རྔོན་པ།

    རྩོམ་པ་པོ། ཀླུ་ཐར་བཀྲ་ཤིས།


རྔོན་པ།


                    ཀླུ་ཐར་བཀྲ་ཤིས།

1        
       དེ་རིང་སྔ་དྲོར་ཆར་བ་ཆེན་པོ་ཞིག་བབས་སོང་། ད་ནི་ཡང་བསྐྱར་ཉི་འོད་འཇམ་པོ་ཞིག་འཕྲོས་ཡོད། དྲོས་ཇ་འཐུངས་རྗེས་ངས་ལུས་རྩལ་ལྭ་བ་གྱོན་ཏེ་གཟེབ་གྲུག་ཐང་དུ་སོང་། ང་རང་གཟེབ་གྲུག་ཐང་དུ་ཐོན་པ་ན། དེ་གར་གཟེབ་གྲུག་རྒྱག་མཁན་གྱི་མི་གཅིག་ཀྱང་མི་འདུག ངས་ལག་པས་གཟེབ་གྲུག་རྡེག་བཞིན་ཁུང་བུར་གཟས་ཏེ་ཐེངས་འགར་རྒྱང་འཕེན་བྱས་མོད། ཁུང་བུའི་ནང་དུ་ཐེངས་གཅིག་ཀྱང་འཛུལ་མ་སོང་བས་ང་ལ་མུ་མཐུད་དུ་གཟེབ་གྲུག་རྒྱག་འདོད་ཀྱི་ཡི་ག་མེད་པར་གྱུར། དེ་ནས་ལག་པ་མཆན་ལ་བཙིར་ཏེ་རི་སྡེ་ཁྲ་མོར་རྒྱང་ལྟ་ཞིག་བྱས་པ་ན། སྔོ་ཡུག་ཡུག་གི་དུ་བ་ལང་ལོང་གི་འོག་ཏུ། བཟོ་བཀོད་མཚར་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ཁང་ཁྱིམ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ང་ཡི་མིག་ལ་ལྷུང་། ལྷིག་འཇགས་སེར་འདུག་པའི་རི་སྡེ་ལ་མིག་གིས་ལོངས་སུ་སྤྱོད་བཞིན་དེ་སྔོན་ཁོ་བོས«གཉིད་དུ་ཡུར་བའི་གྲོང་ཚོ»་ཞེས་པའི་སྙན་ངག་ཅིག་བྲིས་མྱོང་བ་ཡིད་ལ་དྲན།ངས་གཉིད་དུ་ཡུར་བ་ཞེས་པ་ནི་ཟུར་ཟ་ལ་གོ་བ་མིན་པར་ལྷིང་འཇགས་ལ་གོ་བ་ཡིན། གྲོང་ཁྱེར་ན་འུར་ཟིང་དང་འདུ་འཛི་རབ་ཏུ་རྒོད་པས་འདི་ལྟ་བུའི་ལྷིང་འཇགས་ཤིག་ཉམས་སུ་མྱོང་བའི་སྐལ་བ་ཤིན་ཏུ་ཕྲ། དེ་བས་ང་རང་ཕ་ཡུལ་གྱི་ལྷིང་འཇགས་ལ་དགའ་བ་དང་། གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པའི་ཡུལ་མི་སྤུ་ཟླར་དུངས། ལྷག་ཏུ་ཁོ་ཚོའི་གཟབ་ནན་མིན་པའི་འཚོ་བ་རོལ་སྟངས་དེར་ཡིད་སྨོན་ཤོར། ངའི་སྣང་བར། ཁོ་ཚོ་ནི་ད་གཟོད་ཆེས་བདེ་སྐྱིད་ལྡན་པའི་མི་དེ་རེད་སྙམ།  རི་སྡེ་འདིར་མཚོན་ན་ཡང་། ང་ནི་ཁོ་ཚོའི་རྣ་བའི་མཉན་ས་དང་མིག་གི་བལྟ་སར་གྱུར་ཡོད། རྒྱུ་མཚན་ང་རང་རུ་སྡེའི་འདིའི་སློབ་ཆེན་པ་ཐོག་མ་ཡིན། ད་ནི་ང་རང་སློབ་མཐར་ཕྱིན་ཏེ་ལོ་གཅིག་ལྷག་འགོར་མོད། ད་རུང་ཡང་བྱ་བ་ངེས་གཏན་མེད་པར་འཁྱམ་ཉུལ་གྱི་འཚོ་བ་རོལ་བར་བསམས་ན། སེམས་ལ་ནོངས་འགྱོད་ཅིག་ཀྱང་མུ་རུ་སྐྱེས་འོངས། ངས་དེ་ལྟར་འདོད་པའི་སྐད་ཅིག་མར།  ཁའི་སྣབས་ཀྱང་བདག་མི་ཐུབ་པའི་བྱིས་པ་པྲ་ཚགས་འགའ་ཆུ་རྐ་ཤོར་བ་བཞིན་ངའི་སར་སླེབས་བྱུང་།  ངས་ལག་པས་གཟེབ་གྲུག་རྡེག་ཞོར་ལོ་ན་ཆེས་ཆུང་བའི་བྱིས་པ་ཞིག་ལ།    “ཁྱོད་སུ་ཚང་གི་ཡིན”ཞེས་དྲིས་པ་ན། བྱིས་པ་དེས་མགོ་བོ་དང་ཁར་སྨད་དེ་རྐང་བས་ས་ལ་རྡེག་ཞོར་སྐད་ཆུང་ངུས“ང་རང་ཨ་རྒྱ་དོན་ནེ་ཚང་གི་ཡིན”ཟེར། ངས“ཁྱོད་ཀྱིས་ང་ངོ་ཤེས་སམ” ཞེས་དྲིས་པ་ན། ཁོས་འཛུམ་ཙམ་བྱས་ནས་ལན་མ་བཏབ། ངས“ཁྱོས་ངའི་མིང་ཤེས་ན།  ངས་ཁྱོད་ལ་ལག་རྩེད་སྤོ་ལོ་སྟེར”ཞེས་བཤད་པ་ན། ཁོས་སྐད་ཆུང་ངུས“མི་ཤེས་གི”ཟེར། ང་རང་ཅུང་ཟད་བློ་ཕམ་སྟེ་གཟེབ་གྲུག་ཁོའི་ལག་ཏུ་བཞག ངས་ཉེ་འཁོར་གྱི་བྱིས་པ་གཞན་དག་ལ་ཡང་ཞིབ་ལྟ་བྱས་མོད། ཕལ་ཆེ་བ་ང་ལ་མཚོན་ན་ཆ་མེད་ཤ་སྟག་རེད། ཐ་ན་ཁོ་ཚོའི་མིང་ལ་ཅི་ཟེར་དང་སུ་ཚང་གི་ཡིན་མིན་ཡང་མི་ཤེས།  ད་གཟོད་སེམས་སུ། དུས་ཚོད་མགྱོགས་པ་ལ་ཨང་སྙམ།

       ངས་ཁོ་ཚོ་རུ་ཁག་གཉིས་སུ་བགོས་ཏེ་འགྲན་བསྡུར་བྱེད་དུ་བཅུག ལོ་ན་བཅུ་ཙམ་ལས་སོན་མེད་པའི་བྱིས་པ་འདི་ཚོའི་འགྲན་སེམས་རབ་ཏུ་ཆེ་བས་འགྲན་བསྡུར་གྱི་ཛ་དྲག་ཇེ་ཆེར་གྱུར། མཚམས་ལན་རེར། རུ་ཁག་གཉིས་ཀྱི་བར་དུ་འགལ་བ་བྱུང་སྟེ་རུ་མི་ཕན་ཚུན་བར་ཚིག་རྩུབ་ཡང་འབྱུང་སྲིད།  སྐབས་དེར་ངས་ཁོ་ཚོར“མཛའ་བརྩེ་དང་པོ། འགྲན་བསྡུར་གཉིས་པ”ཞེས་བཤད་དེ་ཁོ་ཚོའི་འཁོན་སེམས་ཀྱི་མེ་ལྕེའི་སྟེང་ལ་ཆུ་ལྡུག་དགོས་བྱུང་། ཁོ་ཚོའི་རང་དབང་དང་བག་ཡངས་ཀྱི་རྣམ་པ་འདིས་ངའི་ཆུང་གྲོགས་དེ་ཚོ་དྲན་དུ་བཅུག  རྩེད་ར་གཅིག་ནས་འཚར་ལོངས་བྱུང་བའི་ངའི་ཆུང་གྲོགས་དེ་ཚོ། ད་ལྟ་གང་དུ་ཡོད་དམ། ཅི་བྱེད་ཀྱིན་ཡོད་དམ། ཡོད་ཚད་དུས་ཚོད་ཅེས་པའི་གཤེད་མ་འདི་ལན་པས་ཡིན། ངས་དེ་ལྟར་སྙམ་བཞིན་མུ་མཐུད་དུ་ལྟད་མོར་བལྟས་ནས་བསྡད།

       ཅུང་ཙམ་ནས་ང་རང་སྐོམ་པས་གདུང་བྱུང་། ངས་བྱིས་པ་ཞིག་གི་ལག་ཏུ་སྒོར་བཅུ་ཤོག་མ་ཞིག་སྟེར་ཏེ་ཁོ་རང་ཁུ་ནག་གཅིག་དང་སིལ་ཁུ་དམ་བུ་ཆེ་བ་གཅིག་ཉོ་བར་མངགས། ཅུང་ཙམ་ནས་ཁོས་ཁུ་ནག་དང་སིལ་ཁུ་ཁྱེར་ནས་སླེབས་བྱུང་། ངས“སིལ་ཁུ་དེ་ཁྱོད་ཚོ་ཚང་མས་ཐུངས”ཞེས་བཤད་རྗེས་རང་གིས་འཁྱག་སིབ་སིབ་ཀྱི་ཁུ་ནག་འཐུངས་ནས་བསྡད། དེ་སྔོན་དྲ་སྟེང་ནས་ཁུ་ནག་འཐུངས་ན་རུས་པ་སོབ་སོབ་ཏུ་འགྱུར་བའི་གཏམ་མཐོང་མྱོད་མོད།  ང་ལ་མཚོན་ན་ཁུ་ནག་ལས་ལྷག་པའི་བཏུང་ཆུ་ཞིག་མི་འདུག  ངས་དབུགས་ཐེངས་གསུམ་གྱིས་ཁུ་ནག་གི་དམ་བེ་སྟོང་བར་བཟོས། དེ་ནས་མུ་མཐུད་དུ་བྱིས་པ་ཚོ་དང་ལྷན་དུ་གཟེབ་དྲུག་རྒྱག་པར་བརྩམས།

       དགོང་མོར། ཡུན་རིང་བོར་འགུལ་སྐྱོད་མ་བྱས་པའི་རྐྱེན་གྱིས་ཡིན་ནམ། ངའི་རྐང་བ་དང་རྐེད་པ། སྒལ་བ། ཕྲག་པ་སོགས་རེ་རེ་བཞིན་ན་བྱུང་།  ང་རང་ཉལ་གདན་སྟེང་དུ་གན་རྐྱལ་དུ་ལོག་སྟེ་ཁྱིམ་མི་ཚོའི་ཁ་བརྡར་གཡེང་མོད། ཁྱིམ་མི་དག་གིས་སྡེ་བའི་ནང་གི་མག་པ་དང་མནའ་མ་སོགས་ཀྱི་དོན་ཉ་ཉོག་དེའི་སྐོར་ལ་གླེང་བས་ང་རང་ཉན་འདོད་མེད་པར་གྱུར། དུས་ཚོད་འཁྱོལ་ཐབས་སུ་པོད་འཕྲིན་ནང་ཉུལ་བ་ན། མགོ་པར་བུ་མོ་ཅན་གྱི་མི་ཞིག་གིས་ང་ལ “ཁྱོད་རང་བདེའམ།  ང་ནི་ཉིད་ཀྱི་ཀློག་པ་པོ་ཞིག་ཡིན། ཉེ་ལམ་སྒྲུང་གཏམ་གསར་བ་རེ་བྲིས་ཡོད་དམ ”ཞེས་པའི་ཚིག་རྐང་གཅིག་དང་“སྟབས་བདེ་ན་ཉིད་ཀྱིས་ང་ལ་སྐད་འཕྲིན་སྦྲེལ་རོགས། ངའི་སྐད་འཕྲིན་ཨང་གྲངསGLMD1376”ཞེས་པའི་ཚིག་རྐང་གཅིག་འཕྲོ་རིམ་འཕྲོར་བསྐུར་འདུག ང་རང་མོའི་པར་མཛོད་དུ་ཉུལ་བ་ན། མོས་པར་གཅིག་ཀྱང་སྤེལ་མི་འདུག  ངས་མོ་ནི་སུ་ཡིན་ནམ་སྙམ་སྟེ་སྐད་འཕྲིན་ནང་འཇུག་བྱས་པ་ན།  དྲ་མིང་ལ་གངས་ལྷ་མེ་ཏོག་བྱ་བ་དང་མགོ་པར་ལ་དབུ་སྐྲ་དཔྱངས་པའི་གཞོན་ནུ་མ་ཞིག་བཞག་འདུག  ངས་མོའི་པར་ཇེ་གསལ་དུ་བཏང་བ་ན།  གང་ཞིག་ནས་རིག་མྱོང་བ་འདྲ་བའི་ཚོར་བ་ཞིག་སྐྱེས་བྱུང་། ངས་གཟབ་ནན་སྒོས་མོ་ཡང་སྙིང་སུ་ཡིན་པར་བསམ་བློ་བཏང་བ་ན། ད་གཟོད་མོ་ནི་རང་གི་དགེ་རྒན་ཞིག་ཡིན་པ་ག་ལེར་དྲན་བྱུང་།  དེ་མ་ཐག  དུས་ཚོད་ཀྱི་གཙང་པོ་ནི་ལྡོག་ཏུ་བཞུར་ཏེ་མོ་ལོ་བརྒྱད་ཀྱི་གོང་དུ་ཕྱིན།
དེ་དུས་ངེད་ཚང་རྫོང་མཁར་རུ་གནས་སྤར་ཡོད་ལ། ང་ནི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན།

       དུས་སྐབས་དེར་ཨ་ཕས་བདག་གི་སྐད་ཡིག་གི་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ཏེ། ང་ལ་ཟུར་ཁྲིད་དགེ་རྒན་ཞིག་གདན་དྲངས་སོང་། ངས་ཁོ་མོ་ཐོག་མར་མཐོང་དུས། མོ་ནི་ན་ཚོད་དར་ལ་བབས་ཤིང་ལུས་ལང་ཚོ་རྒྱས་པའི་བོད་རིགས་གཞོན་ནུ་མ་ཞིག་རེད། གཟུགས་པོ་རིང་ལ་ཤ་ཅུད་ཟད་རྒྱགས་པོ་འདུག མོའི་སྐྲ་ལོ་ནི་རྒྱའི་འཁྲབ་སྟོན་པ་དེ་དག་དང་འདྲ་བར་གཞི་གཅིག་ཏུ་བསྡམས་ཏེ་ཀླད་གཙུག་ཏུ་བསྡམས་ཡོད། མོས་སྟོད་ལ་ཚི་ལེན་ཐར་རྐྱང་ཞིག་དང་སྨད་ལ་གླང་རྫིའི་དོར་མ་ཞིག་གོན་འདུག འགྲོ་བའི་ཚེ་ན་བྲང་གི་ལྟེ་བ་ཡང་མཐོང་ཐུབ། མོའི་ཚི་ལེན་ཐར་རྐྱང་དེའི་འོག་ཏུ་མཁྲང་ཟླུམ་གྱི་ནུ་མ་ཟུང་ནི་ཆེ་ཆེར་འབུར་གཟུགས་སུ་དོད་ཡོད་པས་ལྟ་བར་དོགས་མི་བདེ་བ་ཞིག་རེད། ངའི་སྣང་བར་ཚི་ལེན་གྱིས་མར་ལ་མི་ཁེབས་ཤིང་དོར་མས་ཡར་ལ་མི་རྩེབས་པས་དེ་ནི་ངག་རྒྱུན་ཁྲོད་ཀྱི་ལང་ཚོ་གོས་ཀྱིས་མི་ཐུམ་ཞེས་པ་དེ་ཡིན་ནམ་སྙམ། སྐབས་དེར་ཐོག་དང་པོར་བུད་མེད་ལ་མཚོན་ན་ཆེས་ཡིད་འགུག་ལྡན་པའི་ཆ་དེ་སྐྱི་པགས་དཀར་བའམ། གཟུགས་པོ་རིང་བ། ཡང་ན་སྐད་ངག་སྙན་པ་ཙམ་མིན་པར་ནུ་མ་ཆེ་བ་དེ་ཡིན་པ་ཚོར། མོས་སྐད་ཆ་བཤད་དུས་སྐད་ངག་ལ་དེ་འདྲའི་སྙན་ཆ་མེད་རུང་། ཁ་བརྡ་གློད་སྐབས་མིག་གིས་གཟབ་ནན་སྒོས་ཕ་རོལ་བའི་གདོང་ལ་ཅེར་བ་དང་། མོའི་མིག་ནང་དུ་བློ་རིག་གི་འོད་ཅིག་འཁྱུག་བཞིན་འདུག  སྐབས་དེར་ངས་མོ་ནི་ངག་རྒྱུན་ཁྲོད་ཀྱི་སེང་ལྕམ་འབྲུག་མོ་དང་མིན་ནཱ་ལུའུ་ཧྲ་བཞིན་མཛེས་ཤིང་ལྟ་ན་སྡུག་པ་ཞིག་མིན་རུང་།   སྐྱེས་པ་ཚོའི་སེམས་པ་བརྐུ་བའི་གཞོན་ནུ་མ་ཞིག་པ་གདེང་ཡོད་པའི་སྒོ་ནས་ཁ་ཚོན་གཅོད་ནུས་པར་སྙམ།

       ཨ་ཕས་གཟབ་ནན་ངང་“ཁོ་མོ་ནི་དགེ་རྒན་བདེ་སྐྱིད་ལགས་རེད། མོ་ནི་ད་ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱིས་ལམ་ནས་སྙན་ངག་འབྲི་བར་མཁས་པོ་ཡོད། རྗེས་ཕྱོགས་ཁྱོས་ཀྱང་སློབ་སྦྱོང་བཟང་པོ་བྱས་ནས་མོ་ལྟར་སློབ་ཆེན་ཚད་ལྡན་ཞིག་ཏུ་བགྲོད་ཐུབ་པར་འབད་དགོས”ཟེར། སྐབས་དེར་ངའི་ཡིད་ལ་སྙན་ངག་ཅེས་པ་ནི་དགེ་རྒན་གྱིས་འཁྲིད་བཞིན་པའི་དཔེ་ཆའི་སྟེང་གི་ཡི་གེ་དེ་དག་དང་མི་འདྲ་བར་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་ཡིན་ནམ་སྙམ། དེ་ལྟར་མོས་ང་ལ་སུམ་ཅུ་བའི་རྩ་བ་དང་རྟགས་འཇུག་གི་རྩ་བ་འཕྲོ་རིམ་འཕྲོར་ཟུར་ཁྲིད་བགྱིས།  སྐབས་དེར་ང་ལ་མཚོན་ན་སློབ་གྲྭ་གྲོལ་བ་ནི་བདེ་སྐྱིད་ཅིག་ཏུ་འདོད། རྒྱུ་མཚན་སློབ་ཁྲིད་གྲོལ་རྗེས་དགེ་རྒན་བདེ་སྐྱིད་མཐོང་ཐུབ་པས་ཡིན།   དེ་བས་ངས་ནམ་རྒྱུན་སློབ་ཁྲིད་གྲོལ་བའི་ཅོང་བརྡ་ལ་སྒུག་པ་ཡིན།  ཁོ་མོས་ཟུར་ཁྲིད་བྱེད་དུས་སྐད་གདངས་མཐོ་ལ་སྨྲ་བརྗོད་དག རིག་པ་གསལ་བས་སློབ་ཁྲིད་ཀྱི་ནང་དོན་ནི་ཡིད་ལ་འཇགས་སླ་བ་ཞིག་རེད།

      སྐབས་དེར་ང་ནི་ཕོ་ལོ་ལྔ་གསུམ་བཅོ་ལྔར་སོན་མ་ཐག་པའི་གཞོན་ནུ་ཞིག་ཡིན་ལ། ཕོ་མོའི་འདོད་དོན་བརྩེ་དུང་ལ་རྒྱུས་མངའ་ཕྲན་ཙམ་མེད།  ཡིན་ཡང་དགེ་རྒན་བདེ་སྐྱིད་མཇལ་བའི་ཉིན་དེ་ནས་བཟུང་ངས་ནི་བུ་མོ་ཚོར་ངོས་གཞན་ཞིག་ནས་དོ་སྣང་བྱེད་མགོ་བརྩམས།
ངས་ཁོ་མོ་རྩོམ་རིག་ལ་དགའ་བའི་རྒྱུ་མཚན་ལ་དམིགས་ཏེ་སྐུ་ཞབས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཆ་ཚང་བཀླགས་མྱོང་བ་དང་། མོའི་མདུན་ནས་རང་ཉིད་ཀྱང་ན་གཞོན་རྩོམ་དགའ་ཞིག་ཡིན་པར་ཤེས་སུ་བཅུག་ན་སྙམ་སྟེ་ཅི་ནུས་ཀྱིས་མོ་དང་ལྷན་དུ་བརྩམས་སྒྲུང་དེ་དག་གི་བརྗོད་བྱ་དང་རྗོད་བྱེད་ཐད་ནས་ལབ་གླེང་བྱེད་པའི་གླགས་བཙལ་མྱོང་། མོས་སྐད་ཆ་བཤད་སྐབས་སྒྱུ་རྩལ་དང་རྩོམ་རིག་གི་སྐོར་གྱི་ཐ་སྙད་འཛོམས་པོ་འདུག་པས་ངའི་ཡིད་ཀྱི་དང་བ་ཅིག་ཅར་དུ་ཕྲོགས། མཚམས་ལན་རེར་ངེད་གཉིས་ཁ་བརྡའི་ནང་ལ་མགོ་འཁོར་དྲགས་ཏེ་མོས་ང་ལ་ཟུར་ཁྲིད་བྱ་དགོས་པ་ཡང་བརྗེད་འགྲོ།  ང་རང་མོ་ལ་དགའ་བཞིན་པ་ཡིན་ནམ།  མིན་མིན།  སུ་ལ་དགའ་ན་ཡང་རང་གི་དགེ་རྒན་ལ་དགའ་བའི་དཔེ་ཞིག་གང་ནས་ཡོད། ང་དགའ་ས་ནི་འཛིན་གྲྭ་གསུམ་པའི་དཔལ་སྐྱིད་མིན་ནམ།  ད་ནས་བཟུང་རང་སེམས་བདག་པོ་རྒྱག་དགོས།  ཏག་ཏག་ཉིན་དེ་དག་ལ་ངས་དེ་ལྟར་རང་གིས་རང་ལ་དྲན་སྐུལ་བྱས་པ་ཡིན།

       དགེ་རྒན་བདེ་སྐྱིད་ནི་རྒྱུན་པར་ལུས་པོར་སྤོས་ཆུ་བྱུགས་རྒྱུར་གོམས་ཡོད། ཁོ་མོ་འགྲམ་དུ་སླེབས་ཐེངས་རེར་སྣ་ལམ་དུ་སྤོས་ཆུའི་དྲི་མ་འཐུལ་བས་ང་རང་དྲི་མ་དེས་བཟི་འགྲོ། ཁྲིད་མཚམས་བཞག་སྟེ་མོ་ང་དང་བྲལ་ཡང་མོའི་ལུས་སྟེང་གི་སྤོས་ཆུའི་དྲི་མ་དེ་ཡུན་རིང་བོར་ངའི་སྣ་ལམ་ནས་ཡལ་རྒྱུ་མི་འདུག ངའི་སྣང་བ་ཞིག་ལ།  དྲི་མ་དེ་ནི་སྦྱར་བྱུང་ལས་བྱུང་བ་ཞིག་མིན་པར་མོའི་སྟེང་ན་ལྷན་སྐྱེས་སུ་མངའ་བ་ཞིག་རེད་འདོད། ཁོ་མོ་ནི་བུད་མེད་རྩེད་དགའ་ཅན་ཞིག་ཀྱང་རེད།  ཁོ་མོས་ང་ལ་སློབ་ཁྲིད་བྱེད་སྐབས་སྟོད་ལྭ་ཕུད་དེ་ཚི་ལེན་ཐར་རྐྱང་གཅིག་པུར་གོན་སྲིད། ཁོ་མོས་དབུགས་གཏོང་ལེན་བྱེད་སྐབས། ཚི་ལེན་གྱི་ནང་རོལ་ན་མཁང་ཟླུམ་གྱི་ནུ་མ་ཟུང་ནི་ཕར་འགུལ་ཚུར་འགུལ་བྱེད་པ་དང་། མོས་ང་ལ་གོ་བདེ་བའི་ཆེད་དུ་མོ་རང་ངའི་ཉེ་སར་བཏུད་དྲགས་པས་མཚམས་རེར་ངེད་གཉིས་ཀྱི་མགོ་བོ་ཕར་ཐུག་ཚུར་ཐུག་བྱེད་སྲིད། དཔེར་བརྗོད་འཇོག་པའི་སྐབས་སུ་ཡང་དཔེ་བརྗོད་དུ་ཁ་སྐྱེངས་པའི་ཆ་ཤིན་ཏུ་མང་པོ་འཇོག་སྲིད་པས། དེ་དག་ནི་མོས་ང་ལ་ཆེད་དུ་འདོད་པའི་གཡབ་མོ་གནང་བ་དང་འདྲ། ཡིན་ཡང་མོ་ལ་མཚོན་ན་དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། གཟའ་མཇུག་དང་ངལ་གསོའི་ཉིན་སོགས་ལ་ངེད་གཉིས་གློག་བརྙན་ཁང་དུ་གློག་བརྙན་ལ་ཡང་ལྟ་རུ་འགྲོ་མྱོང་བ་དང་།  གློག་བརྙན་གང་དེ་བལྟས་ཚར་རྗེས་དེའི་སྐོར་གྱི་བསམ་བློ་བརྗེ་རེས་ཀྱང་མང་དུ་བྱས་མྱོང་། དུས་སྐབས་དེར་ངས་རང་ཉིད་འཚར་ལོངས་བྱུང་བ་ཤིན་ཏུ་མགྱོགས་པར་སྣང་།

       མཚན་མོ་ཞིག་ལ།  ངས་རྨི་ལམ་ཐན་ལྟས་ཤིག་རྨིས་སོང་།  ད་ལྟ་ད་དུང་དྲན་ན་ཡང་ངོ་གནོང་འོངས། རྨི་ལམ་དུ་ང་དང་དགེ་རྒན་བདེ་སྐྱིད་གཉིས་ལུས་གདན་ཐོག་གཅིག་ཏུ་གཅེར་བུར་ཉལ་འདུག མ་ཟད་ངས་ལག་པས་མོའི་ཤིང་འབྲས་ལྟར་སྨིན་པའི་ནུ་མ་གཉིས་ལ་འཕུར་མཉེད་བྱས་པ་ན་མོའི་ངག་ནས་འཁུན་སྒྲ་ཐན་ཐུན་རེ་དབང་མེད་དུ་ཤོར་འོངས། དེ་ལྟར་ངེད་གཉིས་ཀྱིས་ངོ་ཚ་ལ་མི་འཛེམ་པར་འཁྲུག་སྤྱོད་ཡིད་ཚིམས་པ་ཞིག་བྱས་སོང་། ཕྱིར་ཉིན་གཉིད་ལས་སད་དུས།  ངའི་གསེང་དོར་ངོས་སུ་ཁམས་དཀར་བྱུགས་ཡོད་པས་ངོ་ནོངས་པ་དང་། སེམས་སུ་འཇིག་རྟེན་མི་ཆོས་ལས་འདས་པའི་སྦྱོར་བ་ཞིག་སྤེལ་སོང་སྙམ་པའི་ནོངས་འགྱོད་ཀྱིས་བསྟིམས། དགོང་མོར་ཟུར་ཁྲིད་ཀྱི་སྐབས་སུ། ངས་དགེ་རྒན་བདེ་སྐྱིད་མཐོང་བ་ན་ཡིད་ལ་མདང་དགོང་གི་རྨི་ལམ་དེ་དྲན་བྱུང་བས། གློ་རྡེག་ཏུ་ངོ་གདོང་ཚ་ལམ་མེར་གྱུར། དགེ་རྒན་བདེ་སྐྱིད་བྱམས་བརྩེ་ལྡན་པའི་ངང་ནས་ང་ལ་ཡང་དང་བསྐྱར་དུ།  “དེ་རིང་ཁྱོད་ཀྱི་ངོ་མདོག་བཟང་རྒྱུ་མི་འདུག  ན་ཚ་འདྲ་བྱུང་བ་མིན་ནམ ”ཞེས་གཟབ་ནན་གྱིས་དྲིས།   “མིན། ང་ལ་ན་ཚ་བྱུང་མེད ”ངའི་ངག་ནས་དབང་མེད་དུ་དེ་ལྟར་ཐལ། ཏག་ཏག  དགོང་མོ་དེའི་སློན་ཁྲིད་ཀྱི་དུས་ཡུན་ནི་ཤིན་ཏུ་རིང་སྣང་སྐྱེས།  

       རྨི་ལམ་དེའི་སྐོར་ལ་ངས་བསམ་གཞིགས་མང་དུ་བྱས་མྱོང་།  དེ་སྔོན་སྐྱེ་དངོས་སློབ་ཁྲིད་ཀྱི་སྐབས་སུ། ངས་དགེ་རྒན་ལ“ཐིག་ལེ་ཤོར་བ་ནི་ཅི་ཞིག་གི་དོན་རེད”ཅེས་དྲིས་པ་ན། དགེ་རྒན་གྱིས“ལང་ཚོའི་དུས་སུ། ཞི་ལུ་ཚོས་རྨི་ལམ་ནས་ཁུ་བ་ཤོར་འགྲོ། ཡིན་ཡང་དེ་ནི་རྒྱུན་ལྡན་ཞིག་ཡིན”ཞེས་བཤད་མྱོང་བ་དྲན་པས། བློ་སེམས་ཅུང་བདེ་བར་གྱུར། ཡང་རང་ཉིད་ཀྱིས་སློབ་སྐབས་སྔོན་མའི་ནང་དྲྭ་ཁང་ནས་འདོད་བརྙན་ལ་བལྟས་མྱོང་བས་དེས་ཚུར་སྣང་བྱས་པ་ཡིན་པར་འདོད་པས། སེམས་སུ་ནོངས་འགྱོད་ཅུང་ཟད་སྐྱེས།  དགེ་རྒན་བདེ་སྐྱིད་དང་ལྷན་དུ་རྨི་ལམ་ནས་འཁྲུག་སྤྱོད་བྱས་ནས་རིང་བོ་མ་འགོར་བར་ངའི་ཟུར་ཁྲིད་ཀྱི་མཇུག་རྫོགས་སོང་།  ཟུར་ཁྲིད་མཇུག་རྫོགས་ཁར་ཨ་ཕས་མོར་བཀའ་དྲིན་མཚོན་བྱེད་དུ། མོ་ལ་ཟས་མགྲོན་ཅུང་གཟབ་རྒྱས་ཤིག་བྱས་སོང་། དགོང་མོ་དེར། མོས་གླང་རྫིའི་སྟོད་ཐུང་ཞིག་གོན་ལ། སྐྲ་ལོ་ཕྲག་སྟེང་དུ་དཔྱངས་ཡོད། ངའི་སྣང་བ་ཞིག་ལ་མོ་ནི་ནམ་རྒྱུན་ལས་ལྡབ་ཀྱིས་ཡག་སྣང་འདུག ལྷག་ཏུ་རང་གི་སློབ་གྲོགས་ཕོ་དག་གིས་མཛེས་མར་བསྔགས་པའི་བུ་མོ་དེ་དག་དང་བསྡུར་ན། མོ་ནི་ངེས་པ་དོན་གྱི་མཛེས་མ་ཞིག་རེད་ཨང་བསམས། ཏག་ཏག་དགོང་མོ་དེར། ཨ་ཕས“ངས་ཁྱེད་དགེ་སློབ་གཉིས་ལ་དྲན་རྟེན་མཚོན་བྱེད་དུ་པར་ཞིག་ལེན ”ཟེར་བཞིན་པར་ཆས་རྙིང་བ་དེས་ངེད་གཉིས་ལ་པར་ཞིག་བླངས་སོང་། པར་ལེན་སྐབས་མོས་རང་འགུལ་སྒོས་ལག་པ་ངའི་ཕྲག་མགོར་བཞག་སྟེ་ངོ་གདོང་འཛུམ་གྱིས་ཁེངས། པར་གྱི་སྟེང་ན་ཡང་མོའི་བབ་ཆགས་ཀྱི་གཤིས་ཀ་དེ་གསལ་ལེར་མངོན་འདུག  རྗེས་སུ། ངས་པར་དེ་བཀྲུས་ནས་པར་སྒྲོམ་ཞིག་ཏུ་བཅུག་སྟེ་རང་གི་ཉལ་ཁྲིའི་འགྲམ་དུ་བཞག་པ་ཡིན། མཚམས་ལན་རེར་གྲོགས་པོ་གསར་བ་རེ་སླེབས་སྐབས་ངས་པར་དེར་མཛུབ་མོ་ཀེར་ཏེ“མོ་ནི་ངའི་དགའ་རོགས་ཡིན ”ཞེས་ཀུ་རེ་བརྩེས་མྱོང་ལ། “མ་འོངས་པར་མོ་ལྟ་བུའི་བུ་མོ་ཞིག་ཆུང་མར་ལེན་རྒྱུ”ཞེས་རང་གིས་རང་ལ་དམ་བཅའ་ཡང་བཞག་མྱོང་།  ཏག་ཏག་ཉིན་དེར། དགེ་རྒན་བདེ་སྐྱིད་ཀྱིས་ང་ལ«གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད»་དང་«གཞོན་ནུའི་རབ་བྱེད»ཅེས་པའི་དེབ་གཉིས་ལེགས་སྐྱེས་སུ་གནང་། རྗེས་སུ་ངས་དེབ་དེ་གཉིས་ལ་ཞིབ་ཚགས་དང་གཟབ་ནན་གྱིས་བཀླགས་པས་ངའི་སྐད་ཡིག་གི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། འབྲིང་རྒྱུགས་ཀྱི་སྐབས་སུ་ངའི་སྐད་ཡིག་གི་སྐད་གྲངས་དེ་ཁུལ་ཡོངས་ཀྱི་ཨང་དང་པོར་གྱུར། ད་ལྟ་བསམས་ན། དེ་ནི་དགེ་རྒན་བཀའ་དྲིན་ཅན་བདེ་སྐྱིད་ཀྱི་དྲིན་ཡིན་པར་འདོད། སྐབས་དེར།  ངས་མོ་ལ་ལེགས་སྐྱེས་སྟབས་བདེ་ཞིག་ཉོས་ཏེ་མོར་ལྟ་རུ་སོང་། དེ་དུས་མོའི་ཁྱིམ་ན་སྐྱེས་པ་ཞིག་ཀྱང་འདུག དེ་ནི་ཕལ་ཆེར་མོའི་དགའ་རོགས་ཡིན་པ་འདྲ།  ང་རང་སྐྱེས་པ་དེའི་སྟེང་ལ་ཕྲག་དོག་ཅུང་ཟད་སྐྱེས་མྱོང་། ད་ལྟ་བསམས་ན། ངས་དེ་ལྟར་འདོད་པ་ནི་འཇིག་རྟེན་གྱི་མི་ཆོས་ལས་འདས་པའི་ནག་ཉེས་ཤིག་རེད་འདོད།

       དེ་ནས་བཟུང་། ངས་ཁོ་མོ་མཐོང་མ་མྱོང་།  ཡིན་ཡང་། གྲོགས་པོ་དག་དོགས་པ་ཟོས་མྱོང་བའི་པར་དེ། དགའ་རོགས་དག་ཕྲག་དོག་སྐྱེས་མྱོང་བའི་པར་དེ། མཉམ་པར་དེ་མཐོ་འབྲིང་ནས་སློབ་ཆེན་དང་། སློབ་ཆེན་ད་བར་དུ་ང་དང་ཁ་བྲལ་མ་མྱོང་།  
     

2

       ངས་སྐད་འཕྲིན་དང་ལེན་བྱས་ཙ་ན། མོས་ཡི་གེ་མང་པོ་ཞིག་བསྐུར་བ་གཤམ་གསལ་ལྟར།
ང་ནི་ཁྱོད་ཀྱི་བརྩམས་སྒྲུང་བཀླག་པར་སྤྲོ་མཁན་ཞིག་ཡིན། ཁྱོད་ཀྱི་བརྩམས་སྒྲུང་གི་བརྗོད་པ་སྤེལ་སྟངས་དང་མི་སྣ་བཞེངས་སྟངས། བརྗོད་བྱ་སོགས་གང་ཐད་ནས་བོད་ཀྱི་སྒྲུང་མཁན་དུ་ཁས་འཆེས་མཁན་དེ་དག་དང་མི་འདྲ་བར་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས་ངའི་བློར་ཞེ་ནས་འབབ་གི། ལྷག་དུ«མཚོ་མོའི་འཆི་རྐྱེན»་དང་«ཟླ་བ་དཀར་པོ»་ཞེས་པའི་སྒྲུང་ཐུང་དེ་གཉིས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་། ཁྱོད་ཀྱི་སྒྲུང་ཕལ་ཆེ་བ་ནི་ཕོ་མོའི་འདོད་དོན་བརྩེ་དུང་གི་སྐོར་ཡིན་འདུག་ལ། དེ་དག་ཚང་མ་ལ་ཡང་སྐྱོ་གར་གྱི་མཁའ་དབུགས་སྟུག་པོ་ཞིག་ཆགས་འདུག དེ་ནི་ཁྱོད་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཡང་འབྲེལ་བ་ངེས་ཅན་ཡོད་སྲིད་པ་རེད། གང་ལྟར་ང་ནི་ཁྱོད་ཀྱི་བརྩམས་སྒྲུང་ཀློག་པར་དགའ་མཁན་ཞིག་ཡིན་པས། རྒྱུན་དུ་དྲ་ལམ་དང་དུས་དེབ་ཁག་ལས་ཉིད་ཀྱི་བརྩམས་སྒྲུང་རེ་མཐོང་བ་ན་དུས་ལྟར་བཀླགས་ཏེ་བསམ་བློ་མང་པོ་བཏང་མྱོང་། ཁྱོད་ཀྱི་བརྩམས་ཆོས་གང་རུང་ཞིག་བཀླགས་ཙ་ན། ང་རང་ཡུན་རིང་བོར་འདང་རྒྱག་གི་མཚོ་མོའི་ཀློང་དུ་ལྷུང་ངེས་ལ། ཉེ་འཁོར་གྱི་གྲོགས་པོ་དང་ངོ་ཤེས་དག་ལ་ཡང་འོས་སྦྱོར་བྱས་པ་ཡིན།  ཉིད་ཀྱི་བརྩམས་ཆོས་ལ་བལྟས་འོངས་ན།  ཉིད་གསར་རྩོམ་གྱི་ལམ་དུ་ཞུགས་ནས་ཡུན་རིང་སོང་མེད་པ་འདྲ། རྒྱུ་མཚན་ཉིད་ཀྱི་བརྩམས་སྒྲུང་དུ་དུས་གསུམ་ནོར་བ་དང་སྐད་ཆའི་སྡེབ་སྦྱོར་ལ་སྐྱོན་བྱུང་བ་རྒྱུན་དུ་མཐོང་རྒྱུ་འདུག ལྷག་ཏུ་བརྗོད་བྱ་འདེམ་སྟངས་ཐད་ནས་སྣ་གཅིག་ཏུ་སོང་བ་འདི་ནི་མཚམས་རེར་ང་རང་ཕངས་སེམས་རེ་ཡང་ཞར་བྱུང་དུ་སྐྱེས།  ངས་རེ་བ་ཤིན་ཏུ་ཆེ་བའི་ན་གཞོན་རྩོམ་པ་པོ་ཞིག་གིས་བརྗོད་བྱ་སྣ་གཅིག་བྲིས་ཏེ་དུས་ཚོད་གཏོང་བའི་སྦྱོར་བ་མཐོང་ན་མི་འདོད་གི སྤྱི་ཚོགས་ནི་སྣ་མང་སྣེ་འཛིང་གིས་གྲུབ་པའི་ཕུང་བོ་ཞིག་ཡིན་པས།  བརྗོད་བྱ་ཡང་དེ་ལས་མ་འདས། འདི་ནི་ཁྱོད་ཀྱི་བརྩམས་ཆོས་ལ་དགའ་མོས་ཡོད་པའི་ཀློག་པ་པོ་ཕལ་བ་ཞིག་གི་བསམ་ཚུལ་ཙམ་ཡིན། གལ་ཏེ་སངས་རྒྱས་ལ་ཀ་ཁའི་ཚུལ་དུ་སོང་ཡོད་ཚེ་རྣ་རྒྱབ་ཀྱི་རླུང་ལ་སྤུར་ཡང་ཆོག  སྤྱིར་ན་སྐད་ཆ་འདི་དག་ཁ་རི་ཁ་ཐུག་ཏུ་བཤད་ན་འོས་མོད། ཉིད་ཀྱི་འབྲེལ་ལམ་མ་རྙེད་པས་སྐད་འཕྲིན་ལས་མི་བཤད་ཀ་མེད་བྱུང་། གལ་ཏེ་སྟབས་ཀ་འགྲིག་ཚེ་ངོ་ཐུག་སྟེ་ཅི་འཕྲོས་མོལ་འཕྲོས་བྱ་འདོད་ཡོད། ཨ་ཁ། ངས་མོར་ཅི་ཟེར་ན་འགྲིག ངས་ངོ་མ་རྟོགས་ཐབས་བྲལ། འདི་ནི་ལས་དབང་ཡིན་ནམ་སྟེས་དབང་ཡིན། ང་རེ་ཞིག་སོམ་ཉིའི་སྒྲོག་ཏུ་ཚུད།

        ངས་ཡུན་རིང་འདང་བརྒྱབ་རྗེས། དགེ་རྒན་བདེ་སྐྱིད་ལ་འདི་ལྟར་ལན་བསློགས།
བཀའ་དྲིན་གཞལ་ཐབས་བྲལ་བའི་དགེ་རྒན་ལགས། ཉིད་ཀྱི་སྐུ་ལུས་རི་རྒྱལ་ལྷུན་པོར་གཟའ་ཡིས་འཚེ་བ་མེད་པར་བདེ་པར་གནས་སམ། ཉིད་ཀྱིས་བདག་གི་བརྩམས་ཆོས་ལ་དགོངས་འཆར་བསྩལ་བར་ཞེ་གཏིང་ནས་ཐུགས་རྗེ་ཆེ་ཞུ། དགེ་རྒན་ཁྱེད་ཀྱི་སྐུ་དྲིན་གྱི་དབང་གིས་ངས་ཕ་སྐད་ལ་བརྟེན་ནས་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་ཅི་རིགས་ཡི་གེའི་གཟུགས་སུ་འགོད་ཐུབ་པར་གྱུར། གལ་ཏེ་ཁྱོད་ཀྱིས་བདག་ལ་ཟུར་ཁྲིད་གནང་མེད་ཚེ། བདག་ཀྱང་གྲོང་ཁྱེར་གྱི་བྱིས་པ་དེ་དག་དང་འདྲ་བར་བོད་སྐད་དང་བོད་ཡིག་ལ་གཏིང་ནས་ཞེན་པ་ལོག་ངེས། སྤྱིར་ན་ཁྱེད་རང་ལ་མཇལ་དུ་ཡོང་ན་འོས་མོད། བྱ་བ་སྣ་ཚོགས་ཀྱི་དབང་གིས་ཡོང་མ་ཐུབ་པས་དགོངས་འགལ་མེད་པར་ཞུ། ཞེས་གཏགས་ཏེ་བསྐུར་པ་ན། ཡུན་རིང་ལ་གྲག་འགུལ་མེད་པར་གྱུར། ཅུང་ཙམ་ནས།
        “འོ།  ཁྱོད་ཡིན་ནམ།  ངོ་མ་ཡིད་ལ་ཡང་མ་དྲན།”
 “ཧ་ཧ། མ་མཇལ་ལོ་མང་འགོར་སོང་། དགེན་ལགས་ད་ལྟ་གང་ན་བཞུགས་སམ། སྟབས་བདེ་ན་མཉམ་འཛོམས་ཤིག་བྱ།”
       “ང་རང་ཉིན་རྒྱུན་རྫོང་ན་ཡོད། ཁྱོད་རང་ཁོམ་དུས་ཤོག་དང་སྣེ་ལེན་བྱ།”
        “ཡ་ལགས།”
                

3
 
       གཟའ་འཁོར་གཅིག་གི་རྗེས་སུ།  ང་རང་སྒེར་དོན་ཞིག་གི་སླད་དུ་རྫོང་ཐོག་ཏུ་ཕྱིན་པ་ཡིན། ཞོར་དུ་དགེ་རྒན་བདེ་སྐྱིད་ལ་འཚམས་འདྲི་ཞིག་བྱ་དགོས་སྙམ་སྟེ་མོར་ཁ་པར་བཏང་བ་ན། མོས་ང་ལ་ཕྱི་དྲོའི་ཆུ་ཚོད་གཉིས་པར་སྐྱ་རེངས་ལྷ་མོ་ཞེས་པའི་ཁོ་ཧྥེ་ཁང་དེ་ནས་ཐུག་ཟེར།  ང་རང་སྔ་མོ་ནས་མོས་བཤད་པའི་ཁོ་ཧྥེ་ཁང་དེར་སོང་ནས་ཁོ་ཧྥེ་འཐུང་ཞོར་དྲར་ཉུལ་ནས་བསྡད་པ་ཡིན།  ཅུང་ཙམ་ནས་རྒྱུས་ཡོད་ཀྱི་སྐད་ཅིག་གོ་བྱུང་། ངས་མགོ་བོ་ཡར་དགྱེ་བ་ན། བུ་མོ་ཞིག་དང་སྐྱེས་པ་ཤིག་ངའི་སར་ཚུར་འོང་བ་ཁེལ་ཞིང་། བུ་མོ་དེ་དང་ངེད་གཉིས་ཀྱི་མིག་མདངས་གཞི་གཅིག་ཏུ་བསྣོལ། ངའི་རབ་རིབ་ཀྱི་མཐོང་སྣང་ཁྲོད་དུ་ཁོ་མོ་ནི་ཆ་མེད་ནས་ཆ་ཡོད་དུ་གྱུར།  སྐད་ཅིག་མ་དེར། ངས་གདོང་གི་མིག་ཤེལ་ལ་རེག་ཙམ་བྱ་དགོས་སོང་། དེ་ནི་ང་ལ་མཚོན་ན་འུ་ཐུག་པའི་མཚོན་རྟགས་ཤིག་ཡིན། ཁོ་མོས་ཧ་ལས་པའི་ངང་གདོང་ལ་འཛུམ་ཞིག་ལང་བཞིན། “འོ།  ཁྱོད་ཡིན་ནམ། ངེད་ཚང་གི་རྩོམ་པ་པོ། ང་འདིར་ཐོན་པ་ཤེས་ན་ཡང་ཁ་ཡ་མི་བྱེད་དོན་ཅི་ཡིན”ཟེར། “ག་ལ་ག་ལ། ང་རང་དྲའི་ནང་ལ་མགོ་འཁོར་བས། ཁྱོད་རང་སླེབས་པ་མ་ཚོར། ཡ་ཤོག འདིར་ཤོག”ཟེར་བཞིན་ཡར་ལངས།  མོའི་མིང་ལ་དཔལ་སྐྱིད་འཚོ་རེད། མོ་ནི་ངའི་སློབ་ཆེན་སློབ་གྲོགས་ཡིན་པ་མ་ཟད་ངེད་གཉིས་ཟླ་གཅིག་གཉིས་རིང་དགའ་རོགས་བསྒྲིགས་མྱོང་། རྗེས་ནས་དགའ་ཕྱོགས་དང་འཚོ་བར་བཟུང་བའི་ལྟ་སྟངས་མ་འདྲ་བའི་དབང་གིས་ངེད་གཉིས་ཁ་ཁར་ཐོར་སོང་། ཡིན་ཡང་དེས་ངེད་གཉིས་ཀྱི་སློབ་གྲོགས་ཀྱི་འབྲེལ་བར་རྨ་སྤུ་ཙམ་ཡང་ཕབ་མ་སོང་། མོ་སློབ་མཐར་ཕྱིན་སྐབས་ངས་མོའི་མཐར་ཕྱིན་དཔྱད་རྩོམ་ཐད་ལ་རྒྱུ་ཆ་མཁོ་འདོན་བྱས་མྱོང་ལ། ང་ལ་སྒོར་ཆད་སོགས་བྱུང་དུས་ངས་མོ་བཙལ་ཏེ་སྒོར་མོ་བསྐྱིས་མྱོང་། མོས་ནུབ་ལྭ་གྲལ་དག་གྱོན་པའི་སྐྱེས་པ་དེ་དང་ངེད་གཉིས་ཕན་ཚུན་ངོ་སྤྲོད་ཐེངས་གཅིག་བྱས། ངོ་སྤྲོད་བྱེད་དུས་མོའི་གདོང་ན་ང་རྒྱལ་གྱི་ཉམས་ཤིག་ཀྱང་ག་ལེར་མངོན་ཡོང་། མ་གཞི་སྐྱེས་པ་དེ་ནི་མོའི་བཟའ་ཟླ་ཡིན་འདུག ང་ཚོས་འཚོ་བ་དང་འབྲེལ་བའི་སྐོར་མང་ཙམ་གླེང་མཐར་ཕྱི་དྲོའི་ཆུ་ཚོད་གཉིས་པར་ཐོན་སོང་། སྐབས་དེར་མོའི་སྐྱེས་པ་དེ་བྲེལ་འཚུབ་ཀྱིས་ཡར་ལངས་ཏེ“ང་རང་ལས་ཚོགས་ལ་འགྲོ་རན་སོང་། ཁྱེད་གཉིས་ཀྱིས་མུ་མཐུད་དུ་ཁ་བརྡ་བྱོས། ཁོམ་དུས་ངེད་ཚང་ལ་ཤོག”ཟེར་བཞིན་ཁོ་ཧྥེ་ཁང་དང་བྲལ། གལ་ཏེ་ང་ནོར་མེད་ན།  མོའི་སྐྱེས་པ་འདི་མི་གུས་ཞབས་ཅན་ཞིག་རེད། མོས་བཤད་ན་མོའི་སྐྱེས་པ་དེས་སློབ་གསོ་ཅུས་ན་བྱ་བ་གཉེར་གྱིན་ཡོད་ཟེར་མོད། ཁོའི་སྟེང་ན་སྲིད་གཞུང་གི་ལས་བྱེས་པ་དེ་དག་གི་ཁེངས་ཉམས་ཀྱི་ཆ་དེ་མི་འདུག ངས་མོར་ཀུ་རེའི་ཚུལ་དུ། “སྐྱེས་པ་དགའ་ཞིག་རྙེད་འདུག  ཁྱོད་ལ་རྟེན་འབྲེལ་ཞུ”ཟེར་བཞིན་ཁོ་ཧྥེ་ཡར་བཀྱགས་པ་ན། མོས་ཀྱང་ཡིན་མདོག་གིས“བཀའ་དྲིན་ཆེ”ཟེར། དེ་ནས་མོ་གཉིད་ལས་སད་པ་བཞིན། “ཁྱོད་ལ་བཟའ་ཚང་ཡོད་དམ”ཟེར། ངས་དུ་བ་རྐང་གཅིག་མེར་སྒྲོན་བཞིན་མོར་ལན་འདེབས་རྩིས་བྱས་པ་ན། ང་ལ་ཁ་པར་སླེབས་བྱུང་། ངས་ཁ་པར་བླངས་མ་ཐག་བུ་མོ་ཞིག་ཁོ་ཧྥེ་ཁང་གི་སྒོ་ནང་དུ་འཛུལ་བྱུང་། ཁོ་མོ་ནི་དགེ་རྒན་བདེ་སྐྱིད་རེད།  ང་ཡར་ལངས་ཏེ་མོ་ཙོག་ཏུ་བཅུག་པ་ན། མོས “དགོངས་དག དེ་རིང་ཡུལ་གྱི་ནད་པ་ཞིག་ལ་འགྲོ་ལུགས་སྒྲུབ་རོགས་སུ་སོང་བས། དུས་ལྟར་ཡོང་མ་ཐུབ།”ཟེར། ངས“མི་སྐྱོན་གི ཁྱོད་ཀྱིས་ཅི་ཞིག་འཐུང་རྒྱུ”ཞེས་དྲིས་པ་ན།  དཔལ་སྐྱིད་འཚོ་གློ་རྡེག་ཏུ་ཡར་ལངས་ཏེ“རང་གཉིས་ལྷོད་མོར་སྡོད།  ང་དོན་དག་ཅིག་ཡོད་པས་སྔོན་ལ་བུད་འགྲོ”ཟེར་བཞིན་ང་ཚོ་དང་བྲལ།   
“ཁྱོད་ལ་གནམ་ས་ལྟ་བུའི་འགྱུར་བ་བྱུང་འདུག   ཅིག་ནས་ཐུག་ན་ཡང་ངོ་མི་ཤེས་པའི་ཚོད་རེད”དེ་ནི་མོས་ཐོག་དང་པོར་བཤད་པའི་སྐད་ཆ་རེད།

     “ཧ་ཧ།  མ་ཐུག་ཡུན་རིང་འགོར་སོང་།  ཁྱོད་རང་བདེ་བར་གནས་སམ།”
     “ང་བདེ་མོ་ཡིན།”སྐབས་དེར་མོའི་གདོང་ན་ངལ་དུབ་ཀྱི་ཉམས་ཤིག་མངོན་འདུག
     “ངས་ཁྱོད་རང་རྩོམ་པ་པོ་གངས་མུ་ཏིག་ཡིན་པ་ཁས་ཉིན་སོ་མར་ཤེས་པ་ཡིན། ཁྱོད་ཀྱི་བརྩམས་ཆོས་མང་དག་ཅིག་ངས་དེ་སྔོན་བལྟས་མྱོང་། ང་རང་ཁྱོད་ཀྱི་བརྩམས་སྒྲུང་ལ་དགའ།”སྐབས་དེར་མོའི་གདོང་ན་ལྷད་མེད་ཀྱི་འཛུམ་ཞིག་མངོན་འདུག
       “ངས་ཀྱང་སློབ་གྲྭ་ནས་ཁྱོད་ཀྱི་སྙན་ངག་ཁ་ཤས་བཀླགས་མྱོང་། ཡིན་ཡང་ལོ་འདི་གར་མཐོང་རྒྱུ་མ་བྱུང་།”
    “བྱ་བའི་སྟེང་ལ་ཞུགས་རྗེས་དགའ་ཕྱོགས་ཀྱི་རྒྱུན་སྐྱོང་རྒྱུ་དེ་ཁག་པོ་ཞིག་རེད། ཁྱོད་ཀྱིས་ཉེ་ལམ་བྱ་བ་ཅི་ཞིག་གཉེར་གྱིན་ཡོད།”
      “ང་ལ་བྱ་བ་ངེས་གཏན་མེད། འཁྱམ་ཉུལ་གྱི་འཚོ་བ་རོལ་ནས་བསྡད་ཡོད།”
       “དེ་ཡང་འགྲིག་གི  འཁོར་བ་ཞེས་པའི་མུན་དོང་འདིའི་ནང་ལྷུང་རྗེས་འཁྱམ་ཉུལ་བྱ་རྒྱུ་དེ་ཡང་དཀའ་མོ་འདུག”

        དེ་ལྟར་ངེད་གཉིས་ཀྱིས་ལབ་གླེང་བྱས་ནས་ཕྱི་དྲོའི་ཆུ་ཚོད་དྲུག་པར་ཐོན་སོང་།  དགེ་རྒན་བདེ་སྐྱིད་སྤྱོད་ཁང་དུ་ཆས་ཏེ་ཕྱིར་ཡོང་བ་ན། མོས“ད་ནི་ཕོ་བ་ལྟོགས་བྱུང་། འུ་གཉིས་ཕྱི་ལ་ཟ་མ་ཟ་གི་འགྲོ”ཟེར།  ངས“འོ་ཡ”ཟེར་བཞིན་པཱ་ཐའེ་ཕྱོགས་སུ་སོང་སྟེ་“ཁོ་ཧྥེ་ལ་སྒོར་ག་ཚོད་རེད”ཅེས་དྲིས་པ་ན། ཞབས་ཞུ་མས“ཉིད་ཀྱི་ཁོ་ཧྥེ་རིན་ནི་ཉིད་དང་འགྲོགས་པའི་བུ་མོ་དེས་སྤྲད་ཚར”ཟེར། ཞབས་ཞུ་མ་དེར་སྐད་སྙན་པོ་ཞིག་འདུག  
ངེད་གཉིས་ཁོ་ཧྥེ་ཁང་གི་སྒོ་ནས་ཕྱིར་བུད་པ་ན། ཕྱི་རོལ་དུ་སྤྲིན་འཁྲིགས་ཤིང་རླུང་ལྡང་བྱུང་། དགེ་རྒན་བདེ་སྐྱིད་ཀྱིས་གློ་བུར།“ འོ།  ངས་དཔེ་ཆ་ཞིག་ཉོ་དགོས། འུ་གཉིས་དཔེ་ཁང་དུ་འགྲོ”ཟེར། སྐབས་དེར་ང་ནི་བག་ཡངས་དང་ལྷིང་འཇགས་ཀྱི་གནས་ཤིག་ལ་སོང་སྟེ་ངལ་གསོས་ན་འདོད་མོད། ཡིན་ཡང་མོར“ཡ་ཡ”ཞེས་ལན་བཏབ།
   
     ང་རང་དལ་མོར་མོའི་རྗེས་འབྲངས་ཏེ་དཔེ་ཁང་ཕྱོགས་སུ་སོང་། ལམ་བར་དུ་རླུང་དྲག་ཏུ་ལྡང་སྟེ་མོའི་ལྭ་རིང་དེ་དར་ཆ་བཞིན་ལྷབ་ལྷུབ་ངང་སྐྱོད། སྐབས་དེར་ངའི་སྣང་བར་མོའི་སྐྱེས་གཟུགས་ནི་ཕྲ་ལ་མཉེན་པའི་སྨུག་མ་ལྟ་བུ་ཞིག་ཏུ་གྱུར་འདུག་པ་མཐོང་བས། རང་གི་མིག་མདུན་ན་འགྲོ་བ་དེ་ནི་དགེ་རྒན་བདེ་སྐྱིད་མིན་པར་བུ་མོ་གཞན་ཞིག་རེད་འདོད། ཅུང་ཙམ་ནས་ངེད་གཉིས་རིག་གཏེར་ཞེས་པའི་དཔེ་ཁང་ཞིག་གི་སྒོར་སླེབས། དཔེ་ཆ་འཚོང་མཁན་ནི་ངའི་ངོ་ཤེས་ཤིག་རེད། ངས་ཁོ་ལ་འཚམས་འདྲི་ཞིག་བྱས་རྗེས་དཔེ་ཁང་དུ་མིག་བཤེར་ཞིག་བྱས་པ་ན།  དཔེ་ཁང་དུ་དཔེ་ཆ་སྣ་ཚོགས་འདུག དགེ་རྒན་བདེ་སྐྱིད་ཀྱིས་ཕྱོགས་ཡར་མར་ལ་མིག་མྱུལ་ཐེངས་ཤིག་བྱས་མཐར་སྦྱིན་བདག་ལ། “«མི་ལ་རས་པའི་རྣམ་ཐར»ཡོད་དམ”ཞེས་དྲིས། སྦྱིན་བདག་གིས“དེབ་དེ་བཙོངས་ཚར། ཉིན་འགའི་རྗེས་ནས་ཤོག་དང་ཡོད”ཟེར། “འོ་ན། ང་ལ་གཅིག་བསྐྱུར་རོགས། ཉོ་ཁོ་ཐག་ཡིན།”མོས་དེ་ལྟར་བཤད་བཞིན་འགྲམ་གྱི«བུད་མེད་རྒྱས་མེད་ཅིག་གིས་སྤྲིངས་པའི་འཕྲིན»ཞེས་པའི་སྒྲུང་དེབ་དེ་བླངས་ནས་སྦྱིན་བདག་ལ་སྤྲད། སྦྱིན་བདག་གིས“ཕབ་གཅོག་བྱས་ན་སྒོར་སུམ་ཅུ་རེད”ཟེར། དེ་མ་ཐག་མོས་རྒྱབ་ཁུག་ཆུང་ངུ་དེ་ལས་ཤོག་སྒོར་བརྒྱ་ཤོག་གཅིག་ཁོར་བསྟན་པ་ན། སྦྱིན་བདག་གིས“བརྗེ་རྒྱུ་མི་འདུག ཁུག་དམར་ཡོད་དམ། ཡོད་ན་ཁུག་དམར་བསྐུར་ཆོག”ཟེར།མོས“ང་ལ་ཁུག་དམར་མེད”ཟེར། དེ་ནས་ངས“ང་ལ་ཁུག་དམར་ཡོད”ཅེས་མྱུར་དུ་ཁ་པར་བླངས་ཏེ་མོའི་ཚབ་ཏུ་སྦྱིན་བདག་ལ་ཁུག་དམར་བསྐུར། ངེད་གཉིས་འགྲོ་ཁར་ངས་ཁ་ཕྱིར་འཁོར་བ་ན། སྦྱིན་བདག་གིས་ངོ་ལ་སྐྱག་འཛུམ་ཞིག་ལངས་ཏེ་ང་ལ་མཐེ་བོང་སྒྲེང་གིན་འདུག ང་རང་དོགས་མི་བདེ་བར་གྱུར། ལམ་བར་དུ་ཁོས་ངར་མཐེ་བོང་བསྒྲེངས་པའི་ནང་དོན་ཅི་ཞིག་ཡིན་ནམ་སྙམ།

       གློ་བུར་དུ་འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུག་སྟེ་ཆར་བ་ཆེན་པོ་ཞིག་བབས་བྱུང་།  ངེད་གཉིས་ལམ་འགྲམ་གྱི་ཁང་བ་ཞིག་གི་འགྲམ་ནས་ཆར་བྱོལ་བྱས་པ་ཡིན། སྐབས་འདིར་སྲང་ལམ་དུ་མི་གཅིག་ཀྱང་མཐོང་རྒྱུ་མེད་པར་མ་ཟད། རླངས་འཁོར་ཡང་མཐོང་རྒྱུ་མེད་པས། སྲང་ལམ་ཡོད་ཚད་ཁུ་སིམ་མེར་སྣང་།  མོའི་ལྭ་བ་ཤིན་ཏུ་སྲབ་པས་ཆར་བས་མོའི་ལྭ་བའི་ཕྱི་ནང་བརྟོལ་འདུག མོས་ཁོང་འདར་རྒྱག་བཞིན“ཆར་བ་ད་རུང་འབབ་མཚམས་མི་འཇོག་པ་འདྲ”ཟེར། ངས་མོར“ཁྱོད་འདི་ནས་སྡོད་དང་ང་སོང་ནས་ཆར་གདུགས་ཤིག་ཉོ”ཟེར་བཞིན་ཉེ་འགྲམ་གྱི་ཚོང་ཁང་དུ་ཕྱིན། ངས་ལག་པས་སྙོབ་ཐེངས་གཅིག་གིས་ཆར་གདུགས་དམར་པོ་ཞིག་ལག་ཏུ་ཐོགས་ཏེ་སྦྱིན་བདག་ལ་རྩིས་སྤྲད་རྗེས་ཕྱིར་མོའི་གམ་དུ་ཆས། སྐབས་དེར། ངའི་མཐོང་ལམ་ན།  ཁོ་མོ་ནི་ང་ལས་ལོ་ན་བདུན་བརྒྱད་ཀྱིས་ཆེ་བའི་བུ་མོ་དར་མ་ཞིག་མ་ཞིག་ནས་སྣང་བ་སྐྲ་རྩེ་ན་ཡོད་པའི་བུ་མོ་གཞོན་ནུ་མ་ཞིག་ཏུ་གྱུར། ངས་དལ་མོར་ཆར་གདུགས་ཕུབས་པ་ན། མོ་རང་ཐེངས་གཅིག་བགད་བྱུང་། ཡིན་ཡང་མོས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་།

       ངེད་གཉིས་ལམ་གྱི་སུམ་མདོ་ཞིག་ཏུ་སླེབས་པ་ན།  ངས་ད་གཟོད་རང་ཉིད་ལ་དམིགས་ཡུལ་མེད་པ་ཚོར་བས། དགེ་རྒན་བདེ་སྐྱིད་ལ།“ རྒན་ལགས། ང་གྲོགས་པོ་ཞིག་གི་སར་འགྲོ་ནི། གནས་སྐབས་བདེ་མོ”ཞེས་བཤད་པ་ན། མོས“ཁྱོད་ལ་དམིགས་བསལ་གྱི་དོན་དག་མེད་ན། ངེད་ཚང་ལ་འགྲོ”ཟེར།  སྐབས་དེར་མོའི་མིག་ནང་དུ་ཨུ་ཚུགས་ཀྱི་མདངས་ཤིག་ཤར་འདུག་པས་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་བས་མོའི་རྗེས་མི་འདེད་ཀ་མེད་གྱུར།

       ཁོ་མོའི་ཁང་པ་ནི་གྲོང་ཁྱེར་དང་ཐག་ཤིན་ཏུ་ཉེ་བའི་སྡོད་ཁུལ་ཞིག་ཏུ་འདུག ངེད་གཉིས་སྡོད་ཁུལ་དེའི་སྒོ་ཁར་སླེབས་པ་ན། ཆར་བ་ཡང་འབབ་མཚམས་བཞག་སྟེ་ཉི་འོད་ཅུང་ཟད་འཕྲོས་འདུག སྡོད་ཁུལ་དེའི་ནང་ཁུལ་ན་སྤྱི་གླིང་ཞིག་འདུག་ཅིང་། རྒན་རྒོན་དང་བྱིས་པ་མང་པོ་དེར་འཛོམས་ཏེ་རྩེད་མོ་དང་ཁ་བརྡའི་ནང་གཡེང་འདུག  ཁོ་ཚོས་ངེད་གཉིས་མཐོང་འཕྲལ།  མིག་ཟུང་རིག་རིག་གིས་ངེད་གཉིས་ལ་ཞིབ་ཏུ་ལྟ་བཞིན་པས། ང་རང་དངོས་གནས་དོགས་མི་བདེ་བར་གྱུར།  ཡིན་ཡང་མོའི་གདོང་ནི་རྣམ་ཀུན་དང་འདྲ་བར་བག་ཆགས་ཀྱི་ཉམས་ཤིག་མངོན་ཡོད་པས་ངའི་དོགས་མི་བདེ་བའི་ཚོར་བ་དེ་ཡང་ད་སོ་མར་བབས་པའི་ཆར་བ་བཞིན་མེད་པར་གྱུར། ངེད་གཉིས་ཐོག་ཁང་གི་སྒོ་ཁར་སླེབས་མ་ཐག ངས་ཁ་ཕྱིར་འཁོར་བ་ན། རྒན་རྒོན་དེ་ཚོས་ད་དུང་ཡང་ངེད་གཉིས་ཀྱིས་རྗེས་སུ་ཅེར་བཞིན་ལྡབ་ལྡིབ་ཀྱི་སྐད་ཆ་མང་པོ་འཆད་བཞིན་འདུག  

      མོའི་ཁང་བ་ནི་སུམ་ཐོག་ཏུ་འདུག  ངེད་གཉིས་མོའི་ཁྱིམ་དུ་འབྱོར་བ་ན། དྲ་ཡོལ་ཚང་མ་གཏན་ཡོད་པས། ཁང་བའི་ནང་དུ་འོད་གཉོམ་པོ་ཞིག་ལས་མི་འདུག དེ་ནས་མོས་བྱང་ཟོར་ལྡན་པའི་ངང་དྲ་ཡོལ་ཚང་མ་རེ་རེ་བཞིན་ཕྱེས་པས། དེ་མ་ཐག་ཁང་བའི་ནང་དཀར་ལམ་མེར་གྱུར།  མོའི་ཁང་བའི་མཛེས་བཟོ་བྱེད་སྟངས་ནི་འབྱོར་ལྡན་དེ་དག་གིས་མཛེས་བཟོ་བྱེད་སྟངས་ལྟར་མིན་པར་ཧ་ཅང་སྟབས་བདེ་ཞིག་རེད།

        ཁང་པའི་ནང་དུ་ཆང་དྲི་ཅུང་ཟད་འཐུལ་འདུག་པས་མོས་སྒེའུ་ཁང་ཕྱེས་ཤིང་།  སྒྲོག་ཙེའི་སྟེང་གི་ཆང་དམར་གྱི་ཤེལ་དམ་དེ་ཕྱི་ལ་ཁྱེར་ཏེ་གད་སྙིགས་སུ་འཕངས། ཡང་ཤེལ་ཕོར་ཆུང་ངུ་ཞིག་ལག་ཏུ་བླངས་ཏེ་འཁྱག་སྒམ་ལས་དར་རྡོག་འགའ་བླངས་ཏེ་དེའི་ནང་འཕངས་པ་དང་། དེ་ནས་ཁུ་ནག་ཅིག་གི་ཁ་ཕྱེས་ཏེ་ནང་དུ་བླུགས་རྗེས“ཁྱོས་ཁུ་ནག་ཐུངས་དང་། ངས་གྱོན་པ་ཞིག་བརྗེ་བར་བྱ”ཟེར་བཞིན་ཁང་མིག་གཞན་ཞིག་ཏུ་ཆས།

       ངས་ཤུལ་དུ་མོའི་ཁང་བའི་ནང་ལ་ཞིབ་ལྟ་ཞིག་བྱས་པ་ན། བརྙན་འཕྲིན་ཞིག་ཡོད་པ་དེའི་ཤེལ་སྒོའི་ངོས་སུ་ས་རྡུལ་ཅུང་ཟད་ཆགས་འདུག ཉལ་ཁྲིའི་སྟེང་གི་མལ་ཐུལ་ནི་དཀར་པོ་ཡིན་ལ་སྔས་འབོལ་ནི་སྔོན་པོ་ཡིན། སྔས་འགྲམ་དུ་དཔེ་ཆ་ཞིག་ཁ་ཕྱེས་ནས་གཡུག་འདུག ཆ་སྒམ།  འཁྱག་སྒམ།  གྱོན་པ་འགེལ་ས།  གློག་སྒྲོན་ཚང་མ་གསར་བ་ཡིན་མོད། སྟེང་དུ་ས་རྡུལ་ཅུང་ཟད་རེ་ཆགས་འདུག དཔེ་སྒྲོམ་ཞིག་ཡོད་པ་དེའི་ནང་དུ་རྩོམ་རིག་དང་ལོ་རྒྱུས་སྐོར་གྱི་དཔེ་ཆ་རྐྱང་བ་ཡིན་འདུག འབོལ་ཁྲིའི་སྟེང་དུ་དུད་གསོག་སྣོད་ཅིག་བཞག་འདུག་མོད། ནང་དུ་དུ་རྐང་གཅིག་ཀྱང་མཐོང་རྒྱུ་མི་འདུག   འབོལ་ཁྲིའི་འགྲམ་གྱི་ཅོག་ཙེའི་སྟེང་དུ་ཚགས་པར་དང་དུས་དེབ་རྙིང་བ་ཡང་འགའ་གོ་རིམ་མེད་པར་གཡུགས་ཡོད།  ཡིད་ལ་ཡང་མ་དྲན་པ་ཞིག་ལ། མོའི་ཁྱིམ་དུ་སྐྱེས་པ་ཚོས་བེད་སྤྱོད་གཏོང་བའི་དངོས་པོ་གཅིག་ཀྱང་མི་འདུག  མོའི་སྐྱེས་པ་དང་མོ་གཉིས་ཁ་ཁར་བསྡད་ཡོད་པ་ཡིན་ནམ།

     ང་རང་སྒེའུ་ཁང་ཁར་སོང་བ་ན།  སྒེའུ་ཁུང་འགྲམ་དུ་མེ་ཏོག་གི་རྫ་བུམ་ཆུང་ངུ་མང་པོ་བཤམས་འདུག  ཉི་འོད་འོག་ཏུ། མེ་ཏོག་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།  ངས་མེ་ཏོག་རེ་རེར་ཞིབ་ཏུ་བལྟས་པ་ན།  མེ་ཏོག་ཚང་མ་ཆ་མེད་ཤ་སྟག་རེད། བསིལ་རླུང་ཕྲན་ཙམ་ལྡང་བ་ན། མེ་ཏོག་དེ་དག་ལས་དྲི་ཞིག་ཀྱང་ག་ལེར་སྣ་ལམ་དུ་ཐུལ་ཡོང་བས་བདག་གི་ཡིད་སེམས་བཀུག  ང་ཡང་མེ་ཏོག་ལ་དགའ་བོ་ཡོད།  ཆུང་དུས་སུ་ང་རང་ཟོག་རྫིར་སོང་སྟེ་ཕྱིར་ལོག་སྐབས། རི་མགོ་ནས་མེ་ཏོག་སེར་ཆེན་དང་སུ་རུའི་མེ་ཏོག མེ་ཏོག་སྟོབས་ལྡན། ཨ་དར་དགུང་དར། ད་དུང་མིང་ཡང་མི་ཐོགས་པའི་མེ་ཏོག་དེ་དག་བཏོག་ནས་གཅིག་ཏུ་བསྡམས་རྗེས་རྫམ་བུམ་ཆུང་ངུ་ཞིག་གི་ནང་ལ་བཞག་སྟེ་མཆོད་འབུལ་བྱས་པ་དང་སྐབས་རེར་ར་མ་རེའུ་ལྕག་གིས་མགུལ་རྒྱན་དང་མགོ་དཀྲིས་བསླེས་མྱོང་བ་ད་ལྟ་བ་ཡང་དྲན་པའི་མེ་ལོང་ངོས་སུ་གློག་བརྙན་བཞིན་འཆར་ཡོང་།   དེ་སྔོན་མཛའ་གྲོགས་ཤིག་ལ“ངས་རི་སྒང་ཡོད་ཚད་ལ་མེ་ཏོག་འདེབས་འདོད། ནམ་ཞིག་ས་སྒང་འདི་མེ་ཏོག་གི་རྒྱ་མཚོར་གྱུར་ན། ངས་ཆེས་མཛེས་པའི་མེ་ཏོག་དེ་བཏོག་ནས་ཁྱེད་ལ་མེ་ཏོག་གི་མགུལ་རྒྱན་ཞིག་བསླེ་འདོད་ཅེས”བཤད་པ་ན།  མོས“ཁྱོད་རང་འཆར་ཡན་གྱིས་ཕྱུག་པའི་མི་ཞིག་རེད། ང་ནི་ཁྱོད་ཀྱི་བྱིས་བློ་ལྟ་བུའི་དྭངས་གཙང་གི་ཆ་དེ་ལ་དགའ”ཞེས་བཤད་མྱོང་བ་དྲན་པས།  རང་གཅིག་པུས་གད་མོ་ཞིག་ཀྱང་ཤོར།   
 
        མོས་ལྭ་བ་བརྗེས་ཏེ་ཕྱིར་སླེབས་བྱུང་། ཡིན་ཡང་མོས་གྱོན་པའི་ལྭ་བ་འདི་མོའི་ལུས་ལ་དེ་འདྲའི་འཚམ་པོ་མིན་པའི་སྣང་བ་སྐྱེས། མོ་རང་ཇ་ཁང་དུ་སོང་སྟེ་དུས་ཡུན་སྐད་ཅིག་ཙམ་ལ་ཚོད་མ་བརྔོས་ཏེ་འབྲས་བཙས་བྱུང་བས་ངའི་སྣ་ལམ་དུ་དྲི་ཞིམ་གྱིས་ཁྱབ། དེ་ནས་ཅང་མ་འགོར་བར་མོས་ཟ་མ་ཁྱེར་བྱུང་། ང་རང་ཕོ་བ་ཅུང་ལྟོགས་བཞིན་པས་ཟ་མ་རྒྱགས་ཐག་ཆོད་པ་ཞིག་ཟོས། ངའི་སྣང་བར། མོ་རང་ཟ་མ་ལས་པར་མཁས་པོ་འདུག་སྙམ།  ད་ནི་ས་ཡང་རུབ་ལ་ཉེ་བས། ང་རང་གྲོགས་པོའི་གམ་ལ་འགྲོ་རྩིས་བྱས་པ་ན།  མོས་དོ་ནུབ་ཞག་འདུག་བྱ་དགོས་ཚུལ་དང་འདུག་ས་སྟབས་བདེ་ཚུལ་སོགས་མང་དུ་ལབ་པས་ང་རང་འགྲོ་རུ་མ་བཅུག   

      “ཁྱོད་ལ་གནམ་ས་ལྟ་བུའི་འགྱུར་བ་བྱུང་འདུག   ཅིག་ནས་ཐུག་ན་ཡང་ངོ་མི་ཤེས་པའི་ཚོད་རེད”མོས་སྐད་ཆ་དེ་བསྐྱར་ཟློས་བྱས་པས་ང་རང་ཅུང་དོགས་མི་བདེ་བར་གྱུར། མཚམས་འདིར་ངས་དཔེ་སྒྲོམ་ཕྱོགས་སུ་ཅེར་ནས“དཔེ་ཆ་མང་པོ་འདུག་ཨང”ཞེས་གླེང་གཞི་གཞན་དུ་བསྒྱུར། མོས་ཅི་ཞིག་རྟོགས་སོང་བ་ལྟར་དཔེ་སྒྲོམ་སྟེང་ནས་དཔེ་ཆ་ཁ་ཤས་བླངས་ཏེ“དཔེ་ཆ་འདི་དག་ཉོས་ནས་ཡུན་རིང་སོང་མོད། ལྟ་མི་ཐུབ་གི འདི་དག་ཁྱོད་ལ་བྱིན་པ་ཡིན”ཞེས་དཔེ་ཆ་དེ་དག་ངའི་མདུན་གྱི་ཅོག་ཙེའི་སྟེང་བཤམས། ངས་རྒྱབ་ཤ་སོ་མ་ཡིན་པའི་དཔེ་ཆ་འདི་དག་ལག་ཏུ་བླངས་ནས་རེ་རེ་བཞིན་རགས་ལྟ་ཞིག་བྱས་པ་ན། དེ་དག་ནི་ལྗོར་ཇི་ཨོར་ཝེལ་གྱི«གཅིག་དགུ་གྱ་བཞི»དང་«དུས་འགྲོའི་གཞིས་ཀ»དང་མུ་ར་ཁ་མི་ཧ་རུ་ཁའི«ནོར་ཝེའི་ནགས་ཚལ»ཁཱབ་ཁཱའི«མཁར་རྫོང»ཅ་ཞི་ཡ་མར་ཁུ་སིའི«ལོ་བརྒྱའི་ཁེར་ཧྲེང»བཅས་རེད། དེ་ལས་དེབ་གཉིས་ནི་དེ་སྔོན་བལྟས་མྱོང་བས་མོ་ལ་ཕྱིར་སྤྲད། གཞན་པ་གསུམ་ཡང་ང་རང་དགའ་སའི་རྩོམ་པ་པོའི་དེབ་ཤ་སྟག་ཡིན་པས། མོས་སྔ་མོ་ནས་ངའི་སེམས་པ་རྟོགས་འདུག་ཨང་སྙམ།

       “ངས་མོར་ཁྱོད་ཀྱི་སྐྱེས་པ་གང་དུ་ཡོད”ཅེས་འདྲི་འདོད་སྐྱེས་མོད། ཡིན་ཡང་དྲི་བ་དེ་ངག་ནས་བཤད་མ་ཐུབ། དེ་ནས་ངེད་གཉིས་ཀྱིས་རྩོམ་རིག་དང་གློག་བརྙན་གྱི་སྐོར་ལ་ཁ་བརྡ་བྱས་པ་ཡིན། ངེད་གཉིས་ཀྱིས་བལྟས་པའི་གློག་བརྙན་དང་དཔེ་ཆ་ནི་འདྲ་ས་མང་པོ་ཡོད་པས་ཁ་བརྡ་འཁྲུག་ཆ་དོད་པོ་བྱུང་སོང་།  

       ཉལ་ཁར། ངའི་སེམས་སུ་མོ་ནི་ངའི་སེམས་དང་ཁ་ཐག་ཤིན་ཏུ་ཉེ་བའི་མི་ཞིག་རེད་བསམ།
 

4
 
       ཕྱིར་ཉིན།  ང་རང་གཉིད་ལས་སད་མ་ཐག་སྒེའུ་ཁུང་ཁར་སོང་སྟེ་དྲ་ཡོལ་ཕྱེས་པ་ན། ཉི་འོད་ལམ་ལམ་ཤར་བས་སྐད་ཅིག་ཉིད་ལ་ཁང་བའི་ནང་དཀར་ལམ་མེར་གྱུར། དེ་ནས་གཅོད་ཁང་དུ་སོང་སྟེ་ཁ་ལག་གཙང་མ་ཞིག་བཀྲུས་རྗེས་དགེ་རྒན་བདེ་སྐྱིད་ལ་བདེ་མོ་འཇོག་ཏུ་སོང་བ་ན།  མོའི་ཁང་བའི་སྒོ་ཕྱེས་ཡོད་མོད། མོ་རང་ནང་དུ་མི་འདུག  ངས་ཁ་པར་བླངས་ཏེ་སྐད་འཕྲིན་སྒོ་ཕྱེས་པ་ན། མོས་ང་ལ“ང་རང་ཕྱི་སྐོར་ལ་བུད་སོང་། འགྲོ་ཁར་སྒོ་གཏན་རྒྱུ་མ་བརྗེད”ཞེས་ཡི་གེ་བསྐུར་འདུག ངས་ཁོ་མོས་གནང་བའི་དེབ་དེ་དག་ལག་ཏུ་བཟུང་སྟེ་ཕྱི་ལ་སོང་། ང་རང་ཟ་ཁང་ཞིག་ཏུ་སོང་སྟེ་ཐུག་པ་འཐུང་བའི་སྐབས། གློ་རྡེག་ཏུ་ང་ལ་ཁ་པར་ཞིག་ཐོན་བྱུང་།  ངས་ཁ་པར་བླངས་པ་ན། ཕ་རོལ་བ་ནི་ཞི་མོ་ཞིག་རེད།
      “ཁྱོད་ཀླུ་ཐར་བཀྲ་ཤིས་ཡིན། ”
      “ཡིན”
     “ང་ཚོ་ནི་རྫོང་འབེལ་དཀར་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ཡིན། ང་ཚོས་ལས་མི་སྡུ་བཞིན་ཡོད། ཁྱོད་རང་ཁོམ་ན་དེ་རིང་ཤོག་དང་ང་ཚོས་ངོ་ཐུག་སྟེ་ཁ་བརྡ་བྱ”
      ངས་སློབ་གྲོགས་ཞི་མོ་ཞིག་གིས་ཀུ་རེ་བརྩེས་པ་རེ་སྙམ་སྟེ། “ང་རང་འོས་སྦྱོར་གནང་མཁན་སུ་རེད”ཅེས་དྲིས་པ་ན།
     “རྫོང་མི་ཤུགས་ཐོན་ཁུངས་སྡེ་ཁག་རེད”ཟེར།
      ད་ནི་ཅིས་ཀྱང་རྒྱུས་ལོན་དང་ཚོད་ལྟ་ཞིག་བྱ་དགོས་སྙམ་སྟེ།  ཐུག་པ་འཐུངས་ཚར་རྗེས་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་དེ་ཀུང་སི་དེར་ཆས།

       ང་རང་ཀུང་སི་དེའི་སྒོ་ཁར་ཐོན་པ་ན།  སྒོ་སྲུང་གིས་ང་རང་བཀག་བྱུང་།  ཁོའི་དོགས་སྣང་གིས་ཁེངས་པའི་མིག་གིས་ང་ལ་ཞིབ་ལྟ་བྱེད། ངས་ཁོར་ང་རང་ངོ་རྒྱུགས་ལེན་དུ་ཡོང་བ་ཡིན་ཞེས་བཤད་པ་ན། ཁོས་ང་རང་ཀུང་སི་དེའི་ནང་ལ་འགྲོ་རུ་བཅུག་མོད། ཁོའི་རེ་དོགས་ཀྱིས་ཁེངས་པའི་མིག་གིས་ངའི་རྗེས་སུ་ཡང་ཡང་ལྟ་བར་བྱེད།

      ང་རང་ཀུང་སི་དེའི་ཁང་མིག་རེ་རེར་ཉུལ་བ་ན། སྒོའི་སྟེང་ལ་མི་ཤུགས་སྡེ་ཁག་ཅེས་པའི་རྒྱ་ཡིག་གི་ཡིག་འབྲུ་འགའ་ཡོད་པ་དེར་སོང་སྟེ་སྒོ་རྡུང་བ་ན། “ཤོག”སྐད་ཅུང་ཟད་སྦོམ་པ་ཞིག་གྲགས་བྱུང་།  དེ་མ་ཐག་ང་རང་ནང་དུ་འཛུལ་བ་ན། གློག་ཀླད་མདུན་ན་ནུབ་ལྭ་གྲལ་དག་གོན་པའི་མི་ཞིག་འདུག ཕལ་ཆེར་ལོ་བཞི་བཅུ་ཡོལ་ཡོད་ཚོད་འདུག ཁོས་སླར་ཡང་ཅུང་ཟད་སྦོམ་པའི་སྐད་གདངས་ཀྱིས“བྱ་བ་ཅི་ཞིག་ཡོད”ཟེར། སྐབས་དེར་ཁོའི་གདོང་ན་སྲིད་གཞུང་གི་འགོ་ཁྲིད་ཚོའི་ཁེངས་དྲེགས་ཀྱི་ཉམས་དེ་མངོན་འདུག  ངས“ང་རང་ངོ་རྒྱུགས་ལེན་དུ་ཡོང་བ་ཡིན”ཞེས་ལན་བཏབ།  དེ་ནས་ཁོས་ང་རང་ཉེ་འགྲམ་གྱི་འབོལ་ཁྲི་དེའི་སྟེང་ལ་ཙོག་ཏུ་བཅུག  དེ་ནས་ཡང་ཁོས“ངོ་སྤྲོད་ཡི་གེ་ཡོད་དམ”ཟེར། ངས“ཡོད་ཁ་ཟིག་ཡིན”ཟེར་ཞོར་ཁ་པར་ནང་ལ་ཉར་བའི་ངོ་སྤྲོད་ཡི་གེ་དེ་ཁོར་བསྟན་པ་ན། ཁོས་ང་ལ་ཁ་པར་སྟེར་བཞིན“འགྲམ་གྱི་ཁང་བ་དེའི་ནང་ལ་སོ་སྟེ་བསྐྱར་དཔར་བྱས་རྗེས་དེ་ག་ནས་སྒུགས”ཟེར། དེ་ནས་ངས་སྒོ་ཡང་མ་བརྡུང་བར་ཐད་ཀར་ཁང་བ་དེའི་ནང་ལ་འཛུལ་བ་ཡིན། ཁང་བའི་ནང་དུ་བུ་མོ་གཅིག་ལས་མི་འདུག  མོས་ནན་ཏན་སྒོས་གློག་ཀླད་ནང་ལ་ཡི་གེ་གཏག་བཞིན་འདུག  ངས་མོར“འདི་བསྐྱར་དཔར་བྱ་རོགས”ཟེར་བ་ན།  མོས་དེ་མ་ཐག་བསྐྱར་དཔར་བྱས་སོང་། དེ་ནས་ང་རང་མོའི་འགྲམ་ན་ཡོད་པའི་འབོལ་ཁྲི་དེའི་སྟེང་ལ་ཙོག་སྟེ་སྐད་འཕྲིན་རྩེ་བཞིན་པའི་སྐབས། སྐྱེས་པ་དེ་ཡོང་ནས“འགོ་བ་ཐོན་འདུག ཁྱོད་ཚུར་ཤོག”ཟེར། སྐབས་དེར་ངས་མ་གཞི་ཁོ་རང་ཀུང་སི་འདིའི་འགོ་བ་མིན་ནམ་སྙམ་བཞིན་ཁོའི་རྗེས་དེད་དེ་སོང་བ་ན། ཁོས་ང་རང་ཁོ་དང་ཚུགས་ཀ་འདྲ་བའི་མི་ཞིག་གི་གམ་དུ་ཁྲིད།ཁོང་གཉིས་མི་འདྲ་ས་ཞིག་ཡོད་པ་ནི་ལྟོ་བ་ཆེ་ཆུང་ཅུང་འདུག་པ་དེ་རེད། དེ་མིན་ཁོང་གཉིས་ཤིན་ཏུ་འདྲ་བོ་འདུག  ངས་ངོ་སྤྲོད་ཡི་གེ་ཁོའི་ལག་ཏུ་བཞག་པ་ན།  ཁོས་ཐོག་མར་ངའི་ལུས་ཀྱི་མགོ་ནས་མཇུག་བར་ཐེངས་གཅིག་བལྟས་ཏེ“གསར་བུའི་སྐྲ་ལོ་རིང་གཱ”ཟེར། དེ་ནི་ཁོས་ཐོག་དང་པོར་བཤད་པའི་སྐད་ཆ་རེད། དེ་ནི་དྲི་བ་ཞིག་ཡིན་ནམ།  ཡང་ཁོས་ལག་པས་མིག་ཤེལ་ཡར་འདེད་ཙམ་བྱས་ཏེ་ངའི་ངོ་སྤྲོད་ལ་རགས་ལྟ་ཞིག་བྱས་རྗེས“མ་གཞི་རྩོམ་འབྲི་མཁན་ཞིག་རེད་ཨང”ཟེར། ཁོས་ང་ལ་རྩོམ་པ་པོ་མི་ཟེར་བར་རྩོམ་འབྲི་མཁན་ཟེར་བ་དེའི་ནང་དུ་མཐོང་ཆུང་ཆུང་དང་ཟུར་ཟ་ཞིག་འདུག་པ་འདྲ། ངས་དེ་ལྟར་སྙམ་བཞིན་སྨྲ་བ་མེད་པར་བསྡད་པ་ན། ཁོས“རྒྱ་ཡིག་ཨི་ཤེས”ཟེར། སྐབས་དེར་ང་རང་ཅུང་སྙིང་ལངས་བྱུང་། མི་ལོ་བཅུ་དྲུག་ལྷག་ལ་རྒྱལ་གཉེར་སློབ་གྲྭ་འགྲིམས་མྱོང་བའི་སློབ་མ་ཞིག་ལ། རྒྱ་ཡིག་ཨི་ཤེས་ཟེར་བ་དེ་བསམ་བཞིན་དུ་ང་ལ་བསྙད་རྐོ་བ་མ་ཡིན་ནམ། ངས་ཁོར“རྒྱ་ཡིག་མ་ཟད།  ཨིན་ཡིག་ཀྱང་ཅུང་ཙམ་ཤེས”ཞེས་གདེང་ཡོད་པའི་སྒོ་ནས་ལན་བཏབ་པ་ན། ཁོ་གཉིས་ལྷན་དུ་བགད་བྱུང་། དེ་ནས་འགོ་བས“རྩོམ་འབྲི་མཁན་ཚོ་ཚོར་བ་རྐྱེན་པས། རང་གི་སེམས་ཁམས་ལ་སྟངས་འཛིན་བྱེད་ཐུབ་ནི་མ་རེད། དེ་བས་ཁྱོད་ངེད་ཅག་ལ་མཁོ་བའི་མི་མ་རེད། རང་གིས་མུ་མཐུད་དུ་རྩོམ་ཕྲིས”ཟེར།  སྐད་ཅིག་མར་ངའི་སྙིང་རླུང་སྟོད་ལ་འཚངས་པས་ཁོའི་མདུན་གྱི་ཤོག་བུ་དེ་བླངས་ནས་སིལ་བུར་བཤགས་ཏེ་གད་སྙིགས་སྣོད་དུ་འཕངས་རྗེས་སྒོ་ཤུགས་ཀྱིས་བརྒྱབ་སྟེ་ཁོ་ཚོ་དང་བྲལ།  ལམ་བར་དུ། ངས་མདང་གི་རྨི་ལམ་དེ་དྲན་བྱུང་། རྨི་ལམ་དུ་ང་རང་གཙང་པོ་ཞིག་གི་ནང་ལ་ལྷུང་འདུག  མི་ཚོགས་ཀྱིས་ང་རང་ཧད་ནས་ནས་འདུག  ངས་སྐད་ཆེན་པོས“ང་རང་སྐྱོབ་རོགས”ཞེས་པ་ཡང་ཡང་བོས་ཀྱང་སྐྱོབ་མཁན་གཅིག་མི་འདུག  ད་ནངས་གཉིད་ལས་སད་རྗེས་ང་རང་རྣམ་རྟོག་ཅིག་ལངས་མོད། ཡང་རྨི་ལམ་ནི་རྨི་ལམ་རང་རེད། དེ་ཁུངས་འདེད་རྒྱུ་ཡོད་ནི་མ་རེད་སྙམ་ནས་སྣང་འཇོག་མ་བྱས།  དེ་ལ་ཡང་རྒྱུ་མཚན་ཡོད་དེ། སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ།  ངས་ལྷན་འཛོམས་ཟེར་བའི་ཇ་ཁང་ཞིག་ནས་གཞོན་ནུ་མ་ཞིག་ངོ་ཤེས། རྗེས་ནས་ངེད་གཉིས་དགའ་གྲོགས་སུ་གྱུར་མོད། ཉིན་ཞིག ང་རང་ལྷན་འཛོམས་ཞེས་པའི་ཇ་ཁང་དེའི་ནང་ལ་ཁམས་གཡེང་བྱེད་དུ་ཡོང་བ་ན།  ཁོ་མོ་ཞི་ལུ་གཞན་ཞིག་གིས་པང་འདུག་པ་མཐོང་བས། ངེད་གཉིས་ལྷ་འཛོམས་ཞེས་པའི་ཇ་ཁང་དེ་ནས་ཁ་ཁར་ཐོར་བ་ཡིན།  དེ་བས་ང་རང་རྟགས་དང་རྟེན་འབྲེལ་ལ་དེ་འདྲའི་དང་དོད་བྱེད་མཁན་ཞིག་མིན། མཐོ་འབྲིང་མཐར་ཕྱིན་ཁར་ཡང་ཨ་ཕས་ང་རང་དགོན་པར་མཆོད་མཇལ་སོང་ཞེས་སྐུལ་དུས། ངས་ཁོར“ཨོ་བྷ་མ་དང་ཆའོ་པའོ་སི། མ་ཡོན་སོགས་ཀྱིས་ལྷ་བསང་བཏང་སྟེ་མཆོད་མཇལ་བྱས་མྱོང་ཡོད་པ་མ་རེད”ཅེས་བཤད་པར། ཨ་ཕ་ཁོང་ཁྲོ་དྲག་པོ་ལངས་ཏེ“ལྟ་ལོག་པ”ཞེས་གཤེ་གཤེ་བཏང་བས་ང་རང་མཆོད་མཇལ་ལ་མི་འགྲོ་ཐབས་མེད་དུ་གྱུར། གང་ལྟར་དེ་རིང་གི་སྣང་ཚུལ་འདིས་ཁོ་བོར་གཟས་ནས་བརྙས་བཅོས་བྱེད་བཞིན་པའི་ཚོར་བ་སྟེར་ཡོང་།

      སྲང་ལམ་དུ་ངོ་ཤེས་ཀྱང་མང་པོ་ཐུག་བྱུང་བས། ངས་མགོར་སྟོད་ལྭའི་ཞྭ་དེ་གོན་ལ་ཁ་ཐུམ་རྒྱག་དགོས་བྱུང་།  ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ངའི་ངོ་ཤེས་དེ་ཚོས། ང་རང་མཐོང་མ་ཐག་ཤ་ཚ་མདོག་གིས་ཁ་བརྡ་མང་པོ་བྱེད་སྲིད། ང་རང་ཁོ་ཚོའི་ཚུལ་འཆོས་ཀྱི་གཤིས་ཀ་དེ་ལ་སུན། དེ་བས་ངས་ཁོ་ཚོ་མ་མཐོང་ཁུལ་གྱིས་གཟུར་ནས་སོང་བ་ཡིན།  ང་ལ་མཚོན་ན་མི་ཚོགས་ཀྱི་ཁྲོད་དུ་འགྲོ་བ་ནི་བོང་བུ་དར་ཐོག་ལ་འགྲོ་བ་ལྟ་བུའི་དཀའ་སྣང་འདུག 
 
      ང་རང་ལམ་གྱི་སུམ་མདོ་ཞིག་ཏུ་ཐོན་པ་ན།  ཁ་པར་སླེབས་བྱུང་། ངས་ཁ་པར་བླངས་ཏེ་བལྟས་པ་ན།  ཁ་པར་འཆར་ངོས་སུ་གངས་ལྷ་མེ་ཏོག་ཅེས་པའི་ཡིག་འབྲུ་བཞི་ཤར་ཡོད་པ་མཐོང་། ངས་ཁ་པར་བླངས་པ་ན། “དེ་རིང་ནི་བོད་ཀྱི་སྙན་ངག་པའི་མཚན་མོའི་ཉིན་མོ་རེད། དོ་ནུབ་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་སྐྱ་རེངས་ལྷ་མོ་ཞེས་པའི་ཁོ་ཧྥེ་ཁང་ནས་སྙན་ངག་གི་བགྲོ་གླེང་ཞིག་སྤེལ་གྲབས་འདུག ཁོམ་ན་མཉམ་དུ་འགྲོ”ཟེར། ངས“ཡ་ཡ།  འགྲོ་ཁར་བརྡ་གཏོང་ཡོང”ཞེས་ཁ་བརྡའི་མཚམས་བཞག སྐབས་འདིར་ངའི་ཡིད་ལ་གློ་རྡེག་ཏུ་གཉའ་གོང་ལྷ་བྷེ་དྲན་བྱུང་།  ན་ནིང་དགུན་མཁར།  ང་དང་ངའི་གྲོགས་པོ་སྙན་ངག་པ་ཁྭ་ཏ་ངེད་གཉིས་སྲང་ལམ་འདིར་འཁྱམས་ནས་འགྲོ་སྐབས། ཁོས་ལམ་འགྲམ་གྱི་ཁང་བ་ཐོགས་བརྩེགས་ཅན་དེར་མཛུབ་མོ་ཀེར་ཏེ།   “གན་བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེས་རང་སྲོག་གཅོད་ས་རེད”ཅེས་བསྟན།  ངས་ནི་སྙན་ངག་པ་ཁོང་སྐུ་དངོས་སུ་མཐོང་མྱོང་མེད་མོད། གྲོགས་པོ་སྙན་ངག་པ་ཁྭ་ཏའི་ཁ་ནས་ཁོའི་རྒྱུན་ལྡན་མིན་པའི་གཏམ་རྒྱུད་དག་ཐོས་དུས། ཁོ་རང་དམིགས་བསལ་གྱི་སྙན་ངག་པ་ཞིག་ཡིན་ངེས་སྙམ། ཁོ་རང་མི་ཡུལ་དང་གཏན་དུ་གྱེས་རྗེས། ངས་སྒེར་གཤིས་ཅི་ཡང་མེད་པའི་སྙན་ངག་པ་དེ་དག་གིས་ཉིན་རེར་སྙན་ངག་དང་ལོ་རེར་སྙན་དེབ་རེ་ཕུལ་བའི་སྣང་ཚུལ་མཐོང་ན། འདས་པོ་ཁོང་གིས་མི་ཡུལ་འདིར་རང་ལ་དབང་མ་ཆོག་མཆོག་གི་སྙན་དེབ་ཅིག་ཀྱང་བསྐྱུར་མ་ཐུབ་པ་འདི་ཅི་ཡིན་ནམ་སྙམ་པའི་ཕངས་པ་ཞིག་ཀྱང་སྐྱེས་མྱོང་། སྐབས་དེར།  ང་དང་གྲོགས་པོ་གཉིས་འདས་པོ་ཁོང་གིས་རང་སྲོག་གཅོད་ས་དེར་སོང་སྟེ་ཁོང་ལ་རྗེས་དྲན་གྱི་ཚུལ་དུ། དབུགས་ཐེངས་གཅིག་གིས་ཝུ་ཆང་དམ་བུ་གང་རེ་ཞབས་དག་བརྒྱབ་ཅིང་། ཁོའི་སྙན་ངག་རེ་གྱེར་འདོན་བྱས་པ་ན། སྐད་ཅིག་མ་དེར་མི་ཚོགས་ནི་ངེད་གཉིས་ཀྱི་མཐའ་རུ་བསྐོར་བྱུང་། ཁོ་ཚོས་ངེད་གཉིས་ཀྱིས་བྱ་སྤྱོད་ལ་བལྟས་ཏེ་ཤིན་ཏུ་ཡ་མཚན་མདོག་གིས་ཁ་པར་ནང་བརྙན་ལེན་པར་རྩོམ། སྐབས་དེར་གྲོགས་པོ་ཁོང་ཁྲོ་ལངས་ཏེ་ཁོ་ཚོར་པར་དང་བརྙན་ལེན་དུ་མ་བཅུག  

      དེ་རིང་ང་བསྐྱར་དུ་གཉའ་གོང་ལྷ་བྷེ་སྐུ་གྲོངས་སའི་གནས་དེར་སོང་། ངས་སྙན་ངག་ཅིག་བློས་བསླངས་བྱས་ཀྱང་སྙན་ངག་ཅིག་ཕྲིས་མ་སོང་། མཐར་དེ་དང་བྲལ་ནས་ཕྱི་སྐོར་ལ་སོང་བ་ཡིན།སྐོར་ལམ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་མང་པོས་ལག་ཏུ་པར་ཆས་བཟུང་སྟེ་ཕྱག་སྐོར་བྱེད་མཁན་ཚོར་པར་ལེན་གྱིན་འདུག སྐབས་དེར་རྒྱ་མོ་ཞིག་རྒྱུག་ཡོང་སྟེ་ང་ལ“ང་ནི་ལྷོ་ཕྱོགས་མི་སྣའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན།ངས་ཁྱོད་ལ་པར་ཞིག་བསྐྱོན་ན་ཆོག་གམ”ཟེར། ངས“པར་བསྐྱོན་ནས་ཅི་བྱ”ཟེར་བ་ན། མོས“དུས་དེབ་ཀྱི་མདུན་ངོས་སུ་འཇོག་རྒྱུ”ཟེར། ངས་ཞྭ་དང་ཁ་ཐུམ་མར་ཕུད་ཞོར“དེ་རིང་ངས་གདོང་ཡང་བཀྲུས་མེད”ཟེར་བ་ན། མོ་དགོད་བཞིན་དུ“ཁྱོད་རང་རྫིག་པོ་འདུག  ཅིག་ཐེངས་ནས་ང་ཚོར་མཁོ་བ་ནི་གཟབ་མཆོར་སྤྲས་པའི་པར་དེའི་རིགས་མིན་པར་རང་བྱུང་དང་རྒྱུན་ལྡན་གྱི་འཚོ་བ་མཚོན་པའི་པར་དེའི་རིགས་ཡིན”ཟེར། དེ་ནས་ངས་མོའི་རེ་བ་ལྟར་མོ་པར་ལེན་དུ་བཅུག་པ་ན།མོས་ལག་ཏུ་པར་ཆས་བཟུང་ནས་ཟུར་མི་འདྲ་བ་ནས་པར་འགའ་བླངས་སོང་། པར་བརྒྱབ་ཚར་རྗེས་ངས་མུ་མཐུད་དུ་མ་ཎི་སྐོར་བཞིན་མདུན་དུ་བསྐྱོད་པ་ན། མོ་ངའི་རྗེ་སུ་རྒྱུག་ཡོང་སྟེ“འདི་ངའི་མིང་བྱང་ཡིན། ཟླ་བ་གཉིས་ཀྱི་རྗེས་སུ་དུས་དེབ་སྒོར་ཐོན་ངེས། དེ་དུས་དུས་དེབ་བསྐུར་ཆོག”ཟེར།

      ཆུ་ཚོད་དྲུག་པའི་སྟེང་།  དགེ་རྒན་བདེ་སྐྱིད་ཀྱིས་ང་ལ་ཁ་པར་བཏང་སྟེ་སྙན་ངག་པའི་མཚན་མོ་ལོངས་སུ་སྤྱོད་དུ་འགྲོ་ཟེར།ངེད་གཉིས་ས་ག་ཟླ་བ་ཞེས་པའི་ཟ་ཁང་དེའི་སྒོ་ནས་འཛོམས་རྒྱུ་བྱས། ང་རང་མོས་བཤད་པའི་ཟ་ཁང་དེའི་སྒོར་ཐོན་པ་ན།  ལྭ་བ་ནག་པོ་གྱོན་པའི་བུ་མོ་ཞིག་འགྲེང་འདུག  ངས་བདེ་སྐྱིད་ཀྱི་མིང་ནས་བོས་པ་ན།  མིག་ཤེལ་ནག་པོ་བརྒྱབ་པའི་བུ་མོ་ཞིག་ཁ་ཕྱིར་འཁོར་བྱུང་། མོས་མིག་ཤེལ་མར་དེད་དེ་ང་ལ་འཛུམ་ཞིག་བསྟན་པས་ང་རང་དོགས་མི་བདེ་བར་གྱུར།  ངས་ཁྱོད་རང་བུ་མོ་གཞན་དང་ནོར་སོང་ཟེར་བ་ན་མོ་ཏོག་ཙམ་བགད་བྱུང་།ཅུང་ཙམ་ནས་གླ་གཏོང་རླངས་འཁོར་ཞིག་བྱ་འཕུར་བ་ལྟར་བརྒྱུགས་ཡོང་སྟེ་ངའི་འགྲམ་ནས་དལ་སེ་བསྡད། རླངས་འཁོར་ལས་བབས་པ་ནི་བདེ་སྐྱིད་རེད། སྐབས་འདིར་ངའི་འགྲམ་ན་མིག་ཤེལ་ནག་པོ་གྱོན་པའི་བུ་མོ་དེ་བདེ་སྐྱིད་ཀྱི་ཕྱོགས་སུ་གོམ་པ་སྤོ་ཞོར་གདོང་ལ་ལེ་བདའི་ཉམས་ཤིག་མངོན་ནས“ཁྱོད་རང་དལ་བ་ལ། ངས་བསྒུགས་ནས་ཡུན་རིང་འགོར”ཟེར། མ་གཞི་མོས་ཀྱང་དགེ་རྒན་བདེ་སྐྱིད་ལ་སྒུག་འདུག བདེ་སྐྱིད་ཀྱིས་མོའི་དྲི་བར་ལན་མ་བཏབ་པར་མོར“ཁོ་རང་རྩོམ་པ་པོ་གངས་མུ་ཏིག་རེད”ཟེར།  དེ་ནས་ང་ལ“མོའི་མིང་ལ་མེ་ཏོག་ཟེར། མོ་རང་རང་རྩོམ་རིག་ལ་དགའ་མཁན་ཞིག་ཡིན།  བོད་རྒྱ་དབྱིན་གསུམ་ལ་ཐོགས་པ་མ”ཟེར། སྐབས་དེར་ངེད་གཉིས་ཀྱིས་ཕན་ཚུན་ལ་འཛུམ་ཞིག་བསྟན།

       ང་ཚོ་སྐྱ་རེངས་ལྷ་མོ་ཞེས་པའི་ཁོ་ཧྥེ་ཁང་དེར་ཐོན་པ་ན། རྣ་ལམ་དུ་ནང་དུ་ནད་པ་རོལ་ཚོགས་ཀྱི་གཞས་ཤིག་དལ་བ་དལ་བུར་གྲགས་ཡོང་། ང་ཚོ་སྒོའི་ནང་དུ་ཕྱིན་པ་ན་གར་སྟེགས་ཆུང་ངུ་ཞིག་ཡོད་པ་དེའི་རྒྱབ་ངོས་སུ་རས་དཀར་པོ་ཞིག་གི་སྟེང་ལ“བོད་ཀྱི་སྙན་ངག་པའི་མཚན་མོ”ཞེས་པའི་ཡིག་འབྲུ་བདུན་ཡོད་པ་མིག་ལ་ལྷུང་། ང་རང་འབོལ་ཁྲིའི་སྟེང་ལ་ཙོག་སྟེ་མིག་གཡེང་ཞིག་བྱས་པ་ན། གྱོན་པ་ཁྲ་ཁྲ་གོན་ལ་སྐྲ་ལོ་རིང་བོ་བཞག་པའི་ཤ་དར་ཁྲག་དར་གྱི་ན་གཞོན་མང་པོ་ཞིག་སྔ་མོ་ནས་ཐོན་ཏེ་དུ་ཆང་ལ་རོལ་བཞིན་འདུག ཁོ་ཚོའི་འགྲམ་ན་གྲྭ་བ་ཁ་ཤས་ཀྱང་བསྡད་ཡོད་མོད།  ཡིན་ཡང་ཁོ་ཚོར་མཚོན་ན་དེ་ནི་འབྲེལ་མེད་དུ་སྣང་།   ཅུང་ཙམ་ནས་མི་གཟུགས་ཐུང་ཤ་རྒྱགས་པ་ཞིག་གིས་ལག་ཏུ་སྐད་སྦུག་ཐོགས་ཏེ“ དོ་ནུབ་ནི་བོད་ཀྱི་སྙན་ངག་པའི་མཚན་མོའི་ཉིན་མོ་ཡིན།  དོ་ནུབ་འདིར་བཞུགས་ཚང་མས་སྐུ་ལྷོད་ལྷོད་ངང་ཆང་ལ་རོལ་བཞིན་སྙན་ངག་གླེང་ཆོག  སྙན་ངག་གྱེར་ཆོག  ཚོར་བ་བཤད་ཆོག  གར་སྟེགས་འདི་འུ་ཅག་ཚང་མར་དབང” ཟེར།ཁོས་དེ་ལྟ་བུའི་སྐད་ཆ་འགའ་བཤད་ཚར་མ་ཐག  སྐྲ་ལོ་རིང་བོ་ཅན་གྱི་ན་གཞོན་གར་སྟེགས་དེར་སོང་སྟེ།  རང་ཉིད་མཚམས་སྦྱོར་ཞིག་བྱས་རྗེས་ང་རང་གི་སྙན་ངག་གི་ལྟ་བ་ཞེས་པའི་གཏམ་བཤད་ཅིག་བྱས་སོང་། ཁོས་སྐད་ཆ་ཚིག་གཅིག་བཤད་པ་ན་མི་ཚོགས་ཀྱིས་དགའ་ལྷང་ལྷང་གིས་ལག་ཟུང་ཐལ་མོ་རྡེབ། དོན་དུ་ཁོས་བཤད་པའི་སྙན་ངག་གི་ལྟ་བ་དེ་ཁོ་རང་གི་སྙན་ངག་གི་ལྟ་བ་མ་རེད། དེ་ནི་བོད་ཀྱི་སྙན་ངག་པ་གཉན་གྱི་སྙན་ངག་གི་ལྟ་བ་རེད། ང་རང་གཏིང་ནས་དགོད་རྒྱུ་ཞིག་བྱུང་། ཁོས་སྐད་ཆ་བཤད་ནས་ཚར་མ་ཐག  སྐྲ་ལོ་ཟེར་པོ་ཅན་གྱི་ན་གཞོན་ཞིག་གར་སྟེགས་སུ་སོང་སྟེ་རང་ཉིད་ནི་གཞས་ཚིག་རྩོམ་མཁན་ཞིག་ཡིན་པ་དང་སྙན་ངག་ལ་བློ་དཀར་རབས་སོགས་མང་དུ་བཤད་སོང་མོད། ངས་མཉན་མཉན་མཐར་ཁོས་རང་ཉིད་ཀྱི་ཁྱབ་སྒྲོག་བྱེད་པ་ལས་བློ་ངོར་འགྲོ་བའི་སྐད་ཆ་ཚིག་གཅིག་ཀྱང་བཤད་སོང་།   དེ་ནས་གྲྭ་བ་ཞིག་ཡར་ལངས་ཏེ་སྙན་ངག་ལ་ངེས་པར་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་དགོས་རབས་དང་སྙན་ངག་པས་སྤྱི་ཚོགས་ལ་འགན་འཁུར་དགོས་རབས་སོགས་མང་དུ་བཤད་མོད། ངའི་སྣང་བར་ཁོ་ལ་ཁ་ལྕེ་བདེ་མོ་ཞིག་ལས་གང་ཡང་མི་འདུག་ཨང་སྙམ། དེའི་འཕྲོར་སྐད་ཆ་བཤད་མཁན་མ་བྱུང་བས་འཇམ་གེར་གྱུར། སྐབས་འདིར་དགེ་རྒན་བདེ་སྐྱིད་ཀྱིས་ང་ལ་ཁྱོད་སོང་ནས་སྐད་ཆ་འགའ་ཤོད་ཅེས་བསྐུལ་བས་ང་རང་གར་སྟེགས་སུ་སོང་སྟེ“ང་རང་སྙན་ངག་འབྲི་མཁན་ཞིག་ཡིན། ཡིན་ཡང་ངས་ད་དུང་སྙན་ངག་མི་ཤེས། མཚམས་ལན་རེར་ང་རང་སྙན་ངག་ནི་བྲི་རྒྱུ་ཞིག་ཡིན་མིན་ལ་ཡང་ཐེ་ཚོམ་སྐྱེས། གལ་ཏེ་མི་ཞིག་གིས་ང་ལ་སྙན་ངག་ནི་ཅི་འདྲ་ཞིག་རེད་ཅེ་ན།  ངས་དེར་སྙན་ངག་ནི་ཁྲོམ་སྲང་གི་གྱང་ངོས་སུ་སྦྱར་བའི་བརྡ་ཁྱབ་དཀར་པོའི་སྟེང་གི་ཡིག་འབྲུ་ནག་པོ་དེ་མིན་ལ། སྙན་ངག་ནི་སྲིད་གཞུང་གི་ཡིག་ཤུགས་སུ་བསྐུངས་པའི་ཡིག་འབྲུ་དམར་པོ་དེ་ཡང་མིན། སྙན་ངག་ནི་མཆོད་ཁང་ན་བརྩིགས་པའི་གླེགས་བམ་སེར་པོའི་སྟེང་གི་སྔགས་ཡིག་དེ་ཚོ་ཡང་ག་ལ་ཡིན། སྙན་ངག་ནི་སྙན་ངག་པའི་དགའ་སྐྱོ་ཆགས་སྡང་གི་རོ་སྣ་ཚོགས་ལ་ཐ་སྙད་ཀྱི་ཚོན་བྱུགས་ཏེ་ཀུན་གྱི་སྤྱན་སྔར་ཕུལ་བའི་གབ་ཚིག་དེའོ། མྱོང་ཤེས་ན་ཀ་ར་དང་བུ་རམ་ཡིན་ལ།  ལུང་བསྟན་དང་བསླབ་བྱ་ཡིན། མྱོང་མ་ཤེས་ན་ཕྱུར་བ་ཕྱུར་ཁུ་ཡིན། ཡི་གེའི་གད་སྙིགས་ཡིན། སྤྲང་བོའི་རྩམ་ཁུག་ལས་མ་འདས་ཞེས་ལན་གདབ་སྲིད”ཅེས་བཤད་པ་ན། ཚང་མས་ཐལ་མོ་བརྡབ་སོང་།  དེའི་འཕྲོར་བུ་མོ་ཞིག་གིས་སྙན་ངག་ཅིག་གྱེར་བྱུང་། ང་རང་འབོལ་ཁྲིར་ཙོག་མ་ཐག་ངའི་གམ་དུ་ནུབ་ལྭ་གྲལ་དག་གོན་པའི་གཞོན་ནུ་ཞིག་སླེབས་ཏེ“ང་རང་ཤེས་སམ”ཟེར་བཞིན་དགེ་རྒན་བདེ་སྐྱིད་ཀྱི་གམ་ནས་བསྡད་བྱུང་། ངས་ཁོ་ལ་ལྟ་ཡག་ཅིག་བྱས་མོད་ཁོ་རང་སུ་ཡིན་མི་དྲན། ཐ་ན་མཐོང་ཡང་མ་མྱོང་བ་འདྲ།  ངའི་སེམས་ལ། མི་འདིས་ངར་དམིགས་ནས་ཡོང་བ་མིན་པར་ངའི་གམ་གྱི་མཛེས་མར་དམིགས་ནས་ཡོང་བ་ཡིན་ནམ་སྙམ། ངས་མི་ཤེས་པའི་ཚུལ་དུ་མགོ་བོ་ལྡེམ་པ་ན།  ཁོས“ང་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་ཡིན། ངས་དེ་སྔོན་མཆོད་མེ་དྲ་བ་ནས་ཁྱོའི་བརྩམས་སྒྲུང་བཀླགས་མྱོང”ཟེར།  ངས་ཁོར་ཅི་ཟེར་དགོས་མིན་མ་ཤེས་པས་ཁོ་ལ་ཆང་ཕོར་གཏད་ནས་ཆང་ཞིག་དྲངས།  ངས་རྒུན་ཆང་པི་ཙི་གང་མིད་རྗེས་ཁོ་རང་མི་ང་རྒྱལ་ཅན་ཞིག་ཡིན་པར་འདོད། རྩོམ་མཁན་ཞིག་ལ་མཚོན་ན། ཡང་ང་རྒྱལ་ནི་ཤིན་ཏུ་གལ་ཆེ་བར་སྙམ་སྟེ་མུ་མཐུད་དུ་ཁོས་ཅི་ཟེར་ལ་སྒུག་ནས་བསྡད།  མེ་ཏོག་ཅེས་པའི་བུ་མོ་འདི་ཁ་པར་ནང་ལ་མགོ་འཁོར་འདུག དགེ་རྒན་བདེ་སྐྱིད་སྙན་ངག་ངག་གྱེར་འདོན་ལ་གཡེང་འདུག  དེ་ནས་ཁོ་རང་སྔར་གྱི་འདུག་སྟེགས་སུ་ཆས་ཏེ་དཔེ་ཆ་ཞིག་ཁྱེར་ཏེ་ངའི་ལག་ཏུ་གཏད། ངས་དཔེ་ཆ་དེར་བལྟས་པ་ན།  ལོ་སྔོན་མའི«སྦྲང་ཆར»ཞིག་རེད། ངས་ལག་ཏུ་བླངས་ནས་ཁ་ཕྱེས་པ་ན། ཁོས་གདོང་ལ་འཛུམ་ཞིག་ལང“ཤོག་ངོས་བརྒྱད་པར་གཟིགས”ཟེར།  ངས་ཁོས་བཤད་པ་ལྟར་ཤོག་ངོས་བརྒྱད་པར་གཟིགས་པ་ན། «རྩྭ་ཐང་གི་སྦྲ་ནག»ཅེས་པའི་ཁ་ཡིག་གི་འོག་ཏུ་ཁ་བ་ཞེས་པའི་ཡིག་འབྲུ་སྙིང་རྗེ་བོ་གཉིས་འདུག  ངས“ཁྱོད་ཀྱི་བརྩམས་སྒྲུང་རེད་ལཱ”ཟེར་བ་ན། ཁོས་ཡིན་པའི་བརྡ་རུ་མགོ་ལྡེམ། སྐབས་དེར་དགེ་རྒན་བདེ་སྐྱིད་ཀྱིས་ཧ་ལས་མདོག་གིས་“ངས་ཅིག་ལྟ་དང”ཟེར་བཞིན་དཔེ་ཆ་ངའི་ལག་ནས་བླངས་སོང་།  ངས་ཁོའི་བརྩམས་སྒྲུང་གི་ཁ་ཡིག་མཐོང་མ་ཉིད་ནས་བཀླག་འདོད་ཀྱི་ཡི་ག་ཆད་སོང་། དེ་ནི་ཁ་གདངས་ན་ཁོག་མཐོང་ཞེས་པའི་ལོ་རྒྱུས་རེད། ངས་སྙན་ངག་གྱེར་མཁན་གྱི་གཞོན་ནུ་མ་དེར་ལྟ་སྐབས། ཁོས་ཡང་བསྐྱར་ངེད་གཉིས་ད་སོ་མར་འཕྲད་པ་བཞིན“ང་རང་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། ན་ནིང་སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཚད་ལྡན་པར་སྐྲུན་ཁང་ནས་པར་དུ་བསྐྲུན་མྱོང་། ད་སྔ་བར་དུ་«སྦྲང་ཆར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གཙོས་པའི་དུས་དེབ་མང་པོར་བརྩམས་ཆོས་མང་པོ་སྤེལ་མྱོང་། ད་ལོའི་ཟླ་དང་པོའི་ནང་ནང་ལོག་ཏུ་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭར་ཞུགས་མྱོང”ཞེས་བཤད་པ་དང་“ཁྱོད་ཀྱིས་སྒྲུང་གཏམ་ཡག་པོ་འབྲི་གི རྩོམ་ཡིག་རེ་དུས་དེབ་དུ་དགོད་འདོད་ན་ངར་ཤོད་དང་ངས་རོགས་བྱ”ཟེར། ངས“ཁྱོད་རང་ངར་བ་རེད”ཅེས་ཡང་བསྐྱར་རྒུན་ཆང་པི་ཙི་གང་ཞབས་དག་བརྒྱབ། དྲང་མོར་བཤད་ན། ང་རང་ཁོ་ལ་སུན་བྱུང་། ངས་མུ་མཐུད་དུ་རྒུན་ཆང་འཐུངས་ནས་བསྡད།

      “ངའི་སྐད་འཕྲིན་བཤེར་རིས་འདིར་ནོན་དང་། ངས་ཁྱོད་ཚོར་དེབ་རེ་སྟེར”ཁོས་ཁ་པར་ང་ལ་གཏད། ངས“ངའི་ཁ་པར་གློག་ཚར”ཞེས་བཤད་པ་ན། ཁོས་དགེ་རྒན་བདེ་སྐྱིད་ལ་སྐད་འཕྲིན་སྣོན་དུ་བཅུག  དེ་ནས་མེ་ཏོག་ལ་ཡང་སྐད་འཕྲིན་སྣོན་དུ་བཅུག  ངའི་བསམ་པར། དེ་ནི་ཁོ་འདིར་ཡོང་བའི་དམིགས་ཡུལ་ཡིན་རྒྱུ་རེད་བསམ།  ཁོས་སྐད་འཕྲིན་ནང་འཇུག་བྱས་ཚར་རྗེས་རང་ཉིད་ཀྱི་འདོད་དོན་འགྲུབ་སོང་བ་ལྟར་སྔར་གྱི་འདུག་སྟེགས་སུ་ཆས།  སྐབས་དེར་ངའི་མཐོང་ལམ་མག་མོག་ཏུ་སྣང་ཡང་ཁོའི་འགྲམ་དུ་ཡང་ཁོ་དང་འདྲ་བའི་སྐྱེས་པ་འགའ་ཙོག་འདུག་པ་མཐོང་།

      ཕྱི་ཉིན། གཉིད་ལས་སད་དུས་ཆང་ནད་ཀྱི་དབང་གིས་མགོ་བོ་གཟེར་བར་བྱེད། ངས་དལ་མོར་མིག་ཟུང་ཕྱེ་ཙ་ན། ངའི་གམ་དུ་བུད་མེད་ཅིག་དུག་སྦྲུལ་བཞིན་ཉལ་འདུག་མཐོང་།  ང་རང་ཧ་ལས་པའི་ངང་ནས་མོ་ལ་ཞིབ་ལྟ་ཞིག་བྱས་པ་ན། མོ་ནི་དགེ་རྒན་བདེ་སྐྱིད་རེད།  ང་རང་ཡིད་མ་ཆེས་པས་ཡང་ཡང་བལྟས་ཀྱང་མོ་ནི་དགེ་རྒན་བདེ་སྐྱིད་ཡིན་འདུག ང་རང་ནོངས་འགྱོད་དང་ངོ་ཚས་གཙེས་ཏེ་དལ་མོར་ཡར་ལངས་ཏེ་རྐང་སྣམ་གྱོན་པ་ན།  མོ་གཉིད་ལས་སད་བྱུང་།  མོས་ནུ་ཐུམ་གོན་བཞིན“ངས་ཉི་མ་འདི་ལ་བསྒུགས་ནས་ཡུན་རིང་འགོར་སོང ”ཟེར།  མོས་སྐད་ཆ་དེ་བཤད་སྐབས་ང་ལ་བཤད་པ་ཞིག་ལ་མི་འདྲ་བར་གྱང་ངོས་ཀྱི་རི་མོ་དེར་བཤད་པ་དང་འདྲ། སྐབས་འདིར་ང་ནི་ཕྱི་རོལ་ཏུ་བརྒྱུགས་ན་འདོད་མོད། ཡིན་ཡང་མགོ་བོ་གཟེར་བ་ཚབས་ཆེ་བས་ཕྱིར་ཉལ་ཏེ་མགོ་བོས་མལ་ཐུལ་གྱིས་བཏུམས། ཡིན་ཡང་དེ་ཙམ་གྱིས་མགོ་བོ་གཟེར་བར་ཕན་གང་ཡང་མ་ཐོགས་པས་དགེ་རྒན་བདེ་སྐྱིད་ལ“ང་ལ་ཁུ་ནག་འགའ་ཉོ་རོགས”ཞེས་བསྐུལ་བ་ན།  མོ་ཕྱི་ལ་བརྒྱུགས་ཏེ་སྐར་མ་བཅུ་མ་འགོར་བར་ཁུ་ནག་གཅིག་དང་སིལ་ཁུ་གཅིག་ཉོས་ཏེ་ཕྱིར་ཐོན་བྱུང་། མོས་ང་ལ་བཏུང་ཆུ་སྟེར་ཞོར“ཁུ་ནག་མང་པོ་འཐུངས་ན་ལུས་ལ་གནོད་པ་རེད། ཁྱོའི་ཚུགས་ཀར་ལྟོས་དང་།  ཀེང་རུས་ཤིག་དང་འདྲ་བོ་འདུག   ཡིན་ཡང་ང་ནི་ཁྱོད་ཀྱི་ཚུགས་ཀ་འདི་ལ་དགའ”ཟེར། ངས་ནི་མོའི་སྐད་ཆར་ལན་ཡང་མ་བཏབ་པར་དབུགས་ཐེངས་གཅིག་གིས་ཁུ་ནག་འཐུངས་པ་དང་དབུགས་ཐེངས་གཅིག་གིས་སིལ་ཁུ་འཐུངས་ཚར་བ་བྱས་པ་ཡིན།  ཁུ་ནག་འཐུངས་རྗེས་ངའི་མགོ་བོ་གཟེར་བ་ཡང་ཅུང་ཟད་ཇེ་ཡང་དུ་སོང་བའི་སྣང་བ་སྐྱེས། ངས་མོར“ད་ནས་བཟུང་ངས་ཆང་མི་འཐུང”ཟེར་བ་ན།  མོས་དགོད་ཙམ་བྱས་ཏེ“ཁྱོད་རང་བཟི་སོང་དུས་སྙིང་རྗེ་བོ་ཞིག་རེད”ཟེར།  
     
       ངས་ཆང་མང་པོ་འཐུང་མི་ཐུབ། ཆང་ནི་ང་ལ་མཚོན་ན་སྨྱོ་ཆུ་ལས་མ་འདས།  ཆང་འཐུངས་པས་ངའི་ཉི་མ་གཏོང་ཐབས་ཀྱི་ཚབ་ཁྲིད་དགེ་རྒན་གྱི་གོ་གནས་དེ་ཡང་ཤོར་སོང་།  ཡིན་ཡང་ང་ལ་བློ་འགྱོད་དང་ཕངས་སེམས་ཡེ་ནས་མེད།

      རྫོང་མི་རིགས་སློབ་འབྲིང་ནས་ཚབ་ཁྲིད་དགེ་རྒན་བྱེད་པའི་ཉིན་ཞིག་ལ། ང་རང་ཆང་གིས་བཟི་སྟེ་དགེ་གྲོགས་རྣམ་རྒྱལ་མཚོའི་སྒོ་ཡང་བརྡུངས་པས་མོས་སློབ་གཙོ་ལ་གཏུགས་ཟིན། ཕྱིར་ཉིན། སློབ་གཙོས་ང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས “ངས་ཁྱོད་ལ་གོ་སྐབས་མང་པོ་བྱིན་མོད། ཡིན་ཡང་ཁྱོས་ངའི་རེ་བ་གཏོང་ཟད་དུ་བཏང་ཐལ། ཁྱོད་ཀྱིས་ཐེངས་སྔོན་མོར་བཟི་སྟེ་སློབ་ཁྲིད་བྱས་པ་དང་གཅིག  ཆང་གིས་བཟི་སྟེ་ལས་གྲོགས་རྡོ་རྗེ་དང་རྡུང་རེས་བརྒྱབ་པ་དང་གཉིས། ད་ཐེངས་ཆང་གིས་བཟི་སྟེ་ལས་གྲོགས་སྒྲོལ་མ་འཚོ་དང་རྣམ་རྒྱལ་མཚོའི་སྒོ་བརྡུངས་པ་དང་གསུམ། རྒྱུ་རྐྱེན་འདི་དག་གི་བདང་གིས་ཁྱོད་རང་སློབ་གྲྭ་འདི་དང་ཁ་འབྲལ་དགོས་འདུག”ཅེས་ངའི་ཚབ་ཁྲིད་དགེ་རྒན་གྱི་གོ་གནས་མིག་སྐྱག་ཙམ་པོ་དེ་མེད་པར་བཟོས།

      ཅུང་ཙམ་ནས་མོ་ཡང་བསྐྱར་ཕྱི་ལ་སོང་སྟེ་སྐམས་ཐུག་ཅིག་ཉོས་ནས་སླེབས་བྱུང་། མོས“ཟ་མ་ཟོས་ན་མགོའི་ན་ཟུག་ཇེ་ཡང་འགྲོ་ནི་རེད”ཟེར།  ངས་ཐུག་པ་ཁམ་གང་འཐུང་ཙ་ན། ཕྱིར་སྐྱུག་གྲབས་བྱས་པས་ང་རང་སྤྱོད་ཁང་དུ་བརྒྱུགས་ཏེ་ཁ་ལག་བཀྲུ་སའི་ནང་བསྐྱུགས་པ་ན། ངས་ཁ་ནང་ལ་མཛུབ་མོ་བརྒྱབ་སྟེ་ཇི་ལྟར་བསྐྱུགས་ནའང་ད་སོ་མར་མིད་པའི་ཕྱེ་ཐུག་ཅིག་ལས་གཞན་ཁུ་བ་སེར་པོ་འགའ་བསྐྱུགས་བྱུང་། ངས་ད་ཐེངས་དངོས་གནས་ཆང་བཅད་ན་བསམ། དེ་ནི་ངས་སྨྱོན་པའི་བརྟུལ་ཞུགས་ལ་གྱེས་བརྡ་གཏོང་བསམ་པས་མིན་པར། ཆང་འཐུངས་རྗེས་མགོ་གཟེར་ཏེ་ཤི་ལ་ཁད་བྱས་པས་ཡིན།  ངས་མོར“ངའི་མགོ་གཟེར་ནས་འགེད་ལ་ཁད་བྱེད་གི”ཟེར་བ་ན། མོས“ཆང་ནད་ཆང་གིས་སེལ་དགོས་བ་མིན་ནམ”ཟེར། ད་ནི་ཆང་ཞིག་འཐུང་རྒྱུ་ཕར་ཞོག་ཡིད་ལ་དྲན་ན་ཡང་མགོ་བོ་གཟེར་བར་བྱེད།

       ཅུང་ཙམ་ནས་མོའི་སྐད་འཕྲིན་གྱི་སྒྲས་ངེད་གཉིད་ཀྱི་ལྷིང་འཇགས་དཀྲོགས། ངས་མོར“ཞོགས་པ་སྔ་མོ་ཞིག་ནས་སུ་རེད”ཅེས་དྲིས་པ་ན། མོས་“སྙན་ངག་པ་ཁ་བ་ཞེས་པ་དེ་རེད”ཟེར། དེ་མུར་ངས་མོའི་ལག་ནས་ཁ་པར་བླངས་ནས་བལྟས་པ་ན།  དྲ་མིང་ལ་ཁ་བ་ཞེས་པ་ཞིག་གིས“ངའི་སེམས་ཀྱི་མེ་ན་ཀཱ  ངས་ཁྱོད་མཐོང་ཉིད་ནས་ཁྱོས་ངའི་སེམས་པ་རྨང་ནས་བཀུགས  ”ཞེས་བསྐུར་འདུག་པ་དང་། དེ་ནས་འོ་བྱེད་པའི་འགུལ་རིས་འགའ་བསྐུར་བྱུང་། ངས་དེ་མུར“ཁྱོད་ཀྱི་སེམས་པ་དེ་སྙི་བ་ལ་ཨང་”ཞེས་བསྐུར་རྗེས།ཁ་པར་ཕྱིར་མོའི་ལག་ཏུ་བཞག་སྟེ་མགོ་བོ་མལ་ཐུལ་གྱིས་བཏུམས། དྲང་མོར་བཤད་ན། སྐད་ཆ་དེ་བཤད་རྗེས་ངའི་སེམས་སུ་ནོངས་འགྱོད་ཅུང་ཟད་སྐྱེས།  རྒྱུ་མཚན། ངས་ཀྱང་དེང་ཐོག་ཁོང་མོ་མཐོང་ཉིད་ནས་མོའི་སྐྱེས་འབྲས་ཀྱིས་ངའི་སེམས་པ་རྨང་ནས་བཀུགས་མྱོང་བར་མ་ཟད། ཐ་ན་རྨི་ལམ་ནས་ཀྱང་མོ་དང་འཁྲུག་སྤྱོད་བྱས་པ་མིན་ནམ་སྙམ།

      མོས་རང་ཉིད་ང་ལ་དུང་རབས་ཀྱི་སྐད་ཆ་མང་པོ་བཤད་སོང་། སྐབས་དེར་ང་རང་དོགས་པ་སྐྱེས་པས་མོར་ཀུ་རེའི་ཚུལ་དུ།  “དོན་ངོ་མར་ཁྱོད་དགའ་ས་ནི་ང་མིན་པར་ངའི་སྙུག་འོག་ལས་འཁྲུངས་པའི་ང་རེད། ཡིན་ཡང་དངོས་ཡོད་ཁྲོད་ཀྱི་ང་ནི་འཇིག་རྟེན་ཆོས་བརྒྱད་ཀྱིས་བདག་ཏུ་བཟུང་བའི་ཕུང་བོ་ཞིག་ཡིན ”ཟེར་བ་ན།
   
        མོས“རྩོམ་པ་པོའི་གཤིས་ཀ་དང་མི་གཞི་ནི་བརྩམས་ཆོས་ཀྱི་ནང་དུ་དཔེ་ཡི་ཚུལ་དུ་གནས་ཡོད་ཟེར་བས་ངས་ཁྱོད་ཀྱི་བརྩམས་ཆོས་ཀློག་དུས་ཁྱོད་ནི་ག་འདྲ་ཞིག་ཡིན་ནམ་སྙམ་པའི་སྟོང་འདང་མང་པོ་བརྒྱབ་མྱོང་། ཉིན་ཞིག  ངས་ཁྱོད་ཀྱི་པོད་འཕྲིན་རྙེད་བྱུང་། ངས་ཁྱོད་ཀྱིས་སྤེལ་བའི་པོད་འཕྲིན་གྱི་ནང་དོན་ཆ་ཚང་བལྟས་མྱོང་བ་མ་ཟད། སྐད་ཆ་ཁ་ཤས་བློར་བཟུང་མྱོང་། ཁྱོད་ཀྱིས་དུ་བ་རྔུན་གྱིན་པའི་ཚོན་མེད་ཀྱི་པར་དེས་ངའི་ཡིད་སེམས་རབ་ཏུ་བཀུགས། ངས་དེ་ནི་སྙན་ངག་ཅིག་ཏུ་བསམས་ཡོད།  ང་རང་སྐྱེས་པ་ཚོས་དུ་བ་རྔུབ་པའི་ཚུགས་ཀ་དེར་དགའ་བོ་ཡོད”ཟེར།

      ངས་མོར་ལན་ཅི་ཞིག་འདེབས་པར་བསམ་བློ་གཏོང་སྐབས  “ཏིང་ཏིང”ཞེས་སྐད་འཕྲིན་གྱི་སྒྲས་ངའི་བསམ་གཞིགས་དཀྲོགས། སློབ་འབྲིང་སྐད་འཕྲིན་ཚོགས་པ་རུ་སྦྲེལ་ཐག་ཅིག་བསྐུར་འདུག ངས་ཧ་མ་གོ་བར་དེ་སྔོན་གྱི་ཁ་བརྡའི་ནང་དོན་ལ་བསྐྱར་དུ་བལྟས་པ་ན་གཉེན་སྟོན་བརྡ་ཁྱབ་ཀྱི་སྦྲེལ་ཐག་ཅིག་ཡིན་འདུག ངས་དེའི་ཁ་ཕྱེ་པ་ན་ཤེར་བསྟན་གྱི་གཞས་ཤིག་གྲགས་པ་དང་བསྟུན་གཉེན་པར་མང་པོ་འཕྲོ་རིམ་འཕྲོར་ངའི་མིག་ལམ་དུ་ཤར་བྱུང་།  གཉེན་པར་དེ་དག་ནི་psཡིས་མཛེས་བཟོ་བྱས་དྲགས་པས་ཆ་མེད་དུ་སྣང་། ངས་སྦྲེལ་ཐག་གི་ཁ་བྱང་ལ་བལྟས་པ་ན།  ད་གཟོད་སློབ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་གི་གཉེན་པར་གྱི་སྦྲེལ་ཐག་ཡིན་པ་རྨང་ནས་ཚོར།།  དེ་སྔོན་བདེ་སྐྱིད་འཚོ་དང་ངེད་གཉིས་དགའ་གྲོགས་ཡིན་དུས། མོས་ང་ལ་གཉེན་སྟོན་བརྡ་ཁྱབ་ཀྱི་སྦྲེལ་ཐག་ཅིག་བསྐུར་བྱུང་། ངས་དེའི་ཁ་ཡིག་ལ་བལྟས་པ་ན། མོའི་དངོས་མིང་འདུག ངས་རེ་དོགས་ཀྱི་ངང་ནས་ཁ་ཕྱེ་ཙ་ན། སྟོང་བ་འབའ་ཞིག་ཡིག་ལས་མ་འདས།  དེའི་རྗེས་ནས་སློབ་གྲོགས་མང་པོས་ཀྱང་ཕན་ཚུན་ལ་ཀུ་རེའི་ཚུལ་དུ་དེ་འདྲ་བརྒྱུད་སྐུར་བྱེད་པ་མང་དུ་མཐོང་བས་དེའི་རིགས་སྤྲོ་སྣང་མེད་པར་གྱུར། ཡང་གཅིག་བཤད་ན། མོ་སློབ་ཆེན་མཐར་ཕྱིན་ཁར་ད་རུང་ངའི་གྲོགས་པོ་ཞིག་གི་དགའ་རོགས་ཡིན།  སློབ་ཆེན་ལོ་བཞིའི་རིང་ཁོ་དང་མོ་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་པ་མ་ཟད།  ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚོས་ཀྱང་དེ་གཉིས་ཀྱི་བརྩེ་དུང་ཡུན་རིང་ཚུལ་དང་མ་འོངས་པར་ཁྱིམ་གཅིག་ནས་འདུག་ཐུབ་རབས་སོགས་མང་པོ་བཤད་མྱོང་། ད་ལྟ་གློ་རྡེག་ཏུ་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་དོན་ཅི་ཡིན་ནམ།

      ངས་མོར“ང་རང་སློབ་གྲོགས་ཤིག་གི་གཉེན་སྟོན་ཐོག་ལ་འགྲོ་དགོས”ཞེས་བཤད་རྗེས་དལ་མོར་ཡར་ལངས་ཏེ་ཁ་ལག་གཙང་མ་ཞིག་བཀྲུས་རྗེས་མེ་ལོང་མདུན་ནས་འགྲེང་སྟེ་རང་ཉིད་ལ་ཞིབ་ལྟ་ཞིག་བྱས་པ་ན།  ཁ་སྤུ་མ་བཞར་བར་ཡུན་རིང་འགོར་བས། འགྲམ་པའི་གཡས་གཡོན་དུ་ཁ་སྤུ་ཞིག་སྟུག་པོ་ཞིག་སྐྱེས་འདུག  གོན་ནས་རིང་བོ་ཕྱིན་པའི་སྟོད་ལྭ་དང་རྐང་སྣམ་ཅུང་རྙིང་བར་གྱུར་མདུག་པ་གསལ་བོར་མངོན། སྐབས་འདིར་མོ་ཡོང་ནས་ང་ལ་འཐམ་སྟེ  “སློབ་གྲོགས་མང་པོ་ཡོང་ངེས་པས་སོང་ནས་ནུབ་ལྭ་ཞིག་ཉོས་ཏེ་གྱོན་མ་གཏོགས་མདོག་ཤོར་འདུག”ཟེར་ཞོར་བརྒྱ་ཤོག་འགའ་ངའི་གློ་ཁུག་ཏུ་བཅུག་སོང་། ངས་མེ་ལོང་ནས་མོར་བལྟས་པ་ན་མོའི་མིག་ནང་ན་ལྷད་མེད་ཀྱི་འོད་ཅིག་འཚེར་གྱིན་འདུག ང་ཕྱིར་འཁོར་ཏེ་མོར་ཅི་ཞིག་བཤད་རྩིས་བྱས་པ་ན། མོས་ངའི་ཁར་ལག་པ་བཀབ་སྟེ“ཁྱོས་ཅི་ཡང་བཤད་མི་དགོས།  ངས་ཡོད་ཚད་ཤེས་ཡོད”ཟེར།  ངས་མོར་སྒོར་མོ་མི་དགོས་ཟེར་མ་ཕོད། རྒྱུ་མཚན་ངའི་ལག་ཏུ་ཡང་བརྒྱ་ཤོག་གཅིག་མ་གཏོགས་མེད། ངས་རང་གི་གཡག་རྔ་ལྟ་བུའི་སྐྲ་ལོ་ལྟག་རྒྱབ་ནས་དཀྱུས་གཅིག་ཏུ་བསྡམས་རྗེས་སྒོར་བུད།  མོ་ངའི་གཞུག་ཏུ་ཡོང་སྟེ་གླང་མགོ་རྟགས་ཅན་གྱི་མོ་ཊ་ནག་པོ་འོད་ཀྲིག་གེར་ཡོད་པ་དེར་མཛུབ་མོས་བསྟན་ཏེ“གན་ངའི་རླངས་འཁོར་ཡིན། ཁྱོས་རླངས་འཁོར་སྐོར་འདོད་ན་བསྐོར་ཆོག”ཟེར། ངས“ང་རང་གླ་གཏོང་ནང་ལ་བསྡད་དེ་སོང་ཆོག” ཅེས་མོ་དང་བྲལ།

      ངས་གླ་གཏོང་ནང་ནས་མོས་བྱིན་པའི་སྒོར་མོ་བརྩིས་པ་ན་སྒོར་སྟོང་གཅིག་དང་ཉིས་བརྒྱ་འདུག  སྤྱིར་ང་ནི་དེ་འདྲའི་དངུལ་དད་ཅན་ཞིག་མིན་མོད། ཡིན་ཡང་ངའི་སེམས་ལ། འདི་ནི་དུས་ཐོག་ཆར་བ་རེད་སྙམ།

       ང་རང་ང་རང་སྤྲིན་དཀར་གསོལ་མགྲོན་ཁང་གི་སྒོར་འབྱོར་བ་ན།  མ་མཇལ་ཡུན་རིང་ཕྱིན་པའི་སློབ་གྲོགས་ཚོས་སྒོ་རུ་སྒུག་འདུག  ཁོ་ཚོས་ང་ཡོང་བ་མཐོང་འཕྲལ“རྩོམ་པ་པོ་བདེ་མོ” ཞེས་རེ་རེས་འཚམས་འདྲི་བྱས། ངས་ཁོང་ཅག་རེ་རེར་བཞིན་ཞིབ་ལྟ་བྱས་པ་ན། ཚང་མས་ལྭ་བ་གྲལ་དག་རེ་གྱོན་འདུག བུ་མོ་ཚོའི་སྐེ་རུ་ཁྱི་འདོགས་བྱེད་ཀྱི་གསེར་གྱི་ལྕགས་ཐག་རེ་བཏགས་འདུག་ལ། ལག་མགོའི་མཛུབ་མོ་རེ་རེར་གསེར་གྱི་མཛུབ་དཀྲིས་ཆུང་ངུ་རེ་བརྒྱབ་འདུག  ཁོ་ཚོའི་སྟེང་ནས་འགྱུར་ལྡོག་ཅིག་བཙལ་དགོས་ན། ཕོ་རྣམས་སྐད་ཆ་ཉུང་དུ་ཕྱིན་ཅིང་དེ་སྔོན་གྱི་རང་བཞིན་དང་ལྷད་མེད་ཀྱི་གཤིས་ཀ་དེར་ཚུལ་འཆོས་ཀྱི་ཉམས་ཅུང་ཟད་འདྲེས་འདུག་པ་དང་ཁོ་ཚོའི་རྐེད་པར་མོ་ཊའི་ལྡེ་མིག་ཆེན་པོ་རེ་བཏགས་འདུག མོ་རྣམས་ཅུང་རྒྱགས་པོར་ཆགས་འདུག གསེར་དངུལ་གྱི་རྒྱན་ཆ་མང་པོ་བཏགས་པ་ལས་གཞན་འགྱུར་བ་ཆེན་པོ་མི་འདུག  

      ཅུང་ཙམ་ནས་མོ་ཊ་དཀར་པོ་ཞིག་ཡོང་སྟེ་ང་ཚོའི་འགྲམ་ནས་དལ་སེ་བསྡད་བྱུང་བས་སློབ་གྲོགས་ཚོའི་མིག་མདངས་དེ་མ་ཐག་སླངས་འཁོར་དེས་དྲངས་སོང་། རླངས་འཁོར་ནས་མིག་ཤེལ་ནག་པོ་བརྒྱབ་ལ་སོས་དལ་ལྭ་རིང་དཀར་པོ་ཞིག་གྱོན་པའི་བུ་མོ་ཞིག་བབས་བྱུང་། མོ་ཡོང་སྐབས་སྐྲ་ལོ་ནི་ལྷབ་ལྷུབ་གཡོ་བཞིན་འདུག ཁོ་ཚོའི་མིག་ནང་དུ་ཅི་ཞིག་མཐོང་འདོད་ཀྱི་ཧམ་པ་ཞིག་ཤར་འདུག་མོད།  རླངས་འཁོར་ལས་འབབ་མཁན་ནི་གཞན་སུ་མིན་པར་བདེ་སྐྱིད་འཚོ་རེད། མོས་ང་ཚོ་མཐོང་འཕྲལ་ལག་པས་མིག་ཤེལ་ཡར་འདེགས་བཞིན་ཚང་མར་འཚམས་འདྲི་བྱེད། སྐབས་འདིར།  བདེ་སྐྱིད་འཚོ་ཁོ་ན་ནི་འདིར་འཛོམས་པའི་བུ་མོ་དག་ལས་རྒྱན་ཆ་བཏགས་མེད་མཁན་གཅིག་པུ་རེད།  

      བདེ་སྐྱིད་འཚོ་དང་ངེད་གཉིས་མདུན་ཅོག་གཅིག་ཏུ་འཁེལ།  མོས་ཟང་ཟིང་གི་བར་གླགས་ནས་སྐད་དམའ་མོས་ང་ལ། “ཉིན་དེར་ཁྱོད་དང་འགྲོགས་པ་དེ་ཁྱོའི་མཛའ་མོ་ཡིན་ནམ” ཟེར། ངས“ཡིན།  ག་འདྲ་འདུག” ཟེར་བ་ན། མོས“ཡག་མ་ཞིག་འདུག”ཟེར། ཡང་མོས“བྱ་བ་ཅི་ཞིག་གཉེར་གྱིན་ཡོད”ཟེར།  ངས་མོར“བྱ་བ་ཅི་ཞིག་གཉེར་གྱིན་པ་ངས་ཀྱང་མི་ཤེས”ཟེར་བ་ན། མོ་རང་ལྷུག་ལྷུག་ཏུ་བགད་བྱུང་། ཅུང་ཙམ་ནས “ཁྱོད་ཀྱི་སང་ཉིན་ལ་འདང་མི་རྒྱག་པའི་གཤིས་ཀ་དེ་ད་རུང་དོར་མེད་གི སང་ཉིན་ནི་སང་ཉིན་ཙམ་མིན་པར་དེ་ནི་མ་འོངས་པ་ཡིན”ཟེར། ངས་མོར“ ང་ནི་སང་ཉིན་གྱི་ཆེད་དུ་འཚོ་བ་རོལ་མཁན་ཞིག་མིན། ང་ལ་མཁོ་བ་ནི་ད་ལྟ་བ་ཡིན། འཚོ་བ་ཟེར་བ་ཡང་ད་ལྟ་བ་འབའ་ཞིག་ཡིན།  རྫོགས་རྒྱུ་མེད་པའི་སང་ཉིན་གྱི་ཆེད་དུ་སེམས་ཚེགས་དང་མནར་གཅོད་ཀྱིས་འཚོ་བ་རོལ་རྒྱུ་དེ་སྡུག་བསྔལ་འབའ་ཞིག་ཏུ་འདོད།”ཅེས་བཤད་པ་ན་མོ་རང་བགད་བྱུང་།

        དགུན་ཁ་ཞིག་ལ།  ང་དང་བདེ་སྐྱིད་འཚོ་གཉིས་གྲོང་ཁྱེར་སྤྱི་གླིང་གི་འདུག་སྟེགས་རིང་བོ་དེའི་སྟེང་བསྡད་པ་དང་། མོས་མགོ་བོ་ང་ཡི་ཕྲག་མགོར་འཇོག་ཞོར“ང་རང་མཐོ་འབྲིང་སྐབས་ནས་བཟུང་ཁྱོད་ལ་ཧ་ཅང་དགའ། ཡིན་ཡང་ཁྱོད་ལ་མ་འོངས་པའི་འཚོ་བའི་འཆར་གཞི་དང་དམིགས་འབེན་མི་འདུག  ངའི་སྣང་བ་ཞིག་ལ། གལ་ཏེ་ཁྱོད་དང་བཟའ་ཚང་བཅས་ན་ངའི་འཚོ་བ་ནི་རྩིས་ཐང་ལྡན་པ་དང་བརྩི་བཀུར་ཐོབ་པ་ཞིག་ཡིན་རྒྱུ་མ་རེད་བསམ”ཟེར།

        སྐབས་དེར། ང་རང་ཅུང་ཁྲོས་ཏེ“ཁྱོད་རང་གསོན་དོན་ནི་མི་གཞན་གྱི་བརྩི་བཀུར་འཐོབ་རྒྱུ་དེ་ཡིན་ནམ། ངོ་མ་སྐྲ་རིང་མ་དང་བློ་ཐུང་མ་ཟེར་བ་ཅི་མ་བདེན”ཞེས་བཤད་པ་ན་མོ་རང་ཁོང་ཁྲོ་ལངས་ཏེ་ང་དང་ཁ་བྲལ།

         ད་ལྟ་བསམས་ན་མོའི་སྐད་ཆ་དེ་ནི་ལུང་བསྟན་ལྟ་བུ་ཞིག་ཏུ་ཆགས་འདུག  ངའི་མིག་སྔར་གྱི་འཚོ་བ་ནི་རྩིས་ཐང་དང་བརྩི་བཀུར་དབེན་པ་ཞིག་རེད།  ཡིན་ཡང་འདི་ནི་ད་ལྟ་ངས་རོལ་གྱིན་པའི་འཚོ་བ་རེད། ཆང་དང་ཐ་མག སྙན་ངག་དང་འཁྱམས་པོ་དག་དང་འགྲོགས་པའི་འཚོ་བ་ཡིན། ངས་ཨུ་ཚུགས་ཚ་པོས་འཚོ་བ་འདི་དང་གྱེས་བརྡ་གཏོང་བ་ནི་རང་ཉིད་ལ་བཙན་གཡེམ་བྱས་པ་ལས་མ་འདས་པར་སྙམ། གཉེན་སྟོན་མཛད་སྒོ་སྤེལ་ཚར་རྗེས་སློབ་གྲོགས་ཚོ་དོ་ནུབ་མཉམ་དུ་འདུག་རྒྱུའི་གྲོས་འཆམས་མོད། ང་ནི་ཟང་ཟིང་ལ་རབ་ཏུ་སུན་པས་དོན་དག་ཅིག་ལ་ཁ་གཡར་ཏེ་ཁོ་ཚོ་དང་ཁ་བྲལ་བ་ཡིན།  ང་ཁོ་ཚོ་དང་འབྲལ་ཁར་བདེ་སྐྱིད་འཚོས“ང་ལྟ་བུའི་བཟའ་ཟླ་ཅན་དག་དོ་ནུབ་འདུག་ཐུབ་ན་ཁྱོད་ལྟ་བུའི་མི་རྐྱང་ཞིག་ལ་དེ་འདྲའི་དོན་དག་གལ་ཆེན་ཞིག་ཡོད་དམ”ཟེར། ཡིན་ཡང་ངས་ཁོ་ཚོ་རེ་བ་དང་ལེན་མ་བྱས། སློབ་གྲོགས་ཚོའི་གྲས་ནས་བདེ་སྐྱིད་འཚོ་ནི་ངའི་སྐྱིད་སྡུག་ལ་སེམས་ཁུར་བྱེད་མཁན་གཅིག་པུ་རུ་འདོད་ཡོད། དེ་ནི་ངེད་གཉིས་དགའ་གྲོགས་སུ་གྱུར་བས་ཡིན་ནམ།

     ང་རང་རྐང་ཐང་དུ་སྲང་ལམ་བརྒྱུད་ནས་འགྲོ་སྐབས།  ངའི་འགྲམ་ནས“ཏུང་ཏུང”ཞེས་མོ་ཊའི་དུང་བརྡ་གྲགས་བྱུང་། ངས་མིག་ཟུང་དེའི་ཕྱོགས་སུ་གཏད་པ་ན།  BMWརྟགས་ཅན་གྱི་མོ་ཊ་དཀར་པོ་ཞིག་རེད།  མོ་ཊའི་ཤེལ་སྒོ་ནག་པོ་ཡིན་པས་ནང་གི་མི་མཐོང་ཐབས་བྲལ། ང་རང་མུ་མཐུད་དུ་མདུན་དུ་བསྐྱོད་ཙ་ན་ཡང་བསྐྱར“ཏུང་ཏུང”ཞེས་གྲགས་པས། ངས་ཕྱོགས་ཡར་མར་ལ་བལྟས་ཀྱང་ལམ་འགྲོ་བ་ཚོས་མཉམ་འཇོག་བྱེད་ཀྱིན་མི་འདུག  ངས་སུ་ཡིན་སྙམ་བཞིན་མོ་ཊའི་ཕྱོགས་སུ་བལྟས་པ་ན། དེ་མུར་ཁོས་མོ་ཊའི་ཤེལ་སྒོ་དལ་མོར་མར་ཕྱེས་པ་དང་བསྟུན་མིག་ཤེལ་ནག་པོ་བརྒྱབ་པའི་གསར་བུ་ཞིག་མངོན་བྱུང་།  
      “ཨ་རོ་སྙན་ངག་པ།  གང་ལ་འགྲོ་གོ” ཁོས་སྐད་ཆ་དེ་བཤད་དུས་མིག་ཤེལ་ལས་མཐོང་ཆུང་གི་འོད་ཅིག་འཚེར་འདུག
       “ང་སློབ་གྲོགས་ཤིག་གི་གཉེན་སྟོན་ལ་སོང་ནས་ཕྱིར་འོང་པ་ཡིན”
       “འོ། ཉེ་ལམ་བྱ་བ་ཅི་ཞིག་གཉེར་གོ”
       “བྱ་བ་ཡི་ཅང་མེད། འཁྱམས་ནས་བསྡད་ཡོད”
       “ཨ། འདི་ལྟར་དུས་ཚོད་གཏོང་ཟད་དུ་གཏོང་བ་ལས་ནང་ལོག་ཏུ་ལས་ཀར་སོང་ནས་མི་བཟང་ངམ། ད་བར་གླ་ཆ་མཐོ་གི་ཟེར་གི”ཁོ་རང་རླངས་འཁོར་ལས་མར་བབས་ཏེ་སྒོ་བརྒྱབ་རྗེས་མིག་གིས་རླངས་འཁོར་ལ་ལྟ་བཞིན་དེ་ལྟར་བཤད།
        “ང་གླ་བ་བཅའ་ཐུབ་མཁན་གྱི་རིགས་དེ་མ་རེད།”ངས་དེ་ལྟར་བཤད་པ་ན་ཁོས་ང་ལ་དུ་བ་རྐང་གཅིག་བྱིན།
       “ངས་དེ་སྔོན་སློབ་ཆེན་ལ་རྒྱུགས་མ་འཕྲོད་པ་དེ་ལམ་འགྲོ་བརྒྱུགས་དང་ཟིག   གལ་ཏེ་ངས་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད་ཚེ། ངས་ཀྱང་ཁྱོད་ཚོ་དང་འདྲ་བར་འཁྱམས་ཉུལ་གྱི་འཚོ་བ་རོལ་དགོས་པ་འདྲ”
       “ཧ་ཧ། ངོ་མ་དེ་འདྲ་ཡིན་ན་ཐང་། ”
      ཁོ་ནི་ངའི་ཤ་ཉེ་ཡིན། དེ་སྔོན་ཁོས་མཐོ་རྒྱུགས་ཐེངས་གཉིས་ལ་སྤྲད་ཀྱང་མ་འཕྲོད། སློབ་མཐར་ཕྱིན་རྗེས་ཁོ་ཨ་ཕའི་རེ་བ་ལྟར་ཕྱུག་བདག་ཅིག་ལ་མག་པར་བུད་སོང་། མག་པར་སོང་ནས་ཟླ་དགུ་མ་འགོར་བར་བུ་མོ་ཞིག་གི་ཨ་ཕར་གྱུར། ཁོ་ནི་གསར་ཡག་ཅིག་ཡོད་མོད། ཆུང་མ་ནི་སྐྱེས་འབྲས་དམན་པ་ཞིག་ཡིན། དེའི་རྐྱེན་པས་ཡིན་ནམ། ངེད་གཉིས་འཕྲད་ཐེངས་རེར། ཁོས་ང་ལ“ཁྱིམ་ཆུང་མ་རང་གི་དམན། རྟ་འདོ་བ་རང་གི་ཡན་ཟེར་བ་མིན་ནམ། ཆུང་མ་ཡག་ནས་ཅི་བྱ། དེས་མཆོད་བཤམས་བྱ་དགོས་སམ། ཆུང་མ་གཤིས་འཇམ་འཁོར་བ་བསྐྱངས་ན་མཁས་པ་ཞིག་བཙལ་ན་འགྲོགས་བཟང་ཞོར་ནས་བཙལ་ཐུབ་པ་རེད། གལ་ཏེ་ཆུང་མ་སྟག་མོ་འདྲ་ཞིག་རག་ཚེ། འགྲོགས་བཟང་བཙལ་དཀའ་མོ་རེད”ཅེས་ཁ་ཏ་བྱེད་སྲིད།
   བརྩེ་དུང་གི་ལྟ་ཚུལ་ཐད་ནས་ངེད་གཉིས་ཀྱི་ལྟ་བ་ཤར་ནུབ་ཡིན། དེའི་རྐྱེན་གྱིས་ཡིན་ནམ། ངེད་གཉིས་འཛོམས་ཐེངས་རེར་ཞེ་ལྷོད་པོའི་སྒོ་ནས་ཁ་བརྡ་བྱ་རྒྱུ་མེད་པར་རྒྱུན་དུ་ཕན་ཚུན་བར་ཁ་རྩོད་དྲག་པོ་ཤོར་སྲིད། དེ་བས་དེ་རིང་ཡང་ངས་ཁོར་འདི་ན་ཅི་བྱེད་གོ་ཟེར་དུས་ཁོས་འདི་ན་འགྲོགས་བཟང་ཞིག་ལ་སྒུག་ཡོད་རབས་ཟེར། ངས་དུ་བ་འཐེན་ཚར་རྗེས་ཁོ་དང་བྲལ། ང་འབྲལ་ཁར་ཁོས་ཁོའི་མོ་ཊས་སྐྱེལ་ཟེར་མོད་ངས་ང་རང་རྐང་ཐང་དུ་སོང་ན་བདེ་ཞེས་ཁས་མ་བླངས།

     ང་རང་དགེ་རྒན་བདེ་སྐྱིད་ཀྱི་ཁྱིམ་དུ་སླེབས་དུས།  དགེ་རྒན་བདེ་སྐྱིད་ཀྱིས་ཨིན་སྐད་ཀྱི་ལམ་ནས་མི་གཞན་ལ་ཁ་པར་གཏོང་གི་འདུག ང་ནི་ཨིན་ཡིག་ལ་རྨོངས་པས་མོས་ཅི་ཞིག་བཤད་ཀྱིན་པ་རྟོགས་ཐབས་བྲལ། མོས་ང་ཡོང་བ་མཐོང་འཕྲལ་གཡས་ལག་གིས་ཁ་པར་རྣ་སྒོར་སྦྱོར་ཞིང་གཡོན་ལག་གིས་ཅོག་ཙེའི་ཕྱོགས་སུ་བསྟན། ངས་ཅོག་ཙེའི་སྟེང་བལྟས་པ་ན། སྡེར་མའི་ནང་དུ་ཆུ་ཀུབ་མང་པོ་བཤུར་ནས་བསྒྲིགས་འདུག རྣམ་འགྱུར་དེ་ལས་ང་ལ་དེ་ཟོ་ཞེས་པའི་བརྡ་སྟོན་བཞིན་པ་འདྲ་བས་ངས་ཀྱང་ཆུ་ཀུབ་ཅིག་ལག་ཏུ་བཟུང་ནས་ཟ་མགོ་བརྩམས།

     ངས་ཆུ་ཀུབ་ཡིད་ཚིམས་པ་ཞིག་ཟོས་རྗེས་འབོལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་སྟེ་སྐད་འཕྲིན་ནང་ལ་གཡེང་བ་ཡིན། ངས་ཆུ་ཚོད་གཅིག་ཙམ་ལ་སྐད་འཕྲིན་བརྩེས་ནས་བསྡད་མོད། མོ་རང་ཁང་མིག་གཞན་པ་ཞིག་ཏུ་འཛུལ་ནས་ཕྱིར་ལོག་མ་བྱུང་།   ངས་སྒོ་ནས་ཉན་པ་ན། མོས་མུ་མཐུད་དུ་ཨིན་སྐད་ཀྱི་ལམ་ནས་ཁ་པར་གཏོང་བཞིན་འདུག  

      ངས་གཉེན་སྟོན་ལ་ཕུལ་བའི་སྒོར་ལྷག་བརྒྱ་ཤོག་དེ་ཚོ་ཁྱེར་ནས་སྲང་ལ་ཉུལ། ང་རང་དམིགས་ཡུལ་མེད་པར་སྲང་ལ་ཉུལ་ཏེ་འགྲོ་སྐབས།“སྒྲོལ་མའི་སྐྲ་ལོ་ཡག་ལས་བྱེད་ས”ཞེས་པའི་སྒོ་བྱང་སེར་པོའི་སྟེང་གི་ཡིག་འབྲུ་ནག་པོ་དེ་ཚོས་ངའི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས་པས་ངའི་གོམ་ཁ་རང་དབང་མེད་པར་དེའི་ཕྱོགས་སུ་བསྒྱུར།  
     ང་རང་དལ་མོར་དེའི་ནང་དུ་འཛུལ་བ་ན་མལ་ཁྲིའི་སྟེང་ནས་སྐྲ་ལོ་གཟེངས་ཤིང་གཟུགས་པོ་ཐུང་བའི་བུ་མོ་ཞིག་ཡར་ལངས་ཏེ་གདོང་ལ་འཛུམ་ཞིག་མངོན་བཞིན་རྒྱ་སྐད་ཀྱིས“ནང་དུ་ཤོག”ཟེར། ངས་མོར་ཀུ་རེའི་ཚུལ་དུ“ཁྱོད་རང་བོད་པ་མིན་ནམ”ཟེར་བ་ན།  མོས“ང་རང་བོད་ཀྱི་གསར་བུ་ཚོ་ལ་དགའ་བའི་རྒྱ་མོ་ཞིག་ཡིན”ཟེར། མོའི་སྐད་ཆ་བཤད་སྟངས་ལ་བརྟག་ན་མོས་ཀྱང་ང་ལ་ཀུ་རེ་བརྩེས་པ་ཤེས་ཐུབ། དེ་ནས་མོས“ཁྱོས་ང་ལ་བལྟས་ནས་བོད་པ་ཡིན་པར་མ་འཁྲུལ་བར་སྒོ་བྱང་ལ་བལྟས་ནས་ང་རང་བོད་པར་འཁྲུལ་བ་ཡིན་ནམ”ཟེར།  “ འོ་ལེ།  སྒོ་བྱང་འདིས་ཁྱོད་ཀྱི་ཡོང་སྒོ་ཇེ་ལེགས་སུ་བཏང་བར་གདོན་མི་ཟ།  སྒྲོལ་མ་ཁྱོད་ལ་བཀའ་དྲིན་མི་ཆུང་གི”ཟེར་བ་ན། མོས“ཁྱོད་རང་མི་ཁ་བདེ་ཞིག་རེད”ཅེས་བགད་བྱུང་།

       སྐྲ་ལོ་མ་བཀྲུས་པར་ཟླ་གཅིག་འགོར་ལ་ཉེ་བས་སྐྲ་བཀྲུས་རྗེས་རྣམ་རིག་ལྡབ་ཀྱིས་ཇེ་གསལ་དུ་གྱུར།  ངས་མོར་སྐྲ་བཀྲུ་གླ་སྤྲད་རྗེས་མོ་དང་བྲལ།

     ངས་ཁ་པར་བླངས་ཏེ་དུས་ཚོད་ལ་བལྟས་པ་ན་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཏག་ཏག་རེད།  སྲང་ལམ་ན་བཞུར་བཞིན་པའི་མོ་ཊའི་གཙང་པོ་དང་འཛུམ་མདངས་ལ་གོད་ཆག་ཐེབས་པའི་མི་ཚོགས་ཀྱི་ངོ་གདོང་འཁྱག་པ་དག་མཐོང་ན་ང་ལ་སུན་སྣང་ཇེ་ཆེ་རེད། ང་རང་ལམ་འགྲམ་གྱི་སྒོ་བསྟེན་ཚོང་ཁང་ཞིག་ཏུ་འཛུལ་ཏེ“ཁ་བའི་འདབ་མ”རྟགས་ཅན་གྱི་ཝུ་ཆང་ཤོག་སྒམ་གང་ཉོས་རྗེས་རྫོང་མཁར་དང་ཐག་ཉེ་བའི་རི་སྒང་དུ་ཆས། ང་རང་རི་སྒང་ནས་ཙོག་སྟེ་མར་རྫོང་མཁར་ལ་བལྟས་པ་ན་རྫོང་མཁར་ནི་ལག་མཐིལ་གྱི་རི་མོ་བཞིན་གསལ་ལྷང་ངེར་གནས།  སྐབས་འདིར་འཕྲུལ་ཆས་ཀྱི་ཆོམ་སྒྲ་དང་མི་ཚོགས་ཀྱི་འུར་སྒྲ་རྒྱང་དུ་ཡལ་བས་ཅུང་ལྷིང་འཇགས་སེ་འདུག   ངས་དབུགས་ཐེངས་གཅིག་གིས་ཝུ་ཆང་ལྕགས་ཐོ་གཅིག་འཐུངས་རྗེས་སྤར་བའི་ནང་བཅིངས་ཏེ་འགྲམ་དུ་གཡུགས་རྗེས་ཡང་བསྐྱར་ལྕགས་ཐོ་ཞིག་གི་ཁ་ཕྱེ་ནས་འཐུང་ཞོར་གྲོག་ཚང་ལྟ་བུའི་མི་ཚོགས་ཀྱི་འདུ་འཛི་ལ་ཅེར་ནས་བསྡད།  སྐབས་འདིར་ངས་བདེ་སྐྱིད་འཚོ་དྲན་བྱུང་།  བདེ་སྐྱིད་འཚོས་དེ་སྔོན་ང་ལ་ཆང་འཐུང་མི་རུང་བའི་ཁ་ཏ་བྱེད་པའི་ཚུལ་དེ་དྲན་བྱུང་།

         སྡོང་ལོ་ས་རུ་ཟགས་པའི་སྟོན་མཇུག་ཅིག་གི་མཚན་མོ་ཞིག་ལ་ང་དང་བདེ་སྐྱིད་འཚོ་གཉིས་རྐང་རྩེད་སྤོ་ལོའི་ཐང་དུ་རྣམ་གཡེང་བྱེད་དུ་སོང་། སྤོ་ལོ་ཐང་གི་འགྲམ་གྱི་འདུག་སྟེགས་སུ་ངེད་གཉིས་ཀྱིས་མོའི་རྣར་གཞུག་དྲངས་ཏེ་གཞས་སྙན་མོ་རེ་ཉན་ནས་བསྡད། གློག་འོད་མག་མོག་དེའི་འོག་ནས་མོས་ང་ལ་འཐམ་སྟེ “གལ་ཏེ་ཁྱོད་དངོས་གནས་ང་ལ་དགའ་ན། ཁྱོས་ང་ལ་དོན་དག་གཅིག་ངེས་པར་དུ་ཁས་ལེན་དགོས”ཟེར། དེ་དུས་ངེད་གཉིས་མཛའ་གྲོགས་སུ་གྱུར་ནས་ཟླ་གཅིག་ཏག་ཏག་ཡིན།  
        ངས་མོའི་མགོ་བོ་ཕུར་བཞིན“དོན་ཅི་ཞིག”ཅེས་དྲིས་པ་ན་མོས“ཆང་མ་འཐུང”ཟེར།
        ངས“ང་རང་སྙན་ངག་འབྲི་མཁན་ཞིག་རེད། ཆང་མི་འཐུང་སྲོལ་ག་ལ་ཡོད། ཡང་གཅིག་བཤད་ན་ངའི་གྲོགས་པོ་ཚོའི་གྲས་ན་ཆང་མི་འཐུང་མཁན་གཅིག་ཀྱང་མེད”ཟེར་བ་ན། མོའི་ལག་པས་ང་རང་གློད་དེ་ང་དང་ཁ་གཏད་དུ་ལངས་བྱུང་།

      ངས་མོའི་གདོང་ལ་བལྟས་པ་ན་མོའི་མིག་ནང་དུ་ཞུ་བའི་མདངས་ཤིག་ཤར་ཡོད་པ་དང་མཐར་མདངས་དེ་མུ་ཏིག་གི་བསྟར་བུ་འགའ་རུ་གྱུར་ཏེ་མགྲིན་པ་ནས་མར་ས་རུ་ལྷུང་། སྣང་ཚུལ་དེ་མཐོང་འཕྲལ་ངའི་དེ་སྔོན་གྱི་གཏན་ཚིགས་མཐའ་དག་བྱེ་མ་བཞིན་སིལ་བུར་ཐོར། ང་རང་སེམས་གཏིང་ནས་སེམས་འགུལ་ཐེབས་སོང་། དེ་ནི་སྐྱེ་བ་འདིར་ང་དགའ་སའི་བུ་མོ་དེས་ངའི་ཆེད་དུ་མིག་ཆུ་བཞུར་བ་ཐེངས་དང་པོ་ཡིན། ངས་མོར་རྗེས་ཕྱོགས་ཆང་མི་འཐུང་ཞེས་ཟེར་བ་ན་མོའི་གདོང་ལ་འཛུམ་ཞིག་མངོན་ཏེ་ཡང་བསྐྱར་ང་ལ་འཐམ། 
 
    དགོང་མོ་དེར། རྐང་རྩེད་སྤོ་ལོ་ཐང་གི་གློག་འོད་མག་མོག་དེའི་འོག་ཏུ་ངེད་གཉིས་ཀྱི་འདོད་པའི་མཆུ་སྦྱོར་ལན་མང་བྱས་མྱོང་། ངས་སྣང་ཚུལ་དེ་དག་དྲན་སྐབས་ཁེར་དགོད་རེ་ཡང་མི་བྱེད་ཀ་མེད་རེད།  ཡིན་ཡང་ལས་དབང་གིས་ང་ལ་བཀོད་སྒྲིག་གནང་བ་ནི་ཕར་ཆ་རྒྱུས་ཡོད་སའི་བདེ་སྐྱིད་འཚོ་མིན་པར་ཚུར་ཆ་རྒྱུས་ཡོད་པའི་བདེ་སྐྱིད་རེད།  བདེ་སྐྱིད་འཚོ་དང་བསྡུར་ན་བདེ་སྐྱིད་ནི་རྒྱ་ཡན་དུ་འཚོ་མཁན་ཞིག་རེད། མོས་ང་ལ“ཆང་མ་འཐུང་མི་རུང”མི་ཟེར་བར་ང་དང་ལྷན་དུ་ཆང་འཐུང་བར་རེ་བ་འདོན་སྲིད།  དེ་ཙམ་གྱིས་ང་རང་མོའི་བརྩེ་དུང་ལ་དོགས་པ་སྐྱེས་པ་མིན། ངས་མོའི་གདོང་གི་མཛེས་ཀོང་དེ་མཐོང་ཙ་ན་སེམས་ཁོང་གི་དོགས་སྣང་ཅི་རིགས་སྨུག་སྤྲིན་བཞིན་ཡལ་ཏེ་གར་སོང་ཆ་མེད་དུ་གྱུར་འགྲོ།

      ངས་དེ་ལྟར་འདོད་བཞིན་ཝུ་ཆང་རྔམ་འཐུང་བྱས་ནས་བསྡད་པ་ན།  “ཏུང་ཏུང”ཞེས་ཁ་པར་འབོད་བརྡས་ངའི་བསམ་གཞིགས་ཡོངས་སུ་དཀྲོགས།  ངས་ཁ་པར་ངོས་སུ་མིག་བཤེར་ཞིག་བྱས་པ་ན་བདེ་སྐྱིད་ཅེས་པའི་ཡིག་འབྲུ་ཆུང་ཆུང་གཉིས་ཤར་པ་མཐོང་བས་དེ་མ་ཐག་ཁ་པར་བླངས།
       “ ཝེ།”
      “ཁྱོད་གང་ན་ཡོད།  འགྲོ་ན་ཁ་ཞིག་མི་གྲག་གཱ  ”
      “ཁྱོས་ཁ་པར་གཏོང་གིན་པས། ངས་ཁྱོད་ལ་བར་ཆ་བྱ་བར་དོགས་ནས་ཅང་མ་བཤད། ང་རང་དེ་སྔོན་འུ་གཉིས་འགྲོ་སའི་རི་སྒང་དེ་ན་ཡོད།”
       “ཁྱོད་དལ་མོར་མར་ཤོག་དང་། ངས་ཟམ་ཁ་ནས་སྒུག”
      ད་ནི་ཀླད་པ་རབ་རིབ་ཏུ་སྣང་།  ང་རང་དལ་མོར་རི་སྒང་ནས་མར་བབས་ཏེ་ཟམ་ཁར་འབྱོར་བ་ན། མོ་ཐོན་མི་འདུག ངས་གྲུ་མོ་ལན་ཀན་ལ་འཁེན་ནས་བསང་ཆུའི་བཞུར་རྒྱུན་ལ་ཅེར་བ་ན། བསང་ཆུ་བྲུག་སྟེ་ཆུ་ཆེན་དུ་གྱུར་འདུག ངའི་བསམ་པར་འཚོ་བ་ཞེས་པ་ནི་བསང་ཆུ་བཞིན་སྔོན་ནས་སྔོན་དུ་བསྐྱོད་རྒྱུ་ཞིག་ཡིན་པར་འདོད། ཡིན་ཡང་། ང་རང་བསང་ཆུ་བཞིན་དུ་མདུན་དུ་སྐྱོད་པར་འཕག་འཚག་ག་འདྲ་བརྒྱབ་ཀྱང་དངོས་ཡོད་ཀྱིས་ང་རང་མདུན་དུ་སྐྱོད་པར་གེགས་བྱེད་སྲིད། དེ་བས་ང་རང་བསང་ཆུའི་ནང་དུ་མཆོང་གྲབས་བྱས་པ་ན་རྒྱབ་ཕྱོགས་ནས “ཏུའུ་ཏུའུ”ཞེས་མོ་ཊའི་དུང་བརྡ་ཞིག་གྲགས་བྱུང་། ང་ཁ་ཕྱིར་འཁོར་ནས་དེའི་ཕྱོགས་སུ་བལྟས་པ་ན་བདེ་སྐྱིད་མོ་ཊ་ལས་བབས་ཏེ་ང་ལ“བསང་ཆུ་དང་འབྲེལ་བའི་སྙན་ངག་ཅིག་བློས་བསླངས་བྱེད་ཀྱིན་པ་ཡིན་ནམ”ཟེར།  
        ངས“མིན།  བསང་ཆུ་ནི་རང་བྱུང་གི་སྙན་ཚིག་ཅིག”ཟེར་བ་ན། མོས་མཚར་སྣང་གིས“ཅི་ལྟ་བུའི་སྙན་ཚིག་ཅིག”ཟེར།
       “བསང་ཆུ་ནི་ཡུགས་མོ་ཞིག་གི་མིག་ཆུ་རྡོག་ཅིག”ཟེར་བ་ན།  མོ་རང་བགད་བྱུང་།  མོས་ང་ལ་དུ་རྐང་གཅིག་ཚུར་བསྲིངས་ཏེ“ཁྱོད་ནི་མ་གཞི་ནས་སྐྱོ་སྣང་རིང་ལུགས་པ་ཞིག་རེད”ཟེར།
       དྲང་མོར་བཤད་ན། ངའི་འཚོ་བ་ནི་གཡོ་སྒྱུ་དང་བརྙས་བཅོས། དབུལ་ཕོངས་དང་ཁེར་རྐྱང་། མཐོང་ཆུང་། སུན་གཙེ་ཡིས་རབ་ཏུ་མནར་བས། སྐབས་ལན་རེར་ངས་འཇིག་རྟེན་འདིར་གསོན་པ་ནི་སྡུག་བསྔལ་འབའ་ཞིག་དང་འཆི་བ་ནི་བདེ་གྲོལ་དུ་བསམས། ངས་ཐེངས་འགའ་ལ་འཇིག་རྟེན་འདི་ལ་བདེ་མོ་འཇོག་གྲབས་བྱས་མྱོང་།  ཡིན་ན་ཡང་།  ཞིབ་འདང་རེ་བརྒྱབ་ཚེ་རང་ཉིད་མི་ཡུལ་ལ་ཡོང་ནས་གསོན་པའི་རིན་དོད་དུ་རྐང་རྗེས་ཤིག་ཀྱང་དཔར་མ་ཐུབ་པས་འདི་ལྟར་འཆི་བ་ནི་ངོ་ཚ་ཞིག་ཏུ་འདོད་དེ་ཨུ་ཚུགས་ཀྱིས་ཉི་མ་གཏོང་ཐབས་བྱས་པ་ཡིན།

      ངེད་གཉིས་ཕྱིར་ལོག་པའི་ལམ་བར་དུ།  མོའི་རྒྱ་ལྕང་ལྟར་འཕྱང་བའི་སྐྲ་ལོ་དེ་མཚམས་རེར་མོ་ཊའི་སྒེའུ་ཁུང་ལས་ལྡང་བའི་བསིལ་རླུང་གིས་ཕར་གཡོ་ཚུར་གཡོ་བྱེད་ཅིང་མོས་ཅི་མི་སྙམ་པར་མིག་གིས་མདུན་ལ་ལྟ་བཞིན་དཀྱོག་མཚམས་རེ་རེ་སྒྲོག་གུ་བཞིན་བརྟོལ།  ངས་དུ་བ་རྐང་གཅིག་མེར་བསྒྲོན་རྗེས་སྣང་མེད་སྒོས་མོར་ལྐོག་ལྟ་བྱས་པ་ན་མོ་རང་ལོ་འགའ་ཡིས་ཇེ་ཆུང་དུ་སོང་སྣང་སྐྱེས།  མོའི་སྟེང་ནས་ངས་འབོར་བཞིན་པའི་ལང་ཚོའི་ངར་ཤུགས་དང་གཞོན་པའི་སྙིང་སྟོབས་དེ་སླར་ཡང་རྙེད་པ་དང་།  མོ་དང་བསྡུར་ན་ང་རང་དངོས་ཡོད་ཀྱིས་ཅི་བྱ་གཏོལ་མེད་དུ་བཏང་བ་རྨང་ནས་ཚོར།  ཡིན་ཡང་ང་ལ་མཚོན་ན་མོ་ནི་སྔར་བཞིན་རྟོགས་དཀའ་བའི་གསང་བ་ཞིག་རེད།
   ཁྱོས་སྙན་ངག་དང་བརྩམས་སྒྲུང་མང་པོ་བྲིས་འདུག  ད་དེབ་ཅིག་དཔར་དུ་བསྐྲུན་ན་མི་བཟང་ངམ”མོས་མོ་ཊ་གཏོང་བཞིན་ང་ལ་དེ་ལྟར་བཤད།  
      “འོ་ལེ། ངས་ཀྱང་དེ་འདྲ་བསམས་མྱོང་། ཡིན་ཡང་ད་རུང་དཔར་དུ་འདེབས་ཐུབ་ཀྱི་མ་རེད”
     “ང་ལ་དཔེ་སྐྲུན་ཁང་ན་བྱ་བ་གཉེར་གྱིན་པའི་སློབ་གྲོགས་ཤིག་ཡོད། ཁོར་དཔེ་རྟགས་ལེན་པར་རོགས་བྱེད་དུ་འཇུག་དགོས་ནི་མིན་ན།”
       “མི་དགོས། ངའི་དེར་དཔེ་རྟགས་སྟེར་ནི་མ་རེད”
     སྐད་ཆ་དེ་ནི་ངས་གང་བྱུང་དུ་ལབ་པ་མིན། ལོ་ངོ་གཉིས་ཀྱི་སྔོན་ལ།  ང་རང་སློབ་ཆེན་གྱི་སློབ་མ་ཞིག་ཡིན། ལོ་དེར་ངས་སྐད་འཕྲིན་སྒང་ནས་རྫོང་རིག་གནས་ཅུས་ཀྱིས་ས་གནས་རང་གི་ན་གཞོན་རྩོམ་པ་པོ་དག་ལ་དམིགས་ཏེ་དཔེ་ཚོགས་ཤིག་བསྒྲིག་རྒྱུའི་བརྡ་ཁྱབ་ཞིག་སྤེལ་བ་མཐོང་།  སྐབས་དེར་དགེ་སློབ་ཀུན་གྱིས་ང་ལ་རང་གི་བརྩམས་ཆོས་དག་བསྐུར་དགོས་པའི་རེ་སྐུལ་མང་དུ་བྱས་པས་ངས་ཀྱང་ཡིད་ཆེས་ཡོད་པའི་སྒོ་ནས་ཁོ་ཚོའི་ཆ་རྐྱེན་ལྟར་རེ་ཞུའི་རེའུ་མིག་བསྐངས་པ་དང་།དེ་སྔོན་བྲིས་པའི་སྒྲུང་ཐུང་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཞུ་དག་བྱས་ཚར་རྗེས་ཚང་མ་ལྷན་དུ་བཞག་སྟེ་ཁོ་ཚོའི་ཡིག་ཟམ་དུ་བསྐུར་བ་ན།   “ཁྱེད་ཀྱི་བརྩམས་ཆོས་འབྱོར་ཟིན། ད་ནི་ཞིབ་བཤེར་བརྒྱུད་རྗེས་ཁ་པར་གཏང་ཡོང”ཞེས་ལན་བསློགས་བྱུང་།  དེ་ལྟར་ཟླ་བ་གཉིས་ལྷག་འགོར་མོད། ཁོ་ཚོར་རང་གི་བློ་གྲོས་ཀྱི་རྩལ་ལས་བཏོན་པའི་བརྩམས་ཆོས་བསྐུར་བ་ཆུ་ནང་དུ་རྡོ་འཕངས་པ་ལྟར་གྱུར་བས་རང་གི་བརྩམས་ཆོས་པར་དུ་བསྐྲུན་འདོད་ཀྱི་དགའ་སྤྲོའི་མེ་ལྕེ་དེ་རིམ་བཞིན་ཞི་བར་གྱུར།   ཡིན་ཡང་དེ་ཙམ་གྱིས་ཡིད་མི་ཚིམ་པས་ཉིན་ཞིག་ལ་ཁོ་ཚོར་ཁ་པར་བཏང་སྟེ་དྲིས་པ་ན།  ཁོ་ཚོའི་དྲིས་ལན་ནི་ཡིད་ལའང་མ་དྲན་པ་ཞིག་རེད།

       “དགོངས་པ་མ་ཚོམས། ང་ཚོས་ཁྱོད་ཀྱི་བརྩམས་ཆོས་འདེམ་ཐབས་མི་འདུག  དཔྱད་འདེམས་ལྷན་ཚོགས་ཀྱིས་བཤད་ན། ཁྱོད་ཀྱི་བརྩམས་ཆོས་ཀྱི་ཐབས་རྩལ་དང་ཚིག་སྦྱོར་ནི་བསྔགས་པའི་གནས་ཡིན་མོད། བརྗོད་བྱ་ནི་ཆགས་སྲེད་དང་ཉེན་རྟོག་པ། རྒྱབ་གཏོད་དང་མུན་ནག་སོགས་ཀྱིས་ཁེངས་ཡོད་པས་ང་ཚོའི་བླང་བྱ་དང་འགལ་འདུག  ང་ཚོར་མཁོ་བ་ནི་ཡར་སྐུལ་དང་མཐུན་སྒྲིལ། སྤྱོད་བཟང་སོགས་མཚོན་པའི་བརྩམས་ཆོས་ཡིན”ཕ་རོལ་བའི་སྐད་ཆ་དེ་གནམ་ལྕགས་ཐོག་མདའ་ལྟར་ངའི་རྨི་ལམ་གྱི་ཕོ་བྲང་སིལ་བུར་གཏོར། ཡིན་ཡང་ང་ནི་རང་གི་བསམ་པའི་རྗེས་སུ་འབྲངས་ནས་རྩོམ་འབྲི་མཁན་ཞིག་ཡིན་པས་གསར་རྩོམ་གྱི་མྱུ་གུ་འཇགས་མ་མྱོང་།
        ངས་མོར་གོང་གི་གནས་ཚུལ་དག་བཤད་པ་ན། མོས་ཀྱང་ཅི་ཡང་བཤད་མ་སོང་།

5
 
       གཟའ་ཉི་མའི་ནངས་དུས་ཤིག་ལ།  མོས་ཡང་བསྐྱར་ཨིན་སྐད་ཀྱི་ལམ་ནས་མི་ཞིག་ལ་ཁ་པར་བཏང་སོང་།  མོས་ཕ་རོལ་བར་སྐད་ཆ་བཤད་དུས་སྐད་མགོ་ཇེ་མཐོ་ནས་ཇེ་མཐོ་ཡིན་པས་ང་རང་གཉིད་ལས་དཀྲོགས།  ངས་མགོ་བོ་ཡར་དགྱེ་ནས་བལྟས་པ་ན། དྲོ་འཇམ་གྱི་ཉི་འོད་སྒེའུ་ཁུང་ནང་དུ་འཕྲོས་ཏེ་ཁང་བའི་ནང་དཀར་གསལ་ལེར་འདུག  མོས་ཁ་པར་རྣ་སྒོར་སྦྱར་ཏེ་མཚམས་རེར་རྐང་བས་ཐང་འབྲད་པ་དང་མཚམས་རེར་མིག་གིས་ཕྱི་རོལ་ལ་ལྟ་བར་བྱེད། ཡང་མཚམས་རེར་སྒེའུ་ཁུང་འགྲམ་དུ་ཕར་འགྲོ་ཚུར་འགྲོ་བྱེད།  མོས་དེ་ལྟར་ཕ་རོལ་བར་ཁ་བརྡ་བྱས་ནས་ཆུ་ཚོད་ཕྱེད་ཙམ་འགོར་སོང་། མོས་ཁ་བརྡ་བྱེད་པའི་སྐད་གདངས་དང་རྣམ་འགྱུར་ལ་བལྟས་ན་དོན་དག་གལ་ཆེན་ཞིག་ཡིན་པ་འདྲ། མོས་ཡང་སྙིང་སུ་ཞིག་ལ་ཁ་པར་གཏོང་གིན་ཡོད་དམ། ཐེངས་སྔོན་མར་ངས་མོར་ཨིན་སྐད་ཀྱི་ལམ་ནས་ཁ་པར་གཏོང་ས་དེ་སུ་ཡིན་ཞེས་དྲིས་དུས་མོས་རང་གི་ཕྱི་གླིང་གི་གྲོགས་པོ་ཞིག་ཡིན་ཟེར། དེ་ཡིད་ལ་དྲན་པས་ངའི་སེམས་ཀྱི་དོགས་གཞི་ཡང་མེད་པར་གྱུར། ཡང་གཅིག་བཤད་ང་ནི་མི་ཞིག་གི་རང་དབང་ལ་ཐེ་གཏོགས་བྱ་བར་དགའ་བོ་མེད། ལྷག་ཏུ་རང་གི་སྙིང་ཉེ་བའི་མཛའ་གྲོགས་དག་གིས་སུ་ཞིག་ལ་འབྲེལ་འདྲིས་བྱེད་ཀྱིན་ཡོད་མེད་སོགས་རྩད་གཅོད་བྱ་བར་སྤྲོ་བ་དབེན། ངས་ནི་ཁ་པར་བླངས་ཏེ་ཐུན་ཞོན་ནང་ནསNBAལྟ་མགོ་བརྩམས། ངས་རྣམ་རིག་བསྒྲིམས་ཏེ་སྤོ་ལོའི་ལྟད་མོར་གཡེང་བའི་ཚེ་མོས་གློ་རྡེག་ཏུ“ང་རང་དོན་དག་གལ་ཆེན་ཞིག་གི་ཆེད་དུ་ལྷ་སར་ཐེངས་གཅིག་ལོག་དགོས་འདུག  ཕལ་ཆེར་གཟའ་འཁོར་གཅིག་གི་རིང་ཕྱིར་ལོག་ཐུབ་རྒྱུ་མ་རེད”ཟེར།ད་ནི་ངས་ཀྱང་ཉེན་རྟོག་པ་བཞིན་ཅི་ཞིག་བྱེད་དུ་འགྲོ་མིན་མ་དྲིས་པར“ནམ་འགྲོ་རྒྱུ”ཟེར་བ་ན། མོས“ནངས་དུས་འགྲོ་རྒྱུ”ཟེར།  དེ་ནས་མོ་དལ་མོར་ངའི་སར་ཡོང་སྟེ་ངའི་འགྲམ་པར་འོ་ཞིག་བྱས་རྗེས“རིང་བོ་མི་འགོར”ཟེར།

       ཕྱིར་ཉིན།  ངས་མོའི་མོ་ཊ་བསྐོར་ཏེ་མོ་རང་གནམ་ཐང་དུ་བསྐྱལ། ལམ་བར་དུ་ཆར་བ་ཟམ་ཟིམ་ཞིག་བབས་ཏེ་མོ་ཊའི་ཤེལ་སྒོ་རབ་རིབ་ཏུ་སྣང་། ངས་མོ་ཊའི་རང་འགུལ་ཤེལ་འབྱིད་ཆས་དེ་སྤྱད་ནས་ཤེལ་ངོས་ཀྱི་ཆར་བ་མེད་པར་བཟོས་རྗེས་སླར་ཡང་ཕྱི་གསལ་ནང་གསལ་དུ་གྱུར་འགྲོ་མོད། ཅུང་ཙམ་ནས་ཡང་བསྐྱར་ཤེལ་ངོས་རབ་རིབ་ཏུ་གྱུར།  ལམ་བར་དུ།  ངེད་གཉིས་ཀྱིས་ཁ་བརྡ་ཚིག་གཅིག་ཀྱང་མ་བྱས་པས་འཇམ་ཐིང་ངེར་གནས། ངེད་གཉིས་གནམ་ཐང་དུ་འབྱོར་བ་ན།  མོ་དལ་མོར་མོ་ཊ་ལས་བབས་ཏེ་ཀོ་ཁུག་ཆུང་ངུ་དེ་ལག་ཏུ་བཟུང་ནས་ང་དང་བྲལ།  མོ་གོམ་པ་ཉི་ཤུ་ཙམ་གྱི་མཚམས་ནས་ཁ་ཕྱིར་འཁོར་ཏེ་གདོང་ལ་འཛུམ་ཞིག་མངོན་བཞིན“ང་རང་མགྱོགས་པོར་ཕྱིར་ཡོང”ཟེར། མོ་སོང་རྗེས་ཆར་བ་ཇེ་ཆེར་གྱུར་བས་བགྲོད་ལམ་ཡང་མི་མཐོང་བར་གྱུར། ངས་མོ་ཊ་ལམ་འགྲམ་གྱི་སྤང་ཐང་ཞིག་ཏུ་དེད་དེ་མོ་ཊའི་ནང་ནས་དུ་བ་རྐང་གཅིག་མེར་བསྒྲོན་ཏེ་རྔུབ་འཐེན་བྱེད།  ངས་མིག་གིས་ཤག་ཤག་འབབ་པའི་ཆར་ཆུ་ལ་བལྟས་ཀྱང་ཡིད་ལ་བདེ་སྐྱིད་དྲན་ཡོང་།  ཁོ་མོས་ང་ལ་སྣང་དོགས་ཅུང་ཙམ་ཡང་མི་བྱེད་པར་ང་ལ་བསྟུན་ཐབས་བྱེད་པའི་བྱ་སྤྱོད་དྲན་ཡོང་། མོའི་ཁང་བ་དང་མོ་ཊ་སོགས་ང་ལ་འཛེམ་མེད་དུ་ལོངས་སུ་སྤྱོད་པར་བལྟས་ན་མོ་རང་ལ་ཡང་དམིགས་ཡུལ་ཞིག་ཡོད་ཤག་ཤག་རེད།  དམིགས་ཡུལ་མེད་ཚེ་མོས་ངའི་ཆེད་དུ་བློས་གཏོང་འདི་འདྲ་བྱ་སྲིད་དམ། མོའི་དམིགས་ཡུལ་ནི་ཅི་ཞིག་ཡིན་ནམ།  ངེད་གཉིས་ཉིན་འདི་ཚོར་ལུས་འབྲེལ་ལན་འགའ་བྱུང་ཡང་ཕན་ཚུན་ལ་མ་འོངས་པའི་ཐད་ནས་ཆ་རྐྱེན་གང་ཡང་འདོན་མ་མྱོང་། ངས་དེ་ལྟར་ཆུ་ཚོད་ཕྱེད་ཙམ་གྱི་རིང་སྟོང་འདང་སྣ་ཚོགས་བརྒྱབ་མཐར་ཆར་བ་འཇགས་སོང་བས་ང་རང་ཕྱིར་ལོག་མགོ་བརྩམས།

       ངའི་མོ་ཊ་གཏོང་བའི་རྩལ་དེ་འདྲའི་བཟང་རྒྱུ་མེད།  བདེ་སྐྱིད་དང་བསྡུར་ན། ངས་མོ་ཊ་གཏོང་བ་ནི་རུས་སྦལ་ནུར་འགྲོས་ལས་མ་འདས། མོས་མོ་ཊ་གཏོང་དུས་གཞས་ཀྱི་སྒྲ་གདངས་མཐོན་པོར་བྱས་ཤིང་མོ་ཊའི་མྱུར་ཚད་ཤིན་ཏུ་མགྱོགས་པས་ང་རང་མོའི་མོ་ཊར་འདུག་རྒྱུ་ཡང་དངངས་སྐྲག་སྐྱེས་པ་ཞིག་རེད།   གཟའ་འཁོར་སྔོན་མའི་ནང་།  ངེད་གཉིས་ཁུལ་ཐོག་ཏུ་འགྲོ་བའི་ལམ་བར་དུ།  ལམ་གྱི་དཀྱོག་མཚམས་ཤིག་ནས་ཅུང་ཙམ་མིན་ན་མོས་མོ་ཊ་གཞན་ཞིག་དང་རྡུང་ག་བརྒྱབ་སོང་།   ངས་མོར“སོར་གང་མིན་ན་ངེད་གཉིས་འཆི་ལམ་དུ་བརྫངས་ཐལ”ཟེར་བ་ན།  མོས“ཁྱོད་དང་ལྷན་དུ་འཆི་བའི་ཐང་ཆེན་འགྲིམ་པ་ནི་བདེ་སྐྱིད་ཅིག   ཡིན་ཡང་ང་དེའི་བསོད་ནམས་གང་ན་ཡོད”ཟེར།  དེ་ནས་མོས་ང་ལ་ལྟ་ཙམ་བྱས་རྗེས་ངའི་སེམས་ཁམས་སྐྱིད་ཀྱི་མེད་པ་ཚོར་ནས“ཀུ་རེ་ཡིན། ང་རང་སྐད་ཅིག་མའི་ཚོར་བ་ལོངས་སུ་སྤྱོད་པར་གོམས་ཡོད”ཟེར།  སྐད་ཆ་དེ་ངས་མོའི་ངག་ནས་ཐེངས་འགར་ཐོས་མྱོང་།

     ང་རང་རྫོང་ཐོག་ཏུ་འབྱོར་མ་ཐག  ཁ་པར་ཞིག་སླེབས་བྱུང་། ངས་ཁ་པར་གྱི་ངོས་སུ་ཅེར་བ་ན། ཡབ་ཆེན་ཞེས་པའི་ཡིག་འབྲུ་གཉིས་ཆེ་ཆེར་མངོན་ཡོད། ད་གཟོད་རང་ཉིད་ཕ་ཡུལ་དང་བྲལ་ནས་ཟླ་གཅིག་ཙམ་འགོར་བ་རྨང་ནས་ཚོར། ངས་ཁ་པར་བླངས་པ་ན།
     “གང་ན་ཡོད”
      “རྫོང་ན”
     “མྱུར་དུ་ཕ་ཡུལ་དུ་ཤོག  དོན་དག་གལ་ཆེན་ཞིག་འདུག”ཅེས་ཁ་པར་གྱི་སྒོ་གཏན།  
     ཨ་ཕ་ནི་མི་དེ་འདྲ་ཞིག་ཡིན།  ཁོའི་སྣང་ངོར་ང་ནི་འཁྱམས་པོ་ཞིག་གི་བག་ཆགས་འདུག  དེ་བས་ངེད་གཉིས་ཀྱིས་དོན་དག་གལ་ཆེན་རེ་མེད་ཚེ་ཕན་ཚུན་བར་ཁ་པར་གཏོང་བ་ཤིན་ཏུ་ཉུང་།  གལ་ཏེ་ཁ་པར་བཏང་ཡང་སྐར་མ་གཅིག་གཉིས་ལས་མི་འགོར་བར་མཚམས་འཇོག་སྲིད།   
       ངས་དོན་དག་གལ་ཆེན་ཅི་ཞིག་ཡིན་ནམ་སྙམ་ནས་ཕ་ཡུལ་དུ་ལོག
       ང་རང་ཕ་ཡུལ་དུ་འབྱོར་བ་ན།  ཁྱིམ་ན་ཨ་ཕ་མ་གཏོགས་མི་འདུག   ཨ་ཕས་ང་རང་མོ་ཊ་ལས་སར་བབས་མ་ཐག “རླངས་འཁོར་སུས་ཡིན”ཟེར། ངས“གྲོགས་པོ་ཞིག་གི་ཡིན”ཞེས་བཤད།  ང་རང་སར་ཙོག་སྟེ་ཨ་ཕར“དོན་དག་གལ་ཆེན་ཅི་ཞིག་ཡོད་དམ”ཞེས་དྲིས་པ་ན། ཁོའི་གདོང་ལ་འཛུམ་ཞིག་ལངས་ཏེ“སྤྱིར་ན་ངས་ཁྱོད་རང་གཞུང་ཞབས་པ་ཞིག་ཏུ་གྱུར་ན་བསམས་མོད།  མིག་སྔར་གྱི་སྤྱི་ཚོགས་གནས་སྟངས་ལ་གཞིགས་ན་འདུན་མ་དེ་མངོན་དུ་འགྱུར་རྒྱུ་ཁག་པོ་རེད། ཡིན་ཡང་ཁྱོད་རང་འདི་ལྟར་འཁྱམས་ནས་བསྡད་ན་ངེད་ཕ་མ་གཉིས་ཀྱི་སེམས་ཀྱང་མི་བདེ་གི”ཟེར། ཁོས་སྐད་ཆ་དེ་བཤད་དུས་དེ་སྔོན་གྱི་ལེ་བདའི་ཉམས་དེ་དོར་ཏེ་གདོང་ན་བྱམས་བརྩེའི་ཉམས་ཤིག་མངོན་ཡོད། དེ་ནས་ང་རང་རེ་དོགས་ཀྱི་དབང་དུ་གྱུར་བ་མཐོང་ནས“ཁ་སང་ངའི་གྲོགས་པོ་ཞིག་ཡོང་ནས་ཁྱོད་རང་མག་པར་བསླངས་སོང་། ཁོས་བཤད་ན་ཕ་རོལ་བའི་ཁྱིམ་ཚང་ནི་ཁུལ་ཐོག་ཏུ་གཞིས་ཆགས་པ་དང་ཁྱིམ་གྱི་ཆ་རྐྱེན་བཟང་བ་མ་ཟད། བུ་མོ་ཡང་གཞུང་ཞབས་པ་ཞིག་ཡིན་རབས་ཟེར། ངས་བལྟས་ན་ཁྱོད་རང་དེ་ཚང་ལ་མག་པར་སོང་ན་འཚམས་པོར་འདུག”ཟེར།  དེ་མ་ཐག་ང་རང་གཏིང་ནས་དགོད་རྒྱུ་ཞིག་འོང་སྟེ“ང་རང་སྤྲང་བོར་གྱུར་ཡང་གཏན་ནས་མག་པར་མི་འགྲོ”ཞེས་ཁོང་ཁྲོ་དང་བཅས་ཡར་ལངས་ཏེ་ཕར་སོང་བ་ན། ཨ་ཕ་ཡང་ཁོང་ཁྲོ་ལངས་ཏེ“ཁྱོད་ཀྱི་ང་རྒྱལ་གྱི་མགོ་འཕང་དེ་ཇེ་དམའ་རུ་བཏང་ན་མི་ཆོག་གམ། ངས་ཀྱང་ཁྱོད་བསམས་པས་ཡིན། ད་རང་གིས་ཞིབ་འདང་རྒྱོབས”ཟེར།

        ངས་ཨ་ཕར་ཅི་ཡང་མ་བཤད་པར་ཕྱིར་མོ་ཊའི་ནང་དུ་འཛུལ་ཏེ་སྒོ་ཁྲོག་སེ་བརྒྱབ་པ་དང་། མོ་ཊའི་གློག་སྒོ་ཕྱེ་སྟེ་ཕྱིར་རྫོང་ཐོག་ཏུ་འགྲོ་བར་བརྩམས། སྐབས་དེར།  ངས་ཕྱིར་ལྟ་ཞིག་བྱས་པ་ན་ཨ་ཕའི་གདོང་ན་འུ་ཐུག་ཐབས་ཟད་ཀྱི་ཉམས་ཤིག་མངོན་འདུག དོན་ངོ་མར་ཨ་ཕར་ཡང་ཁག་མེད་དེ། ཆུང་དུས་སུ་ཁོ་བོའི་སྦྱངས་འབྲས་ལེགས་པས། ཨ་ཕས་ང་ནི་ཁྱིམ་ཚང་འདིའི་རེ་ལྟོས་བྱེད་སར་སྒོམ་ཡོད། ཨ་ཕ་རུ་ཡར་མར་ལ་འགྲོ་སྐབས་རྣམ་ཀུན་ཏུ་མི་གཞན་ལ་ངའི་སྦྱངས་འབྲས་དང་བྱ་དགའ་སོགས་ངོ་སྤྲོད་བྱས་ནས་རང་ཉིད་ཀྱི་བུ་ནི་འཇོན་ཐང་ལྡན་པར་སྙམ་གྱི་ཡོད།   ཡིན་ཡང་ངས་ཁོ་བོའི་འདུན་མ་ཆུང་ངུ་ཙམ་ཡང་མངོན་དུ་འགྱུར་མ་ཐུབ་པ་མ་ཟད། ད་དུང་ཁོ་ལ་སེམས་ཚེགས་དང་དཀའ་ལས་མང་དུ་གཏད་པར་བསམས་ན་སེམས་སུ་གནོང་འགྱོད་དང་ཕངས་སེམས་ཚད་མེད་སྐྱེས།  ཡིན་ཡང་ང་ནི་ག་དུས་ཡིན་ཀྱང་རང་གི་འདོད་ཕྱོགས་ལྟར་འཚོ་བ་སྐྱེལ་མཁན་ཞིག་ཡིན་པས།  མི་གཞན་གྱི་བཀའ་བཀོད་དང་ཁ་ཏ་ནི་རྣ་གཅིག་གིས་ཉན་ཏེ་རྣ་གཅིག་བཏང་བ་ཡིན། དེ་བས་ད་ཐེངས་ཀྱི་གནོང་འགྱོད་འདི་ཡང་ཁ་སང་གི་རྨི་ལམ་བཞིན་ཡལ་བར་འགྲོ་ངེས།

    རྒྱུ་མཚན་ཅི་ཡིན་མི་ཤེས།  ང་རང་ཕ་ཡུལ་དུ་སྡོད་པའི་དུས་ཡུན་ནི་ཤིན་ཏུ་ཐུང་མོད། ཡིན་ཡང་ང་རང་ཕ་ཡུལ་ཞེས་པ་འདི་ལ་ཇེ་སུན་ནས་ཇེ་སུན་རེད།  
     དེ་བས་ང་ནི་ངོས་གཉིས་སུ་གྱེས་ཡོད། ངོས་གཅིག་ནི་གཞན་ཡུལ་གྱི་ང་དང་ངོས་གཅིག་ནི་རང་ཡུལ་གྱི་ང་རེད།  རང་ཡུལ་གྱི་ང་ནི་འཐོམས་སྦྲིད་དང་གནོན་ཤུགས། གཏོལ་མེད། སྐྱོ་གདུང་།  ཁེར་རྐྱང་སོགས་ཀྱིས་དམ་པོར་འཆིང་ཡོད་པ་དང་། གཞན་ཡུལ་གྱི་ང་ནི་འཆར་ཡན་དང་དགའ་སྤྲོ།  རེ་ལྟོས་ཀྱིས་ཁེངས་ཡོད་པས་གཞན་ཡུལ་དུ་སྡོད་དུས་དུས་ཚོད་ནི་ཤིན་ཏུ་མགྱོགས་སྣང་འདུག 

     ང་རང་རྫོང་ཐོག་ཏུ་འབྱོར་རྗེས་ཁེར་རྐྱང་གི་ཚོར་བ་ཞིག་ངང་གིས་འཕེལ་བས་སུ་ཞིག་ལ་དུས་ཆད་བྱ་དགོས་སྙམ་པའི་སྐབས་ཏག་ཏག་ལ་བདེ་སྐྱིད་འཚོས་སྐད་འཕྲིན་ལས“ནུབ་ཇ་འཐུང”ཟེར།  
      ང་རང་ས་ག་ཟླ་བ་ཞེས་པའི་བོད་ཟས་ཁང་དེར་ཆས་ནས་མོར་སྒུག་ནས་བསྡད། ཅུང་ཙམ་ནས་མོ་རང་སླེབས་བྱུང་། མོས་ཀོ་ཁུག་ཆུང་ངུ་དེ་འབོལ་ཁྲིའི་སྟེང་ལ་འཇོག་བཞིན་མར་ཙོག་སྟེ“ཁྱོད་ལ་དགའ་རོགས་ཡོད་བཞག་ན། ང་ལ་ཁ་ཡ་མི་བྱེད་གཱ”ཟེར། ངས་མོར“སྐད་ཆ་དེ་ངས་ཁྱོད་ལ་བཤད་ན་འཚམས་པར་འདུག”ཅེས་བཤད་ན་འདོད་མོད།རེ་ཞིག་ཕྱིར་མིད་དེ“ཁྱོད་རང་བཟའ་ཚང་ཅན་ཞིག་ཡིན་པས། སྔོན་ཆད་ལྟར་དུས་ཆད་བྱ་བདེ་བོ་མི་འདུག”ཟེར་བ་ན། མོ་དགོད་བཞིན་དུ“བཟའ་ཚང་ནི་འཆིང་ཐག་ཅིག་རེད། དེས་བཅིངས་ཚར་དུས་ཁྱོད་ཉིད་ངོ་བོ་གཞན་ཞིག་ཏུ་བསྒྱུར་འདུག དེ་བས་ཁྱོས་གཉེན་མ་སྒྲིག ”ཟེར་བས་ངེད་གཉིས་ཐེངས་གཅིག་ལ་བགད། མོས་ནམ་རྒྱུན་ང་ལ་དུས་ཆད་མི་བྱ་མོད། དེ་རིང་བདེ་སྐྱིད་ལྷ་སར་སོང་བ་ན་མོས་ང་ལ་དུས་ཆད་བྱེད་དོན་ཅི་ཡིན་སྙམ་བཞིན“ཁྱོ་ག་ཁྲིད་མ་ཡོང་ངམ”ཟེར་བ་ན། མོ་འདང་རྒྱག་གི་ནང་དུ་ལྷུང་སོང་།

       སྤྱིར་ན་མོས་ཆང་ཁམ་གང་ཡང་མི་འཐུང་མོད། ངས་མོར་སྐད་ཆ་དེ་དྲིས་པ་ན།  མོས་ངའི་པི་ཙི་ལག་ཏུ་བླངས་ནས་འཕྲོ་རིམ་འཕྲོར་ཆང་དཀར་པི་ཙི་གསུམ་འཐུངས་སོང་།  ངས་ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་སྙམ་ནས་མོས་ཅི་བཤད་ལ་སྒུག་པའི་སྐབས་མོས“ཁྱོ་ག་དོན་དག་ཅིག་གི་སླད་དུ་ནང་ལོགས་སུ་བུད་སོང་བས། ངེད་གཉིས་ཀྱིས་སླར་ཡང་འདས་སོང་གི་ཚོར་བ་དེ་འཚོལ”ཟེར།

       དགོང་མོ་དེར། མོས་སྐྲ་ལོ་དཔྱངས་ཡོད་ལ་མིག་ཤེལ་ནག་པོ་ཞིག་བརྒྱབ་འདུག  མོས་མཚན་མོ་ཞིག་ལ་མིག་ཤེལ་བརྒྱབ་པ་ནི་རང་ཉིད་གཞན་གྱིས་ངོ་མི་ཤེས་སུ་འཇུག་ཆེད་ཡིན་ནམ།    གློག་འོད་ཁྲ་ཁྲའི་ཁྲོད་དུ་ངས་མོ་ལ་ལྟ་བཞིན་སློབ་ཆེན་གྱི་འཚོ་བ་དྲན་བྱུང་། ངེད་གཉིས་ཀྱི་ཁྱོད་དགའ་ང་དུང་གི་བརྩེ་དུང་གི་གཏམ་རྒྱུད་དག་ཀྱང་རེ་རེ་བཞིན་ཡིད་ལ་དྲན་པས།  ངས་མོ་ནི་ཁྱིམ་ཚང་ཞིག་གི་བདག་མོར་གྱུར་བ་ཡང་རྨང་ནས་བརྗེད་དེ་སླར་ཡང་འཇིག་རྟེན་སྣང་བ་བཤད།

       མཚན་དཀྱིལ་ཞིག་ལ། མོས་ང་རང་ཁྲིད་ནས་མགྲོན་ཁང་ཞིག་ཏུ་ཕྱིན།  མགྲོན་ཁང་དུ་ཐོན་མ་ཐག་མོས་ང་ལ་དམ་དུ་འཁྱུད་ནས་མོའི་ཆུང་ལ་སྙིང་རྗེ་བའི་ཁ་ཡིས་ང་ལ་མཆུ་སྦྱོར་བྱེད་ཅིང་མོའི་མཇམ་མཉེན་གྱི་ལག་པས་ངའི་ལྭ་བའི་སྒྲོག་གུ་རེ་རེ་བརྟོལ།
        དེ་ལྟར་ངེད་གཉིས་ཀྱིས་ཕོ་མོའི་འདོད་པའི་དགའ་སྟོན་ཡིད་ཚིམས་པ་ཞིག་རོལ་རྗེས་ཕན་ཚུན་ལ་དམ་དུ་འཁྱུད་ནས་བསྡད།
       མོས“ངའི་ཁྱོ་ག་དེ་ཕྱི་ནས་བལྟས་ན་མི་ཚད་ལྡན་ཞིག་གི་ཚུགས་ཀ་འདུག་མོད། དོན་དུ་ཁོ་རང་གཡོ་སྒྱུ་ལྡན་པའི་ཝ་མོ་ཞིག་རེད། གལ་ཏེ་བྱིས་པ་མེད་ཚེ། ངེད་གཉིས་གནའ་ནས་གཉེན་ཐོར་ཚར”ཟེར།
       “དངོས་པོ་གང་ཞིག་ཏུ་བདག་ཏུ་བཟུང་ཉིན་ནས་དངོས་པོ་དེའི་རིན་ཐང་མར་ཆགས་འགྲོ”
       “ངོ་མ་དེ་འདྲ་ཡིན་པ་འདྲ། དེང་ཐོག་ཁོ་ངའི་སྟེང་ལ་ཤིན་ཏུ་བཟང་མོད། བྱིས་པ་སྐྱེས་ཉིན་ནས་བཟུང་བྱ་བ་ཆུང་ངུ་ཙམ་གྱི་སླད་དུ་ཡང་ང་ལ་ཁ་རྩོད་དང་སྡིགས་དམོད་གཏོང་སྲིད། ང་རང་ཁོ་དང་འགྲོགས་པ་ངོ་མ་འགྱོད་པ་ཚད་མེད་སྐྱེས་གི  དེང་ཐོག་ངའི་སེམས་ལ་གདོན་ཞུགས་པ་འདྲ”
        “……”
      དགོང་མོ་དེར། ངས་འབད་པ་ཆེན་པོས་དེ་སྔོན་གྱི་ཚོར་བ་དེ་འཚོལ་བར་འབད་མོད། ངའི་སེམས་སུ་གནོང་འགྱོད་དང་ཕངས་སེམས་རབ་ཏུ་ལྕི་བས་ངལ་བ་འབྲས་མེད་དུ་གྱུར།
       མཚམས་ཤིག་ལ་མོ་ནི་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པར་ངའི་པང་དུ་རོ་ལྟར་ཉལ་འདུག་མོད་ང་རང་མཚན་གང་བོར་གཉིད་སྐྱིད་པོ་ཞིག་ཁུག་མ་བྱུང་།
       དགོང་མོ་དེར།  ངེད་གཉིས་ཀྱིས་ཕྱིན་ཆད་འགྲོ་འོང་མི་བྱེད་པའི་དམ་བཅས་པ་མ་ཟད། རང་གཞན་གཉིས་ཀྱི་སླད་དུ་སོ་སོའི་སྐད་འཕྲིན་དང་ཁ་པར་ཨང་གྲངས་སོགས་ཀྱང་བསུབས་པ་ཡིན།

       གཟའ་འཁོར་གཅིག་གི་རྗེས་སུ།  ང་རང་གཅིག་པུས་ཁུ་སིམ་མེར་གནས་པའི་ཁང་མིག་འདི་ནས་འབྲི་འཕྲོར་ལུས་པའི་བརྩམས་སྒྲུང་«ཡུགས་མོ་བདེ་སྐྱིད»ཅེས་པ་དེའི་མཇུག་སྐྱོང་མགོ་བརྩམས།   སྤྱིར་ན་བརྩམས་སྒྲུང་འདི་བློས་བསླངས་བྱས་ནས་དུས་ཡུན་རིང་བོ་འགོར་ཡོད་མོད། ད་བར་དུ་མཇུག་སྐྱོང་མ་ཐུབ། ད་ནི་བརྩམས་སྒྲུང་ནང་གི་མི་སྣ་དང་བྱུང་རིམ་དག་ཀྱང་མག་མོག་ཏུ་སྣང་བས། ངས་ས་རྡུལ་ཆགས་པའི་གློག་ཀླད་སྟེང་གི་རྡུལ་གཙང་མར་ཕྱིས་རྗེས་གཟབ་ནན་ངང་སྔར་བྲིས་ཟིན་པ་དག་བསྐྱར་དུ་བཀླགས་ནས་མཇུག་འབྲས་ཀྱི་ཐད་ལ་འདང་མང་ཙམ་བརྒྱབ་པ་ཡིན། ངས་ཡི་གེ་གཏགས་ཏེ་ཆུ་ཚོད་ཕྱེད་ཙམ་འགོར་བ་ན། ངའི་ལུས་ངལ་ཞིང་དུབ་པར་གྱུར་བས་ལག་པས་མིག་ཤེལ་ཡར་འདེད་ཙམ་བྱས་ཏེ་གླལ་སྒྱིང་ཞིག་བྱས་མ་ཐག  ཁ་པར་གྱི་སྒྲ་གྲགས་བྱུང་།  ངས་ཁ་པར་ཕྱོགས་སུ་བལྟས་པ་ན།  འཆར་ངོས་སུ་བདེ་སྐྱིད་ཅེས་པའི་ཡིག་འབྲུ་ཆེན་པོ་གཉིས་གསལ་ལེར་མངོན་འདུག  ངས་ཁ་པར་བླངས་པ་ན། མོས་འཇམ་པོའི་ངག་གིས“སྙིང་སྡུག    སང་ཉིན་ང་རང་ཕྱིར་ཡོང་རྩིས་ཡོད། ཁྱོད་ལ་དངོས་པོ་འདྲ་ཉོ་རྒྱུ་ཡོད་དམ”ཟེར། ངས“མེད། ང་ལ་ཁྱོད་ལས་ལྷག་པའི་དངོས་པོ་ཞིག་མི་དགོས” ཞེས་བཤད་པ་ན་མོས་དགོད་བཞིན་དུ“དེ་འདྲ་ཡིན་ཚེ།  ང་བསོད་ནམས་ཆེ་བ་ལ”ཟེར། ཁ་པར་བཏང་ཚར་རྗེས་ང་རང་བསམ་གཞིགས་ཀྱི་མཚོ་མོའི་ནང་དུ་ལྷུང་།   དོན་ངོ་མར་བཤད་ན།  ངས་ཉིན་འདི་དག་ལ་བརྩམས་སྒྲུང་ནང་གི་མི་སྣ་དེ་དག་གི་སླད་དུ་བསམ་གཞིགས་བྱས་པས་མོ་རང་གཏིང་ནས་བརྗེད་འདུག ཐ་ན་བདེ་སྐྱིད་འཚོ་དང་ལུས་འབྲེལ་བྱེད་དུས་ཀྱང་ངས་མོའི་ཕྱོགས་སུ་འདང་སྤུ་ཙམ་ཡང་མ་བརྒྱབ། ཡིན་ཡང་དེ་རིང་ངའི་ངག་ནས་འདི་ལྟར་ཐལ་བས་སེམས་སུ་གནོད་འགྱོད་ཆེན་པོ་སྐྱེས།   ངས་མོར་བཅངས་པའི་བརྩེ་དུང་ནི་དྭངས་གཙང་ལྷད་མེད་ཅིག་ཡིན་ནམ། རེ་ཞིག་ང་རང་སོམ་ཉིའི་དྲ་བར་ཚུད།

       དེ་སྔོན་མོས་ང་ལ“ཁྱོད་རང་རྩ་བ་ནས་འགྱུར་འདུག  གལ་སྲིད་ཅིག་ནས་འཕྲད་གྱུར་ན་ཡང་ངོ་ཤེས་རྒྱུ་མ་རེད”ཟེར་བ་དང་། ཡང་མོས“ང་རང་ཁྱོད་ཀྱི་བརྩམས་སྒྲུང་ལ་དགའ། ང་ནི་ཁྱོའི་ཧྥིན་སུ་ཡིན”ཟེར་བ་ལྟ་བུ། དེ་མིན་ངེད་གཉིས་ཆེས་ཐོག་མར་ལུས་འབྲེལ་བྱེད་སྐབས། མོས“ངས་སྔོན་ཆད་ཁྱོད་ཀྱི་པར་ལ་ཡང་ཡང་བལྟས་མྱོང་།  མ་ཟད་གལ་སྲིད་ཁྱོད་དང་འཕྲད་གྱུར་ན་ཁྱོད་ནི་པར་གྱི་སྟེང་གི་དེ་ལྟ་བུ་ཞིག་ཡིན་ནམ་སྙམ་པའི་སྟོང་འདང་མང་པོ་བརྒྱབ་མྱོང”ཟེར་བའི་སྐད་ཆ་འདི་དག་ལ་བརྟགས་ན་ང་ནི་མོའི་རྟོག་བཟོའི་ཁྲོད་ཀྱི་མི་སྣ་ལྟ་བུ་ཞིག་ལས་དེ་སྔོན་རང་གིས་སློབ་ཁྲིད་བྱས་མྱོང་སའི་སློབ་མ་དེ་ཡིན་པ་རྩ་བ་ནས་བརྗེད་འདུག ངས་མོའི་དཔེ་སྒྲོམ་སྟེང་བཞག་པའི་དེ་སྔོན་མོས་ང་ལ་གསབ་ཁྲིད་བྱེད་སྐབས་སུ་བླངས་པའི་མཉམ་པར་དེ་མཐོང་བ་ན་ཡིད་ལ་དོགས་མི་བདེ་བའི་ཚོར་བ་ཞིག་བྱུང་བས་ལག་པ་རྐྱོང་ཐེངས་ཤིག་ལ་མཉམ་པར་དེ་ལག་ཏུ་བླངས་ནས་ཤུགས་ཀྱིས་ཐང་ལ་བརྒྱབ་ཅིང་། སིལ་བུར་གས་པས་ཧྲུག་ཆག་ཏུ་གྱུར་བའི་པར་སྒྲོམ་དེ་གད་སྙིགས་སྣོད་དུ་འཕངས། ངས་ཇི་ལྟར་བསམ་ཡང་འདི་ནི་སྟབས་འགྲིག་དང་སྟེས་དབང་གི་བརྩེ་དུང་ཞིག་ལས་ལས་ཀྱིས་བསྐོས་པའི་བརྩེ་དུང་ཞིག་མིན་པ་འདྲ།  དགོང་མོ་དེར་ང་རང་ཆང་གིས་བཟི་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་བ་མིན་ཚེ། ངས་ནི་མོར་ཁ་སྐྱེངས་དགོས་པའི་སྦྱོར་བ་དེ་འདྲ་རྩོམ་མི་སྲིད། མོ་དང་ལུས་འབྲེལ་མ་བྱུང་སྔོན་ལ།  ངས་ནི་མོར་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལ་ད་ནི་བརྩི་མཐོང་དེ་ནི་བརྩེ་དུང་གི་ངོ་བོར་གྱུར་བ་འདི་ལས་དབང་གིས་ང་ལ་ཀུ་རེ་བརྩེས་པ་ཡིན་པ་འདྲ།  ཡིན་ཡང་འཇིག་རྟེན་ན་གལ་ཏེ་ཞེས་པ་ཞིག་མེད་པས་ངས་དངོས་ཡོད་འདི་ལ་ཨུ་ཚུགས་ཀྱིས་གདོང་མི་གཏོད་ཀ་མེད་རེད།

       བརྩམས་སྒྲུང་བྲིས་ནས་སུན་པར་གྱུར་ཚེ།  ངས་མོ་ཊ་བཏང་སྟེ་ཕྱི་རོལ་དུ་འཆམ་འཆམ་ལ་སོང་བ་ཡིན། མོ་ཊའིMP3གྱི་སྒྲ་གདངས་ཆེས་མཐོན་པོའི་སྟེང་ལ་བཞག་སྟེ་གཞས་གཏོང་ཞོར་རྣམ་གཡེང་བྱས་ན་སེམས་མི་སྐྱིད་པའི་དོན་དག་དེ་དག་གཏིང་བརྗེད་དུ་གྱུར་འགྲོ། མཚམས་ལན་རེར་བརྩམས་སྒྲུང་བྲིས་ཏེ་མཚན་གུང་སླེབས་པ་ན།  མོ་ཊ་བཏང་སྟེ་ཆང་ཁང་དུ་ཚོར་བ་བཙལ་དུ་སོང་བ་ཡིན། ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་ཀྱི་འོག་ཏུ་ཆ་མེད་ཀྱི་ངོ་གདོང་མང་པོ་འཚང་ཀ་ཤིག་ཤིག་བྱེད་ཅིང་པི་ཙི་དང་པི་ཙི་འཕྲད་པའི་སྐད་ཅིག་མར་སྤྲོ་སྐྱིད་ཀྱི་བཞེད་སྒྲ་སིང་སིང་སྒྲོག  ཆང་དྲི་ཁ་པོ་དང་དུ་བ་ཀྱ་ཀྱུ། གློག་འོད་མག་མོག གདོང་ལ་སྐག་བྱུགས་པའི་ཆང་མ། ར་བཟི་བའི་མགྲོན་པོ་དང་གཏམ་ཆལ་ཆོལ། དེ་དག་གིས་ངའི་བརྩམས་སྒྲུང་གི་བརྗོད་བྱའི་ཐད་ལ་སྔ་ན་མེད་པའི་བཀྲག་མདངས་ཤིག་བསྩལ་བྱུང་། བརྩམས་སྒྲུང་འདི་མཇུག་སྐྱོང་བའི་སླད་དུ་ངས་དུས་དེབ་དང་ཚགས་པར། བརྙན་འཕྲིན།  པོད་འཕྲིན་སོགས་ལས་འབྲེལ་ཡོད་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་པ་མ་ཟད། དག་ཡིག་གསར་བསྒྲིགས་དང་ཚིག་མཛོད་སོགས་ཕྱི་བསློགས་ནང་བསློགས་བྱས་ཏེ་ཐ་སྙད་ཀྱི་ཐད་ལ་བསམ་བློ་མང་པོ་བཏང་མྱོང་།  ངས་བརྩམས་སྒྲུང་འདི་བྲིས་ཚར་མ་ཐག་གྲོགས་པོ་སྒྲུང་གཏམ་པ་དེ་དང་བདེ་སྐྱིད་གཉིས་ལ་བསྐུར་བ་ཡིན།  བདེ་སྐྱིད་དང་མ་འཕྲད་པའི་གོང་རོལ་དུ། གྲོགས་པོ་སྒྲུང་གཏམ་པ་དེ་ནི་ངའི་བརྩམས་ཆོས་ཀྱི་ཀློག་པ་པོ་ཐོག་མ་ཡིན། ངས་བརྩམས་ཆོས་གང་ཞིག་བྲིས་ཚར་རྗེས་ཁོར་བསྐུར་སྲིད།  ཁོང་ལ་བརྩམས་སྒྲུང་ཐད་ཀྱི་ཤེས་བྱ་འཛོམས་པོ་འདུག་པས། ཁོང་གིས་གྲོགས་པོ་གཞན་པ་ཚོ་དང་འདྲ་བར “ཁྱོད་ཀྱིས་གོ་སླ་བའི་བརྩམས་སྒྲུང་བྲིས་ན་མི་ཆོག་གམ ”མི་ཟེར་བར་ངའི་བརྩམས་ཆོས་གང་དེ་དཀའ་ངལ་་མེད་པར་ལོངས་སུ་སྤྱོད་ཐུབ་པ་མ་ཟད། བརྩམས་ཆོས་གང་དེར་དྲང་ལྡོག་གཉིས་ནས་གདེང་འཇོག་གནང་སྲིད། ཡང་ཅིག་བཤད་ན་ང་ནི་རང་གི་བརྩམས་ཆོས་དག་དུས་དེབ་དང་ཚགས་པར་སྟེང་འགོད་ཨེ་འཐོབ་ལ་འབད་མཁན་དེའི་རིགས་མིན་ལ། དུས་དེབ་དང་ཚགས་པར་སྟེང་ལ་བཀོད་པའི་བརྩམས་ཆོས་དེ་དག་བརྩམས་ཆོས་ལེགས་གྲས་སུ་ཡང་འདོད་ཀྱིན་མེད།  ང་ནི་གཞན་གྱིས་གྲགས་ཅན་དང་རྩེ་གྲ་ཞེས་འོས་སྦྱོར་བྱས་པའི་བརྩམས་ཆོས་དག་བཀླག་པར་མི་སྤྲོ། ང་ནི་གཞན་གྱིས་སྣང་མེད་དུ་བསྐྱུར་བའི་རྩོམ་པ་པོ་དང་བརྩམས་ཆོས་ལ་དོ་སྣང་བླ་ལྷག་བྱེད་མཁན་ཞིག་ཡིན། ངས་རྩོམ་གྲོགས་ཚོ་དང་ལྷན་དུ་ཁ་བརྡ་བྱེད་དུས་ཁོ་ཚོས་ངས་བཤད་ཀྱིན་པའི་རྩོམ་པ་པོ་དང་བརྩམས་ཆོས་དེ་དག་ནི་གསང་བ་ལྐོག་གྱུར་ཞིག་ཏུ་འདོད་དེ“ཁྱོད་ཀྱི་བརྩམས་བཀླགས་ན་ཧ་ལས་པར་ཡག་སྣང་འདུག ཡིན་ཡང་ཁྱོད་དང་ཁ་བརྡ་བྱས་ན་ང་ཚོའི་བར་ན་གླེང་དུ་རི་བའི་བརྗོད་གཞི་མི་འདུག”ཅེས་ངའི་དཔེ་ཀློག་གི་ཁ་ཕྱོགས་ལ་ཟུར་ཟ་བྱེད་པ་ནི་རྒྱུན་འབྱམས་སུ་གྱུར།  ཡིན་ཡང་ངས་དེ་ཙམ་ལ་དམིགས་ནས་རང་གི་དཔེ་ཀློག་གི་ཁ་ཕྱོགས་དང་དམིགས་འབེན་ལ་འགྱུར་བ་བཏང་མ་མྱོང་ལ། གཏོང་འདོད་ཀྱང་ཡེ་ནས་མི་འདུག  

       “དཀོན་མཆོག་ལགས། ཡང་ཉིད་ཀྱིས་འཇིག་རྟེན་འདིར་འཆི་རྒྱུ་མེད་པའི་མི་འགའ་ཁྲིད་ཡོང་བར་རྟེན་འབྲེལ་ཞུ། ཅུང་ཙམ་ནས་ང་རང་ཁྱོད་ཀྱིས་རྟོག་བཟོ་བྱས་པའི་འཇིག་རྟེན་ལ་ལྗོངས་རྒྱུ་འགྲོ།”ཞེས་བསྐུར་བ་དང་ལྷན་དུ་མོ་རང་གི་གཟུགས་ཀྱིས་བཟོས་པའི་འོ་བྱེད་པའི་འགུལ་བརྙན་ཞིག་ཀྱང་བསྐུར་བྱུང་།
 
       ངེད་གཉིས་ཐོག་མར་ཐུག་དུས་མོས“རྩོམ་པ་པོ་རྣམས་ནི་དཀོན་མཆོག་ཡིན། ཡིན་ཡང་དཀོན་མཆོག་གིས་བཟོས་པའི་མི་ནི་འཆི་རྒྱུ་ཡོད་མོད། རྩོམ་པ་པོས་བཟོས་པའི་མི་ནི་འཆི་རྒྱུ་མེད། དེ་བས་རྩོམ་པ་པོ་རྣམས་ནི་དཀོན་མཆོག་ལས་ཀྱང་རླབས་ཆེན་རེད་ཨང”ཞེས་ང་ལ་ཀྱལ་ཀ་བརྩེས་མྱོང་།  དེ་བས་མོས་ད་ཐེངས་ཀྱང་ང་ལ་དཀོན་མཆོག་ཅེས་བསྔགས་བརྗོད་གནང་བཞིན་པ་མིན་ནམ།
 

6
 
        ཕྱི་ཉིན།  གང་རང་སྔ་མོར་ཡར་ལངས་ཤིང་མོ་ཊ་བཏང་སྟེ་གནམ་ཐང་དུ་མོ་བསུ་རུ་སོང་།  ང་རང་གནམ་ཐང་དུ་སླེབས་པ་ན།  ཚ་ལམ་མེར་ཤར་བའི་ཉི་འོད་ཀྱིས་ང་རང་མོ་ཊ་ལས་སྡོད་མི་ཚུགས་པར་བཏང་བས་ངས་ཉི་གདུགས་ནག་པོ་དེ་ཁྱེར་ནས་སྤང་ཐང་དུ་སོང་།  ང་རང་སྤང་ཐང་དུ་ཙོག་སྟེ་རི་ཆུའི་མཛེས་ལྗོངས་ལ་གཡེང་ནས་སྡོད་པའི་སྐབས་ཏག་ཏག་ལ།  ངའི་ཐོས་འཛིན་གྱི་བུ་གར་གནམ་གྲུ་ཡོང་བའི་ལྡིར་སྒྲ་ཇེ་ནས་ཇེ་ཆེར་གྱུར། ངས་ལྡིར་སྒྲའི་ཕྱོགས་སུ་བལྟས་པ་ན་གནམ་གྲུ་ཚུར་འཕུར་ཡོང་གི་འདུག  ང་རང་འཕྲལ་མར་ཡར་ལངས་ཏེ་མགྲོན་པོ་ཕྱིར་འབུད་སའི་སྒོའི་ཕྱོགས་སུ་ཆས་ཏེ་མོ་ཡོང་བར་སྒུག་ནས་བསྡད།

        གནམ་གྲུ་ལས་མི་ཚོགས་མང་པོ་གཅིག་རྗེས་གཉིས་མཐུད་དུ་མར་བབས་ཏེ་སྟར་ཕྲེང་སྒྲིག་བཞིན་ཚུར་ཡོང་བ་མཐོང་།  ངས་མིག་ཟུང་རིག་རིག་གིས་བདེ་སྐྱིད་ཨེ་མཐོང་ལ་བལྟས་པ་ན།  མི་ཚོགས་ཀྱི་འཚང་ཀའི་བར་ནས་བདེ་སྐྱིད་ཀྱིས་འདྲུད་སྒམ་ཞིག་དྲུད་དེ་ཚུར་འོང་གིན་འདུག ཉི་འོད་ཀྱི་འོག་ཏུ། མོས་མིག་ཤེལ་ནག་པོ་ཞིག་བརྒྱབ་འདུག་ཅིང་རྒྱབ་ལ་ཕྱུ་པ་སྔོན་པོ་ཞིག་གྱོན་ཡོད། རྐང་ལ་རྟིང་ལྷམ་དམར་པོ་ཞིག་གྱོན་འདུག  མོའི་སེར་པོར་བསྒྱུར་བའི་སྐྲ་ལོ་དེ་བསིལ་རླུང་གིས་ཕར་གཡོ་ཚུར་གཡོ་བྱེད་ཅིང་གོམ་པའི་འདེགས་འཇོག་ནི་དལ་ལྷོད་རན་པ་ཞིག་ཡིན་པས་སྟངས་སྟབས་དེ་ཇི་འདྲའི་ཡི་གར་འོང་བ་ཞིག་རེད་ཨང་།
 
      མོས་ང་རང་མཐོང་བ་ན།  གདོང་ལ་འཛུམ་གྱིས་ཁེངས་བཞིན“རེ་སྒུག་ནི་བདེ་སྐྱིད་ཅིག”ཟེར། སྐབས་དེར་ངའི་འགྲམ་ན་མི་མང་པོ་ཡོད་པས་ང་རང་ངོ་ཚ་སྟེ་མོའི་ལག་གི་འདྲུད་སྒམ་བླངས་ཏེ་མོ་ཊའི་ཕྱོགས་སུ་སོང་།  
 
     ངེད་གཉིས་མོ་ཊའི་ནང་དུ་བསྡད་པ་ན།  མོས་མིག་ཤེལ་བླངས་ཏེ་སེམས་ཆུང་གིས་ང་ལ་འོ་ཞིག་བྱས་སོང་། སྐབས་དེར་ངས་ཀྱང་མོ་ལ་བསྟུན་ཐབས་ཀྱིས་མོའི་ཐོད་པར་འོ་ཞིག་བྱས་ཏེ“དེ་རིང་ཁྱོད་ཧ་ཅང་ཡག་པོ་འདུག”ཅེས་ཁ་ནས་ཤོར་ལ་ཁད་བྱས་མོད། ཚབ་ཏུ“ཁྱོད་རང་སྙིང་རྗོ་བོ་འདུག”ཅེས་བཤད་པ་ན། མོ་རང་བགད་བྱུང་། མོ་དགོད་པ་ནི་ཅི་འདྲའི་དྭངས་གཙང་ཞིག་རེད་ཨང་། ངས་ཁོ་མོའི་འདས་སོང་གི་ལོ་རྒྱུས་མི་ཤེས་མོད། ཡིན་ཡང་མོས་ང་ལ་བཅངས་པའི་སེམས་པ་རྣམ་དག་ཡིན་པར་ང་རང་ཡིད་ཆེས་ཆེན་པོ་འདུག
 
     མོས“དེ་རིང་གནམ་གཤིས་བཟང་བས་ངེད་གཉིས་རྩྭ་ཐང་སྟེང་དུ་པར་རྒྱག་གི་འགྲོ”ཟེར། ངས་ཀྱང་ཨུ་ཚུགས་མ་བྱས་པས་མོ་ཊ་ལས་བུད་དེ་རྩྭ་ཐང་སྟེང་དུ་ཆས།  རྩྭ་ཐང་སྟེང་ནས་ངས་མོར་ཟུར་མི་འདྲ་བའི་པར་མང་པོ་བརྒྱབ་པ་ན། མོས་པར་དག་ལ་བལྟས་རྗེས་ཡིད་ཚིམས་པའི་ཉམས་ཀྱིས“ཁྱོད་ཀྱི་པར་རྩལ་བཟང་གི”ཟེར།

     ངེད་གཉིས་མོའི་ཁྱིམ་དུ་སླེབས་པ་ན།  མོས་ང་རང་འབོལ་ཁྲིའི་སྟེང་ཙོག་ཟེར།  ང་རང་མར་ཙོག་པ་ན།  མོས“མིག་གཉིས་ཚུམས”ཟེར། ངས་མོས་བཤད་པ་ལྟར་མིག་གཉིས་བཙུམས་པ་ན།  མོས་འདྲུད་སྒམ་གྱི་ཁ་ཕྱེས་ཏེ་དངོས་པོ་མང་པོ་ཡར་སློག་མར་སློག་བྱས་རྗེས་ངའི་གམ་དུ་ཡོང་སྟེ་ངའི་སྐེ་ལ་ཕྲེང་བ་ཞིག་བསྐོན་པ་དང་ལག་གཡོན་པར་ལག་འདོགས་ཆུ་ཚོད་ཅིག་བཏགས་སོང་། དེ་ནས“མིག་ཕྱེ”ཟེར།   ངས་དེ་མ་ཐག་མིག་ཟུང་ཕྱེ་བ་ན།  ངའི་སྐེ་ན་ཙན་དན་ཕྲེང་བ་ཞིག་དང་ལག་མགོར་མཚོན་རྟགས་ཨིན་ཡིག་ཅན་གྱི་ལག་འདོགས་ཆུ་ཚོད་སེར་པོ་ཞིག་སེར་ལམ་མེར་སྣང་།  མོས་ཤིན་ཏུ་འཇམ་པའི་ངག་གིས“ཕྲེང་བ་ནི་གོང་ཆེན་ཞིག་མིན་རུང་།  ཇོ་བོའི་མདུན་ལ་དྲུད་ཡོད་པས་བགེགས་དང་བར་ཆད་སེལ་ངེས”ཟེར།  རེ་ཞིག་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་བྱུང་།

     བྱ་བ་ཞིག་གི་དབང་གིས་ང་རང་ཉིན་འདི་ཚོར་ཡུལ་ལ་ལོག་དགོས་སོང་། ང་རང་ཕ་ཡུལ་ན་སོས་དལ་ངང་ཉི་མར་ལྡེ་བའི་སྐབས་ཤིག་ལ།  མོས་ང་རང་སྐད་འཕྲིན་ལས་སྙན་ངག་ཅིག་བསྐུར་བྱུང་།  
            

འུ་གཉིས་ཡི་གེའི་འཇིག་རྟེན་ནས་འཕྲད་འོས།
                           
ངོ་མི་ཤེས་པའི་མི་ལགས།
ཁྱོད་རང་ངའི་ཉེ་སར་གཅར་མ་ཡོང་རོགས།
ང་དང་གློ་ཉེ་བ་དག
ད་ལྟ། ང་དང་བར་ཐག་ཇེ་རིང་རེད།
ནམ་ཞིག ཁྱོད་ཀྱང་ཁོ་ཚོ་ནང་བཞིན།
ང་དང་རྒྱང་དུ་བཀྱེད་འགྲོ་བར་ཤིན་ཏུ་སྐྲག
 
ཡི་གེས་བརྩིགས་པའི་སྒྱུ་མའི་ཕོ་བྲང་།
འུ་ཚོ་ཁོ་ནར་དབང་བའི་རང་དབང་གི་འཇིག་རྟེན།
ཐ་སྙད་ཀྱི་གཙུབ་བརྡར་བར་ན།
མཛའ་མཐུན་གྱི་མེ་ཏོག་བཞད།
དབྱངས་གསལ་གྱི་སྦྱོར་ཀློག་བར་ན།
བརྩེ་འདང་གི་ཆུ་རྒྱུན་བཞུར།
འུ་ཚོས་རང་རང་ས་ནས།
སེམས་རྣལ་ལ་ཕབ་སྟེ།
སོ་སོའི་སེམས་སྒྲ་ལ་ཉན་ཆོག་ཨང་།
 
      སྙན་ངག་འདི་བཀླགས་རྗེས་ངས“མི་ཆོག  འུ་གཉིས་ནམ་ཡང་མངོན་སུམ་གྱི་འཇིག་རྟེན་ནས་འཕྲད་དགོས”ཞེས་གཏགས་ཏེ་མོར་བསྐུར་བ་ན། མོས་ལན་བཏབ་མ་བྱུང་།
       ཅུང་ཙམ་ནས་མོས“ངས་དྲང་མོར་བཤད་ནི་ཡིན།  ད་ནས་བཟུང་ཁྱོད་རང་ང་འཚོལ་དུ་མ་ཡོང་། བདེ་མོ།” ཞེས་བསྐུར་བྱུང་།
       ངས་མོར“རྒྱུ་མཚན་ཅིའི་ཕྱིར”ཟེར་བ་ན། མོས་ང་རང་མིང་ནག་ནང་འཕངས་འདུག  གློ་རྡེག་ལ་ང་རང་ཧ་ལས་ཧ་སང་བར་གྱུར། ངས་མོར་ཁ་པར་བཏང་ཡང་ཁ་པར་ཡང་མིང་ནག་ནང་འཕངས་འདུག ངས་འདི་ནི་རྨི་ལམ་ཞིག་རེད་སྙམ་ནས་གྱང་ངོར་ཁུ་ཚུར་ཞིག་གཞུས་པ་ན། འདི་ནི་རྨི་ལམ་ལྟ་བུའི་མངོན་སུམ་ཞིག་ཡིན་འདུག
 ཉིན་དེར། ང་རང་མོ་འཚོལ་དུ་སོང་བ་ན། མོ་རང་སྐྱེས་པ་ཞིག་དང་ལྷན་དུ་སྒོར་སླེབས་བྱུང་། སྐབས་དེར་མོས་ལག་ཏུ་ཕྲུ་གུ་ཞིག་ཀྱང་པང་འདུག སྐྱེས་པ་དེ་ནི་ཧ་ལམ་ལོ་བཞི་བཅུ་ཡས་མས་ཤིག་རེད། མོ་དང་སྐྱེས་པ་དེ་གཉིས་ཀྱིས་ཡུན་རིང་ལ་ཁ་བརྡ་བྱས་སོང་། སྐྱེས་པ་དེས་སྐད་ཆ་བཤད་དུས་མཚམས་རེར་མགོ་བོ་གཡུག་པ་དང་མཚམས་རེར་ལག་པས་རླངས་འཁོར་གྱི་སྟེང་ལ་རྒྱག  ཡང་མཚམས་རེར་ལག་པས་མགོ་སྐྱོར་བཞིན་འདུག ཚུལ་དེ་ལ་བལྟས་ན་དེ་གཉིས་ཀྱིས་ཁ་རྩོད་བྱེད་བཞིན་པ་འདྲ། མཐར་མོ་རང་འཐད་ལ་མི་འཐད་པའི་ངང་ནས་རླངས་འཁོར་དེའི་ནང་ལ་བསྡད་དེ་ཕར་ལ་སོང་།

       ཉིན་འགའ་འགོར་རྗེས།  ང་རང་ཡང་བསྐྱར་མོ་ལ་བལྟ་རུ་སོང་བ་ན། ཁང་པའི་སྒོར་ཟྭ་བརྒྱབ་འདུག  ང་རང་ཐབས་ཟད་དེ་སྒོ་སྲུང་གི་གམ་ལ་གནས་ཚུལ་འདྲི་རུ་སོང་།
        “སྒོ་སྲུང་ལགས། A308ནང་གི་བུ་མོ་དེ་གང་ལ་བུད་ཐལ།”
      “ཁྱོད་མོའི་ཅི་ཞིག་ཡིན།”
      “ང་མོའི་སློབ་མ་ཡིན། ངའི་ཁ་ནས་དེ་ལྟར་ཤོར།”
        “མོ་རང་གནས་སྤར་སོང་།”
      “གང་དུ་སྤར་བ་ཤེས་སམ།”
       “ མ་ཤེས།”
       “ འོ་ན། མོ་དང་འགྲོགས་པའི་སྐྱེས་པ་དེ་སུ་རེད། ཁོས་གང་ན་བྱ་བ་གཉེར་གྱི་ཡོད།”
       “ཁྱོད་རང་ཉེན་རྟོགས་པ་མ་རེད་མོད། འདྲི་རྒྱུ་མ་མང་། ཕར་སོང” ཁོས་དྲ་མའི་སྒོ་གཏན།
        ང་རང་སྐུབ་སྟེགས་རིང་བོ་ཞིག་ཡོད་པ་དེར་ཙོག་སྟེ་དུ་བ་འཐེན་ནས་སྡོད་སྐབས། ངའི་ཡིད་ལ་མེ་ཏོག་འཁོར་བྱུང་། མོས་ད་གཟོད་བདེ་སྐྱིད་གང་དུ་ཡོད་པ་ཤེས་ཀྱི་རེད་སྙམ། དེ་མུར་ངས་མོར་སྐད་འཕྲིན་ལས་སྐད་བཞག
        “ཁྱོད་རང་དྲ་ལམ་ན་ཨི་ཡོད།”
       “ ཡོད།”
       “ ཁྱོད་ཀྱིས་བདེ་སྐྱིད་གང་དུ་སོང་མིན་ཤེས་སམ།”
       “ མོས་ཁྱོད་ལ་གར་འགྲོ་མ་བཤད་དམ།”
       “ བཤད་མ་སོང་།”
      “བདེ་སྐྱིད་ཧྥ་རན་སི་ལ་བུད་སོང་།”
       “སུ་དང་འགྲོགས་ནས།”
     “དེ་གསལ་བོ་མ་ཤེས།”མོས་ཞོར་ནས་ང་ལ་བདེ་སྐྱིད་ཧྥ་རན་སའི་འཕགས་མའི་ལྷ་ཁང་གི་མདུན་ན་ལངས་པའི་པར་ཞིག་བསྐུར་བྱུང་།
       མོ་རང་ཧྤ་རན་སི་ལ་བུད་སོང་ཟེར་དུས་ངས་བདེན་པར་འདོད། ཉིན་ཞིག  ངེད་གཉིས་མཉམ་དུ་ཉལ་དུས་མོས་ངའི་པང་དུ་མགོ་བོ་བཞག་སྟེ།  “ཁྱོད་རང་ཆེས་འགྲོ་ན་འདོད་པའི་རྒྱལ་ཁབ་དེ་གང་ཡིན”ཞེས་འདྲི་དུས་ངས་མོར    “ཧྥ་རན་སི་རེད”ཅེས་ལན་བཏབས། མོས“རྒྱུ་མཚན་ཅི་ཡིན”ཟེར། ངས   “ཧྥ་རན་སི་ནི་སྒྱུ་རྩལ་གྱི་ཕ་ས་ཡིན་པས་སོ”ཞེས་བཤད་པ་ན། མོས་ཤིན་ཏུ་རྟོགས་དཀའ་བའི་གབ་ཚིག་ཅིག་གི་གབ་ལན་རྙེད་པ་ལྟར།       “འུ་གཉིས་ཀྱི་འདོད་ཚུལ་གཅིག་པ་གཅིག་རྐྱང་རེད། འཇིག་རྟེན་འདིར་ཁྱོད་ནི་ད་གཟོད་ང་དང་སེམས་ཐག་ཆེས་ཉེ་བའི་མོ་དེ་རེད”ཟེར་ཞོར་ང་ལ་འཐམ་བྱུང་།
       ད་ལྟ་ངའི་ཡིད་ལ་དྲན་པ་ནི་མོའི་མཁྲང་ཟླུམ་གྱི་ནུ་མ་དེ་གཉིས་མིན་པར་མོས་ང་རང་ཁུ་སིམ་མེར་བསྐྱུར་འགྲོ་བའི་རྣམ་འགྱུར་འཁྱག་པོ་དེ་རེད།
 
       
 ཉིན་དེའི་དགོང་མོར་ང་རང་དམིགས་ཡུལ་མེད་པར་སྲང་ན་ཉུལ་བའི་སྐབས་ཏག་ཏག་ལ་གྲོགས་པོ་ཉེན་རྟོག་པ་དེས་ཁ་པར་བརྒྱབ་སྟེ་ཁོ་ཡོད་སར་ཤོག་ཟེར་བས་ང་དེར་སོང་། ཁོ་ནི་ངའི་སློབ་ཆེན་སློབ་གྲོགས་ཡིན།  ཟླ་རེར་ཟླ་ཕོགས་སྒོར་ཆིག་སྟོང་ལྔ་རྒྱ་མ་གཏོགས་མེད། ངའི་གྲོགས་པོ་ཚོས་ཁོར“ཉེན་རྟོག་པ་རྫུན་མ”ཞེས་འབོད་སྲིད། དེང་ཐོག་དེ་ལྟར་བོས་ན་ཁོ་རང་ཁོང་ཁྲོ་གཏིང་ནས་ལངས་མོད། ད་ནི་ཁོ་ལ་མཚོན་ན་ཡང་རྒྱུན་ལྡན་དུ་གྱུར་ཡོད། སྣང་ཚུལ་དེ་ནི་ན་ནིང་ངས་ཚབ་ཁྲིད་དགེ་རྒན་བྱེད་དུས་གྲོགས་པོ་ཚོ་དང་སློབ་མ་ཚོས་ལྐོག་ནས་ང་ལ“དགེ་རྒན་རྫུན་མ”ཞེས་འབོད་པ་འདྲ། དེང་ཐོག་ང་ཡང་རང་གི་མི་གཞི་དང་རྩིས་ཐང་ལ་དམའ་ཕབ་སོང་སྙམ་སྟེ་ཁོང་ཁྲོ་ལངས་མོད། རིམ་བཞིན་དེ་ཡང་གོམས་ལོབས་སུ་གྱུར།
    ང་རང་ཆང་ཁང་དུ་ཐོན་མ་ཐག  ཅོག་ཙེའི་སྟེང་དུ་ཝུ་ཆང་གི་དམ་བུ་མང་པོ་བསྒྲིགས་འདུག་པ་དང་། ཁོའི་གཡས་གཡོན་དུ་མཛེས་མ་གཉིས་ཀྱང་དུག་སྦྲུལ་བཞིན་འཁྱུད་ནས་ཡོད།
     གློག་འོད་མག་མོག་དེའི་འོག་ཏུ། ཁོས་ང་ཡོང་བ་མཐོང་འཕྲལ་གདོང་ལ་འཛུམ་ཞིག་ལངས་ཏེ“དེ་རིང་ངོ་མདོག་མི་བཟང་གི  སེམས་ཁམས་མི་སྐྱིད་པ་ཡིན་ནམ”ཟེར།  ངས“མིན”ཞེས་ལན་འདེབས་བཞིན་ཁོག་སྟོད་ཕུད་དེ་འགྲམ་གྱི་འབོལ་ཁྲིའི་སྟེང་བཞག
    “དེ་རིང་། ཁྱོད་ཡོང་བ་འཕྱི་བས་དམ་བེ་གཅིག་ཞབས་དག་རྒྱོབས། འདི་ཆད་པ་ཡིན”ཟེར་བཞིན་དམ་བེ་གཅིག་ང་ལ་གཏད།  ངས་ཀྱང་ཡིན་མདོག་གིས་ཁོས་སྟེར་བའི་དམ་བེ་ལག་ཏུ་བཟུང་སྟེ་དབུགས་ཐེངས་གཅིག་གིས་འཐུངས་ཚར་བ་ན། ཁོས“ཆང་འཐུང་ཟེར་བ་རེད”ཅེས་ང་ལ་མཐེ་བོང་བསྟན།

      ཁོས་འགྲམ་གྱི་རྒྱ་མོ་སྐྲ་རིང་བོ་ཅན་དེ་ལ་མིག་བརྡ་ཙམ་བསྟན་པ་ན་རྒྱ་མོ་དེ་ངའི་འགྲམ་དུ་སླེབས་བྱུང་།  རྒྱ་མོས་གསར་དུ་ཝུ་ཆང་དམ་བེ་འགའི་ཁ་ཕྱེས་རྗེས་སྨྲ་བ་མེད་པར་ངའི་འགྲམ་ནས་བསྡད།  ཁོ་མོས་ངའི་སྐྱོ་གདུང་གིས་ཁེངས་པའི་ངོ་གདོང་མཐོང་བ་ན་ཀུ་རེའི་ཚུལ་དུ“དགའ་རོགས་དང་འགལ་སོང་བ་ཡིན་ནམ”ཟེར། ངས“མིན”ཞེས་ལན་བཏབས། དེ་ནས་གྲོགས་པོ་ཉེན་རྟོག་པས་ཀྱང“དབྱར་རྩྭའི་མར་རྩ་བརྡིབས་སོང་བ་ཡིན་ནམ། ངོ་དེ་འདྲ་ཤོར་དོན་ཅི་ཡིན”ཞེས་གཏིང་འདྲི་བྱས།  ཡིན་ཡང་ངས་མིན་པའི་བརྡ་རུ་མགོ་བོ་གཡུགས་པ་ཡིན།

      ངས་མུ་མཐུད་དུ་འགྲམ་གྱི་རྒྱ་མོ་དེར་ཝུ་ཆང་ཞབས་དག་བྱེད་པའི་བར་གླགས་ལ། གྲོགས་པོར་བལྟས་པ་ན། གྲོགས་པོས་རྒྱ་མོ་དེར་མཚམས་རེར་ཞབས་དག་བྱེད་ཅིང་མཚམས་རེར་འོ་ཆུང་ངུ་རེ་བྱེད། ཡིན་ཡང་མོའི་ཕྲ་ཆུང་གི་མིག་ཟུང་གིས་ངའི་ལག་འདོགས་ཆུ་ཚོད་ལ་ཅེར་འདུག  སྣང་ཚུལ་དེས་གྲོགས་པོ་ཡང་མི་བདེ་བར་བཏང་བས་ཁོས་རྒྱ་སྐད་ཀྱིས“ངའི་གྲོགས་པོའི་སྟེང་ན་གསེར་འོད་འཕྲོ་བ་ཡིན་ནམ”ཟེར། རྒྱ་མོས“འོ་ལེ། ཁྱོད་ཀྱི་གྲོགས་པོའི་ལག་འདོགས་ཆུ་ཚོད་དེ་རང་ག་བ་ཞིག་མ་རེད”ཟེར། སྐབས་དེར། གྲོགས་པོས་ཀྱང་ཡིན་མདོག་གིས“དེ་རང་ག་བ་ཞིག་ག་ལ་ཡིན། ཨ་སྒོར་སྟོང་གཅིག་བྱིན་ནས་ཉོས་པ་རེད”ཅེས་ཀུ་རེ་བརྩེས། དེ་ནས་ང་ཚོ་ཚང་མས་ལྷན་དུ་ཞབས་དག་ཐེངས་གཅིག་བརྒྱབ་པ་ཡིན།
   ངས་ཁོ་རང་བསྐྱོར་ཏེ་ཆང་ཁང་ལས་ཕྱིར་འབུད་པ་རྩོམ་པ་ན། ནུབ་ལྭ་གྱོན་པའི་ཞབས་ཞུ་མ་ཞིག་ཚུར་རྒྱུག་ཡོང་སྟེ་“ཁྱེད་གཉིས་ཀྱིས་ཆང་རིན་སྤྲད་མ་སོང”ཟེར།
     ངས་གྲོགས་པོ་ཉེན་རྟོག་པར་ཆང་རིན་སྤྲོད་དགོས་པའི་སྐུལ་མ་བཏང་ཡང་ཁོ་རང་བཟི་ནས་ཁྱི་རུ་གྱུར་འདུག ངས་ཁོའི་གློ་ཁུག་ཚང་མ་ཕྱི་སློག་ནང་སློག་བྱས་ཀྱང་སྒོར་བརྒྱ་ཤོག་གཅིག་ལས་མི་འདུག
        ངས་ཞབས་ཞུ་མ་དེར་སྒོར་ག་ཚོད་དགོས་གི་ཞེས་དྲིས་པ་ན།
         “སུམ་སྟོང་དང་ཉིས་བརྒྱ”མོས་འཛིན་ཤོག་ངར་ཚུར་བསྟན།
         ངས་རང་གི་གློ་ཁུག་ཀྱང་ཕྱི་སློག་ནང་སློག་བྱས་ཀྱང་སྒོང་ཉིས་བརྒྱ་ལས་མི་འདུག
         ངས“སྒོར་མོས་མི་འདང་གི སང་ཉིན་སྟེར་ཆོག་གམ”ཟེར་བ་ན།
            མོས“མི་ཆོག  ཡང་མིན་ན་དངོས་པོ་འདྲ་གཏའ་མར་འཇོག་དགོས”ཟེར།  སྐབས་དེར་ནུབ་ལྭ་གྱོན་པའི་བདེ་སྲུང་བ་འགའ་ཡང་ཚུར་སླེབས་བྱུང་།
   ངས་རང་གི་རབས་པ་བདུན་པའི་ཀུ་ཤུ་ཁ་པར་ཁོ་ཚོར་བསྟན་པ་ན། ཁོ་ཚོས་མི་ཆོག་པའི་མགོ་བོ་གཡུག་བྱུང་།

         སྐབས་དེར། བདེ་སྲུང་བ་གཅིག་གིས་ངའི་ལག་འདོགས་ཆུ་ཚོད་མཐོང་བས“ཁྱོའི་ལག་འདོགས་ཚུ་ཚོད་འདིས་གཏའ་མ་བྱ་ཆོག”ཟེར་བས་ང་ཡང་ཐབས་ཟད་དེ་ལག་འདོགས་ཆུ་ཚོད་ཁོ་ཚོའི་ལག་ཏུ་གཏད།
     ང་རང་མར་ཡོང་ཁར། རྣ་ལམ་དུ“ཁྱོད་ཀྱི་གྲོགས་པོའི་ལག་འདོགས་ཆུ་ཚོད་དེ་རྩ་ཆེན་ཞིག་རེད”ཅེས་པའི་སྐད་ཆ་དེ་ཡང་ཡང་དུ་ཐོས།
       ནངས་དུས་གཉིད་ལས་སད་མ་ཐག  མགོ་ན་ཞིང་རིག་ལམ་མག་མོག་ཏུ་སྣང་།
       གྲོགས་པོས་“ཆང་རིན་ཁྱོས་རྩིས་བརྒྱབ་པ་ཡིན་ནམ”ཟེར།
       ངས“འོ་ལེ”ཞེས་བཤད་པ་ན།
       “ཁྱོད་ལ་སྒོར་མོ་མེད་པ་མིན་ནམ”ཟེར།  ཁོ་རང་ཡ་མཚན་པའི་ངང་ནས།
       “ངས་ཆུ་ཚོད་གཏའ་མར་བཞག་པ་ཡིན།”
       “ཧ་ཧ། ཁྱོའི་ཆུ་ཚོད་དེ་སྒོར་ཉིས་བརྒྱ་ཁུག་རྒྱུ་མ་རེད། དེ་ག་ནས་སྐྱུར་ཞོག”
         སྐབས་དེར། ངའི་ཡིད་ལ་མདང་གི་རྒྱ་མོ་དེའི་མིག་མདངས་དང་སྐད་ཆ་དེ་གསལ་ལེར་འདུག་པས་ལག་འདོགས་ཆུ་ཚོད་དེ་རྩ་ཆེན་ཞིག་ཡིན་རྒྱུ་རེད་འདོད།
       ངས་ཤ་ཉེ་ཞིག་ལ་ཁ་པར་བཏང་སྟེ་ང་ལ་ཁུག་དམར་སྒོར་སུམ་སྟོང་ཉིས་བརྒྱ་སྐུར་དུ་བཅུག་རྗེས་ཆང་ཁང་དུ་སོང་ནས་ཆང་རིན་སྤྲད་པ་ཡིན།
      ངས་ལག་འདོགས་ཆུ་ཚོད་དེ་ཁྱེར་ནས་ཆུ་ཚོད་ཆེད་འཚོང་ཁང་ཞིག་ཏུ་ཆས་ཏེ་ལས་བཟོ་བར་ཆུ་ཚོད་འདིའི་རིན་ཐང་དྲིས་པ་ན།
     ལས་བཟོ་བས་ཆུ་ཚོད་དེ་རྣ་སྒོར་སྦྱར་ཞིང་ཕར་གཡུག་ཚུར་གཡུག་འགའ་བྱས་རྗེས་གདོང་ལ་འཛུམ་ཞིག་ལངས་ཏེ་“སི་ཝེས་ཙེར་ནས་ཐོན་སྐྱེད་བྱས་པའིpatek philippeརྟགས་ཅན་གྱི་ལག་འདོགས་ཆུ་ཚོད་དག་མ་རེད། གསར་དུ་ཉོ་ཚེ་སྒོར་ཁྲི་ཉི་ཤུ་ལྷག་དགོས་པ་དང་རྙིང་བ་ལ་ཡང་ཁྲི་བཅོ་ལྔ་དགོས་པར་འདུག”ཟེར།
     ཆུ་ཚོད་འཚོང་མཁན་གྱི་བུ་མོ་དེས་འདི་ལྟར་བཤད་རྗེས་ངའི་ལག་མགོའི་ཆུ་ཚོད་འདི་ནམ་རྒྱུན་ལས་ལྡབ་ཀྱིས་ལྕི་སྣང་བྱུང་སོང་།
   
                                2019/4/25 རྫོགས།

                           རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease