ཁྱེད་ཀྱིས་ང་གཏན་བརྗེད་གནོངས། ངས་ཀྱང་འཁྱམ་པོའི་འཚོ་བར་རྫོགས་ཚིག་བཀོད་ནས། མིང་དོན་མཚུངས་པའི་ཕ་མའི་གཅེས་ཕྲུག་བཟང་པོ་ཞིག་དང་བུ་ཕྲུག་གི་ཕ་མ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་ཡིན། ཁྱེད་ཀྱིས་ཀྱང་རང་གི་ཆུང་མར་སེམས་རྩ་འཁོལ་པོས་བྱམས་སྐྱོང་མང་ཙམ་བྱོས། ང་ཚོ་བུད་མེད་ཅིག་ལ་མཚོན་ན། རང་གི་ཁྱོ་གས་བྱམས་སྐྱོང་བྱས་པ་ལས་ལྷག་པའི་སྐྱིད་ཅིག་མེད། ད་བདེ་མོ་བྱོས”ཁོ་མོས་དེ་སྐད་ཟེར་ཞོར་ཁ་པར་བཞག་སོང་། ངས་ཁོ་མོར་བརྗོད་འདོད་པའི་སྐད་ཆ་མང་པོ་ཡོད་ཀྱང་། ཁོ་མོས་ང་ལ་སྐད་ཆ་ཤོད་པའི་གོ་སྐབས་ཤིག་ཀྱང་མ་སྦྱིན་པར་ཁ་པར་ཁྲོག་སེ་བཞག་སོང་། ངའི་རྣ་ལམ་དུ་ཁོ་མོས་སྔོན་ཆད་ཆང་ཁང་ཆུང་ཆུང་དེའི་ནང་དུ་ཡང་ཡང་བླངས་མྱོང་བའི་གླུ་གཞས་དེ་ལྷང་ལྷང་དུ་གྲག་བྱུང་སྟེ།
“ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ས་སྐྱིད་པོ་བྱང་གི་ནག་ཆུ་རེད།
དམན་མཛེས་མ་གཅིག་དང་མཛེས་མ་གཉིས།
དམན་མཛེས་མ་བྱང་གི་བུ་མོ་རེད།

ས་མ་འདྲིས་བྱང་ཐང་སྐྱོ་བོ་རེད།
འདྲིས་ཟེར་ན་རང་གི་ཕ་ཡུལ་རེད།

                             རྩོམ་སྒྲིག་པ། མྱི་གསར་བ།
……
མཆན་འགྲེལ།  
 ཀོབ་ཀྱེ། ཡུལ་སྐད་དེ། དབང་རྩ་ཉམས་ནས་བུད་མེད་དང་ལུས་འབྲེལ་མི་ཐུབ་པའི་སྐྱེས་པར་གོ
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease