ཇག་ཚོགས་བཟུང་བ།

    རྩོམ་པ་པོ། རིག་ལྡན་རྒྱ་མཚོ།


ཇག་ཚོགས་བཟུང་བ།

 
              རིག་ལྡན་རྒྱ་མཚོ།   གཅན་ཚ།

     སྲིད་གཞུང་གིས་ལོ་བསྟུད་མར་ཇག་ཚོགས་རྩད་གཅོད་བྱེད་ཀྱིན་ཡོད།  ཇག་ཚོགས་གང་དུ་ཡིབ་པ་སུས་ཀྱང་མི་མཐོང་བས། བདེ་སྲུང་མགོ་གཙོ་ཕལ་ཆེ་བ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ནས།  སྲིད་གཞུང་ལ་སྙན་ཞུ་ཇི་ལྟར་འབུལ་དགོས་པའང་མི་ཤེས་པར་གྱུར།  གལ་སྲིད།  ཇག་ཚོགས་ཀྱིས་ཟླ་སྔོན་མའི་ནང་གི་དོན་རྐྱེན་དེ་འདྲ་ཞིག་སླར་ཡང་བསླངས་ཚེ།  རྒྱལ་ཡོངས་རིམ་པའི་བདེ་སྲུང་མགོ་གཙོ་གང་མང་གནས་དབྱུང་གཏོང་སྲིད་པ་སྨོས་ཅི།

     ཟླ་སྔོན་མའི་ནང་།  ཇག་ཚོགས་ཀྱིས་ནུབ་བྱང་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ།  ས་དེ་གའི་སྲིད་གཞུང་གི་མི་སྣ་མང་པོ་དམར་གསོད་བཏང་བར་མ་ཟད།  ཕལ་ཆེར་རིན་ཐང་ཨ་སྒོར་དུང་ཕྱུར་ལ་སླེབས་པའི་བཅའ་སྡོད་དམག་དཔུང་གི་གློག་ལམ་སྒྲིག་ཆས་ལྟེ་གནས་ཤིག་གཏོར།  གྱོང་གུད་འདི་ལྟ་བུ་ད་ལྟའི་བར་བྱུང་མ་མྱོང་བས།  སྲིད་གཞུང་གི་མཐོ་རིམ་མི་སྣ་ཚང་མས་རྒྱལ་ཁབ་ཀྱི་གཙོ་འཛིན་ཆེན་མོ་ཞིག་ཤི་གོད་ཐེབས་པ་ལྟ་བུའི་སྡུག་ཡུས་བྱེད་ཀྱིན་ཡོད།  དོན་རྐྱེན་དེར་བརྟེན་ནས་གཞི་ཁྱོན་ཆེན་པོས་ཇག་ཚོགས་རྩ་མེད་དུ་གཏོང་རྒྱུར་གྲོས་ཆིངས་ཤིག་བཀོད་ཅིང་།  གྲོས་ཆིངས་ཀྱི་ནང་དོན་གཙོ་བོ་ནི་མདོར་ན་ཚན་པ་གཉིས་སུ་བསྡུས་འདུག་སྟེ།  དང་པོ།  རྒྱ་ཆེའི་མང་ཚོགས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཇག་ཚོགས་རྩ་མེད་དུ་གཏོང་བ།  གཉིས་པ།  ཇག་ཚོགས་དང་འབྲེལ་བ་ཡོད་པའམ་འབྲེལ་བ་ཡོད་ཡོད་འདྲ་བའི་སྤྱོད་སྟངས་ཡོད་ཚད་རྩ་མེད་བཟོ་བ་དེ་ཡིན།  བཀའ་རྒྱ་འདི་ས་གནས་ཡོངས་ལ་བར་མཚམས་མེད་པར་བཀྲམས་ཟིན་པས།  ད་ལྟ་ཇག་ཚོགས་སྦ་སྐུང་བྱེད་སའི་གནས་ཤིག་གང་དུ་ཡོད་དམ།

     
བདེ་སྲུང་བ་ཚོས་ཉིན་མཚན་ལྟོས་མེད་དུ་བཀའ་རྒྱ་ལག་བསྟར་བྱས། ཁོ་ཚོས་དོན་ཚན་གཉིས་པའི་ནང་དོན་ལག་བསྟར་བྱས་པ་ཅུང་མང་ལ།  དེར་ཞིབ་ཚགས་ཀྱང་ངེས་ཅན་ལྡན།  ཁོ་ཚོས་མིའི་སྤྱོད་སྟངས་ལ་བརྟག་དཔྱད་གཏོང་བའི་ཐབས་ལམ་གང་མང་བཏོན་འདུག་པར་མ་ཟད།  བདེ་སྲུང་ལས་ཁུངས་རེ་རེར་དམིགས་བསལ་གྱི་བྱེད་ཐབས་སྣ་རེ་ཡོད་པ་དང་།  བདེ་སྲུང་མཁན་རེ་རེར་རང་རང་གི་བྱེད་ཐབས་དམིགས་བསལ་བ་རེ་ཡོད་པ་སྟེ།  ཐ་ན་མིས་གད་མོ་དགོད་སྟངས་ཀྱང་བརྟག་དཔྱད་ཀྱི་གོ་རིམ་ཞིག་ཏུ་བརྩི་བཞིན་འདུག

     སྟག་ཆུང་ལགས་གྲོང་བརྡལ་དུ་ལག་སྐྱོར་འཁོར་ལོའི་རྒྱུ་ཆས་ཤིག་ཉོ་རུ་ཕྱིན་ནས་གད་མོ་ཆེན་པོ་ཞིག་བགད་པས་བདེ་སྲུང་བས་འཛིན་བཟུང་བྱས།  གད་མོ་ཆེན་པོ་དགོད་ཕོད་མཁན་ནི་ཇག་པའི་སྤྱོད་སྟངས་ཤིག་རེད། དབང་གྲགས་ལགས་ལུག་རྫིར་འགྲོ་སྐབས་ཆུ་གྲོག་ཅིག་གི་ནང་གློག་སྐུད་དཀྱུས་ལོག་ཅིག་བརྫངས་ཡོད་པ་མཐོང་ནས་ཁྱིམ་དུ་ཁྱེར་ཡོང་བས་འཛིན་བཟུང་བྱས།  གློག་སྐུད་ནི་ཇག་ཚོགས་དང་འབྲེལ་བ་ཡོད་པའི་རྒྱུ་ཆས་ཤིག་རེད་འདུག སྟོབས་རྒྱས་དང་བརྩོན་འགྲུས། མཚོ་མོ་རྒྱལ་བཅས་གསུམ་པོ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་གྲོང་ཁྱེར་དུ་འགྲོ་སྐབས།  ཁོ་ཚོས་ཁའི་ཆེན་ཉག་ཁ་ནས་ཤོག་གུ་གྲུ་བཞི་མ་མང་པོ་རླུང་ལ་བསྐྱོན་པས་འཛིན་བཟུང་བྱས། ཤོག་གུ་གྲུ་བཞི་མ་གཏོར་བ་ནི་ཇག་ཚོགས་ཀྱི་བྱེད་ཐབས་ཤིག་རེད།  དེ་དང་རིགས་འདྲ་བའི་སྤྱོད་པ་སྟོན་མཁན་མང་པོ་འཛིན་བཟུང་བྱས་པས།  རྒྱ་ཆེའི་མང་ཚོགས་ཞེད་སྣང་གིས་ཁེངས་ཡོད་ལ། ལ་ལ་ཞིག་གིས་མིས་མཐོང་སར་སྣབས་འབུད་རྒྱུར་ཡང་སྐྲག་འདུག

       གནས་ཚུལ་དེ་སྲིད་གཞུང་གི་མཐོ་རིམ་མི་སྣས་ཤེས་རྟོགས་བྱུང་བས།  བདེ་སྲུང་ལས་ཁུངས་སོ་སོར་སྐྱོན་བརྗོད་ནན་མོ་བྱས་ཏེ།  ཁོ་ཚོས་ཇག་ཚོགས་ལ་བརྟག་དཔྱོད་གཏོང་བའི་ཐབས་ལམ་ནི་གཡག་ཞར་གྱིས་རྩྭ་ཟོས་པ་དང་འདྲ་ཟེར།

        འགུལ་སྤྱོད་ཐེངས་དང་པོའི་ཁྲོད་དུ་ཐེབས་པའི་མི་ཚང་མར་སྐྱོན་ཆེན་པོ་མེད་ཞེས་བརྗོད་དེ་གློད་གྲོལ་བཏང་སོང་།
འགུལ་བསྐྱོད་ཐེངས་གཉིས་པ་ལངས་དུས།  ཇག་ཚོགས་ཀྱི་འབྲེལ་གཏུག་བརྡ་འཕྲིན་སྐོར་གནད་དུ་བཟུང་ཡོད་ལ།  བྱ་བ་སྒྲུབ་སྟངས་དེ་གྲོང་བརྡལ་ཡན་གྱི་བདེ་སྲུང་མཁན་ཚོའི་འགན་དུ་བཞེས་པས།  གྲོང་བརྡལ་མན་གྱི་བདེ་སྲུང་བ་ཚོའི་འགན་ཇེ་ཡང་དུ་གྱུར་ནས་ནམ་རྒྱུན་ལྟར་སྲང་ལམ་སྟེང་གི་དོན་ཕྲན་ཚེགས་ལ་ལྟ་རྟོག་བྱེད།  ཇག་ཚོགས་རྩ་མེད་གཏོང་བའི་ལས་འགུལ་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་གཏོང་བཞིན་པའི་དུས་སྐབས་དེར།  གྲོང་བརྡལ་གྱི་བདེ་སྲུང་མགོ་བ་ཞིག་གིས་སྦག་སྦག་འཁོར་ལོར་ཞོན་མཁན་ཚོའི་མིག་མ་གཏོགས་མི་མཐོང་བའི་བལ་ཞྭ་དེ་བློར་མ་བབས་པར།  གྲོང་བརྡལ་གྱི་ཚོང་ཁང་སོ་སོའི་བལ་ཞྭ་གཞུང་བཞེས་བྱས་རྗེས་ཆབས་ཅིག་མེ་རུ་བསྲེགས།  བལ་ཞྭ་དེ་ཚོར་བརྟེན་ནས་ཁ་གསོ་མཁན་ཚོང་བ་ཚོས་ཅི་ཡིན་འདི་ཡིན་མི་ཤེས་པའི་འགུལ་སྐྱོད་ཁྲོད་རང་ཉིད་ཀྱི་མ་རྩ་མེད་པར་བཟོས་པ་ལ་ཁོང་ཁྲོ་དྲག་ཏུ་ལངས་ནས།  རྫོང་དང་ཁུལ།  ཞིང་ཆེན་སོགས་རིམ་པ་བཞིན་དུ་གྱོད་གཏུག་བྱས་པར་མ་ཟད།  བལ་ཞྭ་བཟོ་གྲྭའི་མགོ་གཙོ་ཁག་གིས་ཀྱང་འདི་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་རེད་ཅེས་སྨྱོ་བ་ལྟར་གྱོད་གཏུག་ལ་རྒྱབ་སྐྱོར་བྱས་པས།  ཁྲིམས་ཁང་མཐོ་གྲས་ནས་གྲོང་བརྡལ་བདེ་སྲུང་ལས་ཁུངས་ཀྱི་མགོ་གཙོར་ཐད་ཀར་ཁ་པར་བཏང་བ་དང་།  ཡིག་ཆ་བསྐུར་ནས་སྒེར་གྱི་མ་རྩ་ལ་གནོད་ཚབས་ཕོག་པའི་སྐྱོན་འཛུགས་བྱས་པར་མ་ཟད།  དེ་ལག་བསྟར་བྱེད་མཁན་གྱི་བདེ་སྲུང་མགོ་བའི་གོ་གནས་ཕབས་ཤིང་།  ཚོང་བ་ཚོར་སྐྱིན་ཚབ་སྤྲད།

       བདེ་སྲུང་མགོ་བ་དེའི་མིང་ལ་དབང་ཆེན་ཟེར་ཞིང་།  ཁོའི་སྐྱེས་ཁུངས་འབྲོག་པ་ཡིན་ལ།  ཁྱིམ་རྒྱུད་དེའི་བུ་ཆེ་བ་ཡིན།  ས་ཆ་དེའི་མང་ཚོགས་ཀྱིས་བུ་ཆེ་བའི་མིང་ལ་མགོ་རུལ་ཟེར་བས་ཆུང་བ་བཤད་མ་དགོས་ཞེས་ཁོ་ནི་གཞན་ལ་དགོད་ཁ་སློང་བྱེད་ཀྱི་དཔེ་འཇོག་ཏུ་གྱུར་འདུག  དབང་ཆེན་གྱིས་གྲོང་བརྡལ་ཆུང་ཆུང་འདི་རུ་ཅི་བྱེད་རང་གི་ལག་ཏུ་ཡོད་པའི་དྲན་པ་དེ་སྐད་ཅིག་ལ་འཇའ་ཡལ་བ་ལྟར་གྱུར་ཅིང་།  བདེ་སྲུང་བར་ཡང་ཁྲིམས་ཆད་འཕོག་རྒྱུ་ཡོད་པ་ཤེས་པར་མ་ཟད།  དེ་སྔ་རང་ཉིད་ཀྱིས་བཀའ་ཕབ་སྟེ་སྟག་ཆུང་སོགས་འཛིན་བཟུང་བྱེད་དུས་ཀྱང་།  གོང་རིམ་ནས་སྐྱོན་བརྗོད་བྱས་པ་དྲན་ཏེ།  རང་ཉིད་སྡུག་ལ་གཏོད་མཁན་ནི་ཇག་ཚོགས་ཡིན་པའི་འདུ་ཤེས་སྐྱེས་ཤིང་།  ཇག་ཚོགས་ནི་ཁོའི་མི་ཚེའི་འདིའི་ནང་གི་དགྲ་ཟླ་ཆེ་ཤོས་དང་སྙིང་ནད་ཆེ་ཤོས་སུ་གྱུར།

      དབང་ཆེན་དབང་ཆུང་དུ་གྱུར་པ་ནས་བཟུང་།  སྲིད་གཞུང་གི་ཉེ་ཆར་གྱི་བྱ་འགུལ་མང་པོ་ཤེས་མི་ཐུབ་ལ།  མགོ་གཙོ་གསར་པ་མི་ནག་གིས་དེ་སྔ་དབང་ཆེན་གྱིས་ཁོར་འགྲམ་ལྕག་ཅིག་གཞུས་པར་སྐྱིན་པ་ཉྭ་ཁུག་ནས་ལེན་རྒྱུ་དྲན་དྲན་ལ་བསྡད་ཡོད་པས།  དབང་ཆེན་གྱིས་སེམས་ཁྲལ་བྱས་དྲག་ནས་འགྲམ་པ་གཉིས་བརྐོ་རུ་ལྷུང་སྟེ་ཐོད་སྐམ་ཞིག་དང་འདྲ།  ཁོས་ཁ་ནང་ལ་ཐ་མག་ཅིག་རྒྱུན་ཏུ་བཙུགས་པའི་ཚུལ་མཐོང་བ་ན། "མགོ་སྐོགས་སྐམ་པོ་ཁ་ཨེ་ཚ་ཐལ"ཞེས་པའི་གཏམ་རྒྱུད་དེ་དབང་མེད་དུ་དྲན་ཡོང་།  ཡིན་ནའང་དབང་ཆེན་དེ་ལྟར་ནུས་མེད་ངང་སྡོད་མི་སྲིད་པ་སྨོས་ཅི།  ཁོས་ཐབས་བརྒྱ་ཇུས་སྟོང་གིས་ཇག་པ་གཅིག་ཨེ་ཟིན་ལ་བལྟས་ཡོད་ཅིང་།  མཚན་མོ་རྨི་ལམ་ནང་ནས་ཀྱང་ཁོས་ཇག་པ་ཞིག་གི་རྗེས་དེད་ནས་ཤར་འདེད་ལུང་འདེད་བྱེད་པ་རྨིས།  གལ་སྲིད།  དབང་ཆེན་གྱིས་ཇག་པ་གཅིག་ཟིན་ཚེ།  ཁོས་གྲོང་བརྡལ་འདིའི་ནང་གི་ཐོག་དང་པོར་ཇག་པ་འཛིན་མཁན་གི་མིང་རྟགས་གཟི་བརྗིད་ཅན་རེག་པ་ཡིན་པས།  དེར་བརྟེན་ནས་སྲིད་གཞུང་མཐོ་རིམ་ལས་ཁུངས་ཀྱིས་ཁོའི་གོ་གནས་སླར་གསོ་བྱེད་པ་ནི་མིག་རྡེབ་དབང་ཙམ་གྱི་ཡུན་རེད།  དེ་ནི་གོང་རིམ་མགོ་ཁྲིད་པས་འོག་ཞབས་མགོ་ཁྲིད་པར་གཟིགས་སྐྱོང་བྱེད་ཚུལ་ཞིག་ཡིན་ལ།  ཇག་པ་བཟུང་ན་ཁོའི་གོ་གནས་ལ་ཕན་ཐོགས་ཆེན་པོ་ཅི་འདྲ་ཡོད་ཚུལ་ཐེངས་ཁ་ཤས་ལ་བཤད་མྱོང་།  སྔོན་ཆད་དབང་ཆེན་གྱིས་ཇག་པ་འཛིན་པའི་དགེ་མཚན་གལ་ཆེན་ཞིག་ཤེས་མེད་པར་མ་ཟད།  ཇག་པ་འཛིན་པ་ནི་ཁོའི་དབང་ཤེད་ངོམས་བྱེད་ཅིག་ཡིན་སྙམ་མོད།  འོན་ཀྱང་།  དབང་ཤོར་བ་ན་ད་གཟོད་ཇག་པ་འཛིན་པའི་དགེ་མཚན་ཆ་ཚང་བ་ཞིག་ཁོས་གཞི་ནས་རྟོགས་བྱུང་།

        ཉིན་ཞིག་བདེ་སྲུང་མགོ་བ་མི་ནག་གིས་དབང་ཆེན་གཞུང་ལས་ཁང་དུ་བོས།  དབང་ཆེན་གྱིས་སེམས་ཁྲལ་བྱེད་ཞོར་ལ་ཆས་པ་ན།  མི་ནག་གིས་རྐང་པ་གཅིག་ཐོག་གཅིག་ལ་བཞག་ནས་འབོལ་ཁྲིའི་སྟེང་མེར་རེར་བསྡད་ཡོད།  མི་ནག་གི་ཚུགས་ཀ་དེ་མཐོང་མ་ཐག་དབང་ཆེན་གྱི་སེམས་ལ་ན་ཟུག་དྲག་པོ་སྐྱེས་ཤིང་།  ཕག་ནག་འདིའི་རྣ་ཅོག་ལ་སོ་ཞིག་བཏབ་ན་ཅི་མ་རུང་སྙམ།  ཡིན་ཡང་།  མི་ནག་གིས་ཁོ་དེ་གར་འགྲེང་དུ་བཅུག་ནས་ཆུ་ཚོད་ཕྱེད་ཙམ་ལ་བཞག་རྗེས།  གཞི་ནས་བཤད་རྒྱུར།  "ལས་ཁུངས་ལ་སྒོར་གྱི་དཀའ་ཁག་ཡོད།  རྒྱལ་ཁབ་ཀྱི་དཔལ་འབྱོར་ལའང་དཀའ་ཁག་ཆེ།  ཁྱོད་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང"ཟེར།  

     དབང་ཆེན་གྱིས་ཁ་ཤ་ལྷབ་ལྷབ་འདར་ན་ཡང་བྱ་ཐབས་བྲལ།
དབང་ཆེན་ཕྱིར་ཁྱིམ་དུ་ལོག་ནས། ལོ་སྔོན་མར་དབྱར་རྩྭ་དགུན་འབུ་བརྐོ་མཁན་གྱི་གྲོང་པ་འགའི་ལག་གི་འཇོར་ཆུང་མཆུ་འབིག་ཁ་ཤས་འཕྲོག་པ་དེ་དག་ཕར་སློག་ཚུར་སློག་བྱས་རྗེས།  བཟོ་ལྟ་སྙིང་རྗེ་བོ་ཅན་ཞིག་བདམས་ནས་ལམ་ཆས་སྒྲིག  ཁོ་རི་མགོར་ཆས་པ་ན།  འབྲོག་པ་ཁ་ཤས་ཀྱིས་མགོ་སྐོར་བཟུང་ནས་ཁོའི་གམ་དུ་སླེབས་ཤིང"ས་ཁྲལ་འཇལ་དགོས"ཟེར།  ཁོས་བདེ་སྲུང་གི་ལྭ་བ་བསྟན་ནས་རང་ཉིད་གྲོང་བརྡལ་གྱི་བདེ་སྲུང་མི་སྣ་ཡིན་ཚུལ་ར་སྤྲོད་བྱས་ཀྱང་།  ཕོ་གསར་ཞིག་གིས་ཁོར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་ནས།  "ཁྱི་སྐྱག་འདྲ་ཞིག་མ་གཏོགས་མེད་པར།  བདེ་སྲུང་བར་བརྫུས་ནས།  ཁྱོད་ལ་སུ་སྐྲག་གམ།  ཁྱོད་བདེ་སྲུང་བ་ཡིན་ན་ང་དྲག་ཆས་རུ་ཁག་པ་ཡིན"ཞེས་ཁོའི་སྟོད་གོས་ཀྱི་བྲང་ཁར་གཙག་པའི་དྲག་ཆས་རུ་ཁག་གི་རྟགས་མ་རྫུན་མ་བསྟན།  དབང་ཆེན་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་སྒོར་ལྔ་བཅུ་སྤྲད།

       ཕྱི་ཉིན་ཁོས་མདའ་ཐུང་རྐེད་དུ་བཏགས་ནས་སོང་བར་མ་ཟད།  དེ་རིང་མི་དེ་ཚོ་སླེབས་བྱུང་ན་ང་དབང་ཆེན་ཟེར་ན་ཅི་འདྲ་བ་ཞིག་རེད་ཤེས་སུ་འཇུག་དགོས་བསམ་ཡོད།  ཡིན་ནའང་ཕོ་གསར་ཚོས་ས་ཁྲལ་གྱི་སྒོར་མོས་ཞག་གང་བོར་ཆང་རག་འཐུང་བས།  ད་ནི་མི་གཅིག་ཀྱང་རི་མགོར་འགྲོ་མ་ཐུབ།  དབང་ཆེན་གྱིས་ས་རུབ་རེག་བར་སྒུག་ཀྱང་མ་སླེབས་པས་རེ་ཆད་ངང་ཕྱིར་གྲོང་བརྡལ་དུ་ལོག་ནས་ཟ་ཁང་ཞིག་གི་ནང་ཟ་མ་བཟའ་རུ་ཆས།  ཨ་ཙི་ཙི།  ཁོས་ཟུར་ལོགས་ཀྱི་ཁང་པའི་ནང་ཇག་པ་ཁ་ཤས་ཀྱིས་གླེང་མོལ་བྱེད་པ་ཐོས་བྱུང་།
"ནམ་ཟླ་ཡག་ཚེ་སང་ཉིན་འགལ་རྫས་བཞག་ཆོག" གཅིག་གིས་དེ་སྐད་སྨྲས།
"འགས་སྨན་ད་དུང་དྲུད་ནས་སླེབས་མ་བྱུང་།  ཁྱོད་ཀྱིས་ཁ་པར་རྒྱོབས་དང་།" གཞན་ཞིག་གིས།
"བདེ་སྲུང་མགོ་བར་བཤད་ཡོད་དམ།"  ཡང་མི་གསུམ་པ་བས་སྨྲས།
"བདེ་སྲུང་མགོ་བས་ཁ་སང་ནས་ས་ཐོག་ལ་མི་མངགས་ཟིན་ཟེར།"
"ཨ་ཁ།  ན་ནིང་འགས་སྨན་ཉུང་དྲག་སོང་།  ད་ལོ་ཁ་སྣོན་མ་བྱས་ཚེ།  སེམས་ཐག་ཆོད་པོ་ཞིག་མི་ཡོང་ཁོ་ཐག་རེད།"
དབང་ཆེན་རེ་ཞིག་ལ་ཧ་ལས་པར་གྱུར།
"ཇག་པ་ཚོས་ད་ལོ་གང་ཞིག་འགས་གཏོར་བྱེད་རྩིས་ཡོད་དམ།  མི་ནག་ཁྱོད་ད་ཐེངས་ཐར་ས་གང་དུ་ཡོད།  ཁོ་ཇག་པར་འབྲེལ་བ་ཡོད་པ་མིན་ན་ངས་འཛིན་བཟུང་བྱས་པའི་སྟག་ཆུང་སོགས་ལ་སྐྱོན་ཆ་ཅི་ཡང་མེད་ཅེས་གློད་གྲོལ་གཏོང་སྲིད་དམ།  ད་ཅི་བྱ།  རེད།  ངས་ཁོ་ཚོ་བཟུང་ནས་ཐད་ཀར་ཁུལ … … མིན་མིན།  ཐད་ཀར་ཞིང་ཆེན་བདེ་སྲུང་ལས་ཁུངས་སུ་སྐྱེལ་དགོས།"

      དབང་ཆེན་གྱིས་ཉིན་གང་བོར་དབྱར་རྩྭ་དགུན་འབུ་བརྐོས་ནས་བཀྲེས་ལྟོགས་ཀྱིས་མནར་ཡོད་ནའང་།  ཇག་པ་འདི་ཚོས་ཁོར་དཀའ་ལས་གཏད་གཏད་ཅིག་མི་ནག་གིས་ཀྱང་གཏད་མེད་པས།  ཚམ་ཚོམ་མེད་པར་མདའ་ཐུང་བཟུང་ནས་ཁང་པའི་ནང་ངར་གྱིས་འཛུལ་བ་ལ།  ནང་དུ་མི་རྒྱགས་པ་བཞི་ལྔ་ཙམ་ཞིག་གིས་ཅོག་ཙེ་ཆེན་པོ་ཞིག་སྐོར་ནས་ཚལ་རིགས་སྣ་ཚོགས་ཟ་ཞོར་དང་ཆང་རག་འཐུང་ཞོར་ལ་བསྡད་འདུག་པས།  ཁོ་ཚོས་མི་སྐམ་སྔོ་རིད་དེ་མཐོང་ནས་སྐྲག་ཐག་ཆོད་བྱུང་།

      "འགུལ་མི་ཆོག  ཚང་མས་ལག་པ་ཡར་ཁྱོགས།" དབང་ཆེན་གྱིས་དེ་སྐད་སྨྲས་མ་ཐག་ཁང་པའི་ཀླད་ངོས་ལ་མེ་མདའ་ཞིག་སྐག་སེ་བརྒྱབ་པས།  ཚང་མ་དངངས་སྐྲག་ཆེན་པོ་སྐྱེས་ཤིང་།  ལག་པ་རང་གི་ལུས་ཚད་ལས་རིང་བ་རེ་བརྐྱངས་ནས་འགུལ་ཙམ་ཡང་བྱེད་མ་ཕོད།

       སྐབས་དེར།  ཟ་ཁང་ནང་གི་མི་རྣམས་ཨག་ཟིང་ངེར་སྒོར་བྲོས་ཤིང་།  ཇ་མ་རྣམས་ཀྱང་ཁང་པ་སྦུག་མའི་ནང་འཛུལ་ནས་གར་སོང་ཆ་མེད་དུ་གྱུར།  དབང་ཆེན་གྱིས་ལག་པ་མགོར་ཁུར་བའི་མི་དེ་དག་དེད་ནས་ཟ་ཁང་གི་སྒོ་ཁར་སླེབས་པ་ན།  སྒོ་འགྲམ་དུ་སྡོད་པའི་རླངས་འཁོར་ཆུང་ཆུང་ལས་ཕོ་གསར་ཞིག་ཕྱིར་བུད་ནས།  "མགོ་གཙོ་ལགས།  ཅི་བྱུང་སོང་ཅི་བྱུང་སོང་།" ཞེས་འདྲི་བའི་སྐབས་སུ།  དབང་ཆེན་སྤྲེའུ་ཞིག་དང་འདྲ་བར་ལྡེམ་མྱུར་གྱིས་མདུན་དུ་ལྡིང་ཡོང་ནས་ཕོ་གསར་དེའི་ཐོད་པར་མདའ་ཐུང་གི་མཆུ་གཏད་ནས།  "རླངས་འཁོར་ལ་ཁ་ལོ་བསྒྱུར"ཞེས་སྨྲས།

      དབང་ཆེན་གྱིས་མི་དེ་དག་བཟུང་ནས་རླངས་འཁོར་ནང་བཅུག་རྗེས། གྲོང་ཁྱེར་དུ་བགྲོད་པའི་ལམ་ལ་ཞུགས་ཤིང་རྡུལ་འཚུབ་འཚུབ་བཞུད་མཐར།  ད་གཟོད་ཁོར་ཡུག་གི་མི་རྣམས་སྲང་ལམ་སྟེང་འདུས་ཤིང་། འུར་འུར་ཟིང་ཟིང་གིས་གླེང་མོལ་བྱེད་མགོ་བརྩམས་པ་དང་བདེ་སྲུང་མགོ་བ་མི་ནག་ཚང་ལ་ཁ་པར་བརྒྱབ།

      བདེ་སྲུང་མགོ་བ་མི་ནག་ཧ་ལས་ཧང་སངས་པར་གྱུར་སོང་། རྒྱུ་མཚན་ནི་མི་སྣ་དེ་ཚོ་ནི་ཞིང་ཆེན་རིམ་པའི་འཛུགས་སྐྲུན་ལས་ཁུངས་ཀྱིས་གྲོང་བརྡལ་འདིར་ཆུ་རྐ་བཟོ་བར་མངགས་པ་ཡིན་ལ། བདེ་སྲུང་ལས་ཁུངས་ཀྱིས་མི་སྣ་དེ་དག་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པའི་གོང་རིམ་གྱི་ཡིག་ཆའང་ཡོད། མི་ནག་གིས་སྐད་ཅིག་ལ་བདེ་སྲུང་མི་སྣ་ཡོད་ཚད་བསྡུས་ནས། རླངས་འཁོར་བཞི་ཙམ་ཡོད་པ་ཚང་མ་ལམ་ལ་ཆས། ཁོ་ཚོས་དབང་ཆེན་གྱི་རྗེས་འདེད་བཏང་སྟེ་ཁའི་ཆེན་ཉག་ཁར་སླེབས་པ་ན། རླངས་འཁོར་ཆུང་བ་དེ་རི་གཤམ་དུ་རྒྱུག་བཞིན་པ་མཐོང་བར་མ་ཟད། དབང་ཆེན་གྱིས་ཀྱང་སྒེའུ་ཁུང་བརྒྱུད་ནས་བདེ་སྲུང་རླངས་འཁོར་གྱི་ཉེན་བརྡ་ཐོས་པས།  ཁོའི་སེམས་ལ། "མི་ནག་ཁྱོད་ཡོང་བ་ཤིན་ཏུ་བཟང་། ད་ཐེངས་ངས་ཇག་ཚོགས་ཁྱོད་ཚོ་ཚང་མ་ཞིང་ཆེན་བདེ་སྲུང་ལས་ཁུངས་ལ་རྩིས་སྤྲོད་བྱེད་ཐུབ་སོང"སྙམ་ནས།  མདའ་ཐུང་གི་མཆུ་ནག་ཀོང་བ་དེ་ལག་པ་མཐོན་པོར་བཀྱགས་པའི་མི་རྒྱགས་པ་ཚོའི་ནང་ལ་སྟོན་ཙམ་བྱས་ཤིང་།  རླངས་འཁོར་ཁ་ལོ་བ་ཕོ་གསར་གྱི་ཕྱི་ལྟག་ལ་གཏོད་བཞིན"ཇག་ཕྲུག་ཁྱོད་ཀྱིས་མགྱོགས་པོར་མི་བསྐོར་ན་ངས་ཁྱོད་ཀྱི་ཀླད་ཞོའང་ས་ལ་གཏོར་ངེས་ཡིན"ཟེར།

                                     རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease