ཆམ་ནད་གསར་གཏོད་པ།

    རྩོམ་པ་པོ། རྨིས་པ།


ཆམ་ནད་གསར་གཏོད་པ། 
སྒྲུང་ཐུང་།

 

             རྨིས་པས་བརྩམས། 


《1》

དུས་ཚོད་ལྔ་བ།  5:00

     ཁ་པར་ནང་གི་ཅོང་བརྡ་དེ་སིལ་སིལ་གྲག་བྱུང་། མ་རེད།སིལ་སིལ་གྲག་པ་ཡིན་ནམ། གང་ལྟར་རྣ་ལ་གཟན་པའི་ཆོམ་སྒྲ་སྐད་ཆེན་དེ་ནི་ཞོགས་པ་ཀུན་ཏུ་ཁོའི་སྙེས་མགོ་ནས་གྲག་བཞིན་ཡོད་པས། དེ་ནི་ཁོ་ལ་མཚོན་ན་མིག་ཏུ་ལོབས་པའི་ཁོར་ཡུག་འདི་བཞིན་དུ་ཧ་ཅང་རྒྱུན་ལྡན་ཞིག་ཏུ་མངོན་ལ། དེས་ནི་ཡང་སྙིང་ཅོང་བརྡ་དེ་གང་འདྲ་ཞིག་ཡིན་མིན་མཐོང་བའི་ཁོའི་དྲན་འཛིན་ཡོད་ཚད་ཀྱང་བག་འཁུམས་ལ་བཏང་འདུག  དེ་ལས་གཞན་དུ། ཅོང་བརྡ་དེ་གྲག་ཡོང་ཁར། ཅོང་བརྡ་དེས་སྟེར་བའི་སུན་སྣང་དང་། ཅོང་བརྡ་དེས་འཆད་པའི་ཅི་ཞིག་ཤོར་བཞིན་པའི་ཁུར་བོ་ཁོ་ན་སེམས་ནས་མྱོང་ཐུབ་ཀྱིན་ཡོད། དང་ཐོག་ཁོས་བརྡ་དེ་འཇོག་དུས། ཁོ་རང་རྒྱུན་དུ་ཉན་རྒྱུར་དགའ་ཞིང་འཛིན་གྲོགས་དང་ཁང་གྲོགས་དག་གིས་འདོན་པ་རེད་དམ་གླུ་རེད་ཟེར་ནས་ཧབ་ཆ་རྒྱག་སྲིད་པའི་ནད་པ་རོལ་ཚོགས་ཀྱི་གཞས་ཏེ།་“སྡུག་བསྔལ་གྱིས་མནར་ན་ཡང་སྐྱོ་སྣང་འཚོལ་”ཞེས་པ་དེ་བཞག་མོད། དེའི་རྗེས་ནས་སྒྲ་དེ་དང་ཁོ་གཉིས་འཕྲད་པའི་དུས་ཚོད་ནི་གཉིད་མ་དབ་དུབ་ཀྱི་གཉིད་ལམ་ཁོ་ནའི་ཁྲོད་ཡིན་པས། ད་ལྟ་དོན་ངོ་མར་གྲག་ཡོང་མཁན་དེ་ནི་དང་ཐོག་སྙན་སྣང་འདོད་པའི་གཞས་དེ་ཡིན་པའི་ཚོར་བ་ཅི་ཡང་མི་འདུག  གང་ལྟར་བྱིས་པ་ཆུང་ཆུང་ཞིག་གིས་ངོ་མི་ཤེས་པའི་མི་དག་ལ་ངོ་གནོང་བྱེད་པའི་ཚུལ་ལྟར། གོ་རིམ་གང་ཡང་མེད་པར་གློ་རྡེག་ཏུ་སྐད་རྒྱག་པའི་ཅོང་བརྡ་དེས། ལྷིང་འཇགས་ཀྱིས་ཁེབས་པའི་ཁང་ཆུང་འདིའི་བར་སྣང་གཏོར་བྱུང་ལ། འཚོ་བའི་སྣང་བ་ཐུང་ཐུང་གིས་དུས་ཚོད་མང་པོ་ཞིག་སྐྱེལ་ཐུབ་པའི་ཁོའི་གསལ་ལ་མི་གསལ་བའི་གཉིད་ལམ་སྐྱིད་པོ་དེ་ཡང་གཏོར་སོང་། གཉིད་ལམ་དེ་ཡང་སྐྱིད་ཚུལ་ནི་བརྗོད་མི་ཤེས་ན་ཡང་གཉིད་ལམ་དེ་ལས་དཀྲོགས་པ་ནི་བཟོད་དུ་མེད་པའི་སུན་སྣང་ཞིག་ཅིས་ཀྱང་འདུག  འོན་ཀྱང་། དེ་ཡང་རྒྱུན་ལྡན་ཞིག་སྟེ་དོན་དག་འདི་འདྲ་ཞིག་འོང་སྲིད་པ་ནི་ཁོས་སྔ་མོ་ནས་བསམ་བློ་བཏང་མྱོང་ཡོད།   ཉིན་བཞིན་ཅོང་བརྡ་འདི་ཁོ་ན་སྔ་མོར་དཀྲོགས་བཞིན་ཡོད་ལ། གོམས་ལོབས་སུ་སོང་བ་དེ་དག་ལ་རྩོལ་བ་ཡང་མི་དགོས་པས། དེ་དང་མཉམ་དུ་ཁོའི་ལག་པ་དེ་ཡང་ཕར་ཇི་ལྟར་བསྲིང་གི་ཡོད་པ་མི་གསལ་བར་ཅོང་བརྡའི་མཚམས་འཇོག་པར་བྱེད། དོན་ངོ་མར་ཁོས་རང་ཉིད་དཀྲོག་བྱེད་དུ་ཅོང་བརྡ་བཞག་པ་ཡིན་ནམ། ཅོང་བརྡ་དེ་སད་པའི་ཆེད་དུ་སྒྲ་སྐད་ཆེན་ཞིག་བཞག་པ་ཡིན་མི་ཤེས། དེ་རིང་ཡང་ཁོས་ནམ་རྒྱུན་ལྟར་ཅོང་བརྡ་དེ་དཀྲོགས་ནས་མགོ་རུམ་ལ་བསྡུས་སོང་ལ།  མགོ་རུམ་ལ་སྡུད་པའི་གོ་རིམ་དུ་ཁོས་མདང་ནུབ་བསམ་བློ་བཏང་ནས་ཡུན་རིང་འགོར་ན་ཡང་ད་དུང་ལྷག་ཡོད་པའི་ཐུན་མོང་མ་ཡིན་པའམ་གཞན་དང་མི་འདྲ་བའི་ལྟ་ཚུལ་ཞིག་ཨེ་འཁྱོངས་བལྟས་པའི་སྐོར་དེ་དྲན་བྱུང་། དེ་དྲན་དུས་ཁོ་ལ་ད་ལྟ་ནས་ཡར་ལངས་ཏེ་དེའི་སྐོར་ནས་བསམ་བློ་བཏང་འདོད་ཀྱི་འདུན་པ་ཞིག་ལངས་ནས། འདུན་པ་དེས་ཁོའི་སྙེས་མགོ་ནས་བཟུང་སྟེ་ཡང་ཡང་ཡར་ལ་བཀྱགས་སོང་། 
 

     ཁང་བའི་ནང་དུ་གློག་སྒྲོན་བཀར་བའི་བརྒྱུད་རིམ་ཞིག་མེད་ན་ཡང་། ད་ལྟ་དཀར་སངས་ངེར་གྱུར་འདུག  དེ་དང་མཉམ་དུ་ཁོ་ཡར་ལངས་བྱུང་ལ་བསམ་བློ་ཡོངས་རྫོགས་ནི། མདང་ནུབ་བསམ་གཞིག་གཏོང་རྒྱུར་ལུས་ཡོད་པའི་ལྟ་ཚུལ་དེའི་མཇུག་སྐྱོང་རྒྱུ་ཡི་འདུན་པས་ཁྱབ། སྔར་བཞིན་ཁ་ལག་བཀྲུ་བའི་གོམས་གཤིས་དེ་དག་ཇི་ལྟར་སོང་ཚར་བ་མི་ཤེས་ན་ཡང་། མཚམས་ཤིག་ལ་ཁོས་ཡིག་ཆ་ཁག་ལ་བལྟས་ནས་བསམ་གཞིག་གཏོང་མགོ་བརྩམས་སོང་། ཡང་ཁོས་མང་པོ་ཞིག་ཀློག་པའི་རྒྱུད་རིམ་ནི་གསལ་བོ་ཞིག་མ་བྱུང་མོད། བར་སྐབས་ཤིག་ལ་ཁོས་ངེས་པ་ཇི་ལྟར་རྙེད་ཚུལ་མི་ཤེས་ན་ཡང་Anaximenese ཨ་ནཀ་སི་མི་ནིས་ཟི་ཡིས་བདག་ནི་རླུང་ཡིན་ཞེས་པའི་ལྟ་ཚུལ་དེ་ལས་འཕྲོས་ཏེ་བདག་གམ་རྣམ་ཤེས་ནི་དབུགས་ཡིན་པའི་ངེས་ཤེས་ཟབ་མོ་ཞིག་རྙེད་པའི་ཚོར་བ་ཐོན།  ཁོས་དེ་ནི་ལད་ཟློས་ཁོ་ན་ལ་ཞུགས་པའི་ཁོར་ཡུག་འདིའི་མི་ཀུན་གྱི་ལྟ་གྲུབ་དང་མི་འདྲ་བར་ང་རང་ཉིད་ཀྱིས་གསར་གཏོད་བྱས་པའི་ལྟ་ཚུལ་ཞིག་ཡིན་སྙམ་པའི་སྤྲོ་སྣང་དཔག་མེད་ཅིག་སྐྱེས། བར་གྱི་དུས་ཚོད་ཇི་ལྟར་སོང་བ་ཡིན་མི་གསལ་ན་ཡང་མཚམས་ཤིག་ལ་བགྲོ་གླེང་ཁང་གི་ནང་ན་ཁོ་རང་དང་མི་མང་གིས་ཕར་ཚུར་ལ་རང་རང་གི་ལྟ་གྲུབ་འཆད་ཀྱིན་འདུག ། ཁོས་རྣམ་ཤེས་ནི་དབུགས་ཡིན་ཞེས་པའི་ལྟ་ཚུལ་དེ་ནི་གཞན་དང་མི་འདྲ་བས། བགྲོ་གླེང་ཁང་གི་མི་སྣ་ཡོངས་ཀྱིས་གནད་གཅིག་ཏུ་དགག་སར་གྱུར། དེས་ཁོས་ལྷག་ཏུ་ལྟ་ཚུལ་འདི་ནི་གཞན་དང་མི་འདྲ་བར་རང་གི་ངེས་པ་རྙེད་ཚུལ་ཞིག་རེད་འདུག་སྙམ་ནས་རང་ཉིད་ལ་ཡང་ལྷག་ཏུ་དགའ་བའི་སྣང་བ་ཞིག་སྐྱེས། དེ་ནས་ཅི་ཞིག་རེད་སོང་བ་གསལ་བོ་ཞིག་མི་དྲན་ན་ཡང་། བགྲོ་གླེང་ཁང་གི་མི་རྣམས་ཀྱི་སྐད་སྒྲ་རིམ་བཞིན་སྙེས་མགོའི་ཅོང་བརྡ་ལ་ལོག་ནས་ཁོའི་རྣ་བའི་ནང་དུ་འདྲེས་མ་འདྲེས་ཀྱི་སྐད་སྒྲ་སྣ་ཚོགས་པ་ཞིག་འཚང་འོང་གི་འདུག


《2》

     ཁོའི་མིང་ལ་དཀར་གསལ་ཟླ་བ་ཟེར་ཞིང་། རྒྱུན་དུ་ཁོས་རང་གི་མིང་ལ་དཀར་གསལྷ་མོ་ཞེས་བུད་མེད་ཀྱི་མིང་ཞིག་འདོགས་སྲོལ་ཡོད། དེ་ནི་གཅིག་ནས་ཁོས་གཞན་དང་མི་འདྲ་བའི་ཆ་ཞིག་འཚོལ་བའི་ཆེད་དུ་རེད་ལ། གཉིས་ནས་རང་ཉིད་དགའ་སའི་བུད་མེད་དེའི་མིང་ལ་དཀར་གསལ་ལྷ་མོ་ཟེར་བས། སྣང་བ་ཞིག་ལ་བུད་མེད་དེ་ནི་རང་ཉིད་ལས་གཞན་དུ་མེད་པའི་ཚོར་སྣང་དེས་ཀྱང་ཡིན་སྲིད།  གང་ལྟར་ཉིན་འདི་དག་ལ་ཁོས་ཤེར་རྟོག་རིག་པའམ་ལྷག་ཏུ་ཤེར་རྟོག་རིག་པའི་ཁྲོད་ཀྱི་དྲི་བ་གལ་ཆེན། དོན་དམ་པར་བདག་གམ་རྣམ་ཤེས་ནི་ཅི་འདྲ་ཞིག་ཡིན་ནམ་ཞེས་པའི་ལྟ་གྲུབ་དེའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད། ཁོར་ཡུག་འདིའི་ནང་གི་སློབ་གཉེར་བ་ཕལ་ཆེར་ཤེར་རྟོག་རིག་པ་ལ་སློབ་མཁན་རྐྱང་རྐྱང་ཡིན་ན་ཡང་། ཁོ་ཚོས་མགྲིན་གཅིག་ཏུ་ཤེར་རྟོག་རིག་པ་ནི་མཁས་པ་གོང་མའི་རིགས་ལམ་དང་སྦྱར་བའི་སྒོ་ནས་བསམ་གཞིག་གཏོང་དགོས་པའི་གནད་གཅིག་ཡིན་པར་འདོད་ལ། ལྷག་ཏུ་ལྟ་ཚུལ་གཞན་དག་འཆད་པ་ལ་འང་ཁྱད་ཆོས་ཅི་ཡང་མེད་རབས་ཀྱང་ལབ་སྲིད། དེ་ལྟ་བུའི་ཤུགས་རྐྱེན་འདི་ནི་སློབ་གླིང་འདིའི་ནང་ནས་ཁོ་རང་ཆེས་མི་འཐད་སའི་ལྟ་ཚུལ་ཉག་གཅིག་ཡིན་ལ། ཁོས་བཤད་ན། ཁོ་ནི་ཅི་ཡིན་ན་གཞན་དང་མི་འདྲ་ན་དགའ་ཟེར། སྐད་ཆ་དེ་ནི་ཁོའི་ནམ་རྒྱུན་གྱི་སྡོམ་ཚིག་ཅིག་ཡིན་པ་དང་། ལད་ཟློས་ཙམ་ནི་སུས་ཀྱང་ཤེས་ངེས་ཞེས་པ་སོགས་འུར་རྒྱུ་མང་བས། འཛིན་གྲོགས་རྣམས་ཀྱིས་ཁོ་ལ་རྩེད་མཚར་དུ་གསར་གཏོད་པ་ཞེས་ཟེར་སྲོལ་ཞིག་ཀྱང་ཆགས་ཡོད།  ཁོས་ཀྱང་དོན་དངོས་སུ་ནམ་ཡིན་ཡང་རང་གིས་གསར་གཏོད་དམ་སྒེར་ཚུགས་ཀྱི་རིག་གནས་ཤིག་འཁྱོངས་བར་རེ་བ་འཆང་བཞིན་ཡོད་ལ། དེ་མ་གཏོགས་རང་ཉིད་ཀྱི་ལུས་སེམས་གང་གི་སྟེང་ན་ཡང་རང་ཉིད་ངོས་འཛིན་བྱེད་གཅིག་ཀྱང་མི་འདུག་དྲན་བཞིན་ཡོད། དེའི་རྐྱེན་གྱིས། ཐ་ན་ཁོས་པོད་འཕྲིན་དང་འཕྲིན་ཕྲན་གཉིས་ཀྱི་སྒང་དུའང་ཅི་ཞིག་སྤེལ་ཡང་མགོ་མཇུག་ལྡོག་ནས་སྤེལ་སྲོལ་ཡོད་ལ། ཟླ་འགའི་སྔོན་ལ་ཁོར་ཡི་གེ་གོ་ལྡོག་ནས་འབྲི་བའི་འབྲི་སྲོལ་གསར་བ་ཞིག་ཀྱང་བྱུང་ཡོད། དེ་དག་ནི་ཁོའི་ཐུན་མོང་མ་ཡིན་པ་འམ་རང་ཉིད་ངོས་འཛིན་བྱེད་ཀྱི་ཡན་ལག་ཅིག་ཏུ་འཇོག་གིན་ཡོད། དཔེར་ན། 

            །ཚོད་དུས@

   །པའི་གཏུབ་ཤིང་གསས་ནས་བར་འགྲོས་འཁོར

   །རེད་རྒྱུ་བའི་བསྔལ་སྡུག་ནི་ཚོད་དུས

ཞེས་པ་བཞིན། ཁོས་སྙན་ངག་ཕར་ཆེར་འདི་ལྟར་འབྲི་བཞིན་ཡོད་ལ། མི་མང་པོས་ཁོ་ལ་ཁྱོད་ནི་བརྡ་སྤྲོད་ཀྱི་དགྲ་རེད་ཟེར། ཡང་མི་འགའ་རེས་ཁ་མཚར་དུ་ཁྱོད་ནི་གསར་གཏོད་པ་རེད་ཟེར། གང་ལྟར་འདི་དག་ལ་སྣང་དོགས་ཅི་ཡང་མེད་པར་ཁོས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་གཞན་དང་མི་འདྲ་བ་ཞིག་འཚོལ་རྒྱུ་ནི་ཆེས་དོན་སྙིང་ལྡན་པ་དེ་ཡིན་པར་རློམ་བཞིན་ཡོད། ཆུང་ས་ནས། ཁོས་དགའ་རོགས་སྒྲིག་ན་ཡང་གཞན་གྱིས་བསམ་ཚུལ་དང་ཁྱོན་ནས་མི་འདྲ་བའི་སྒོ་ནས་སྒྲིག་སྲིད་དེ། རོགས་མཐུན་པའི་མགོ་ནི་འབྲལ་བའི་མགོ་ཡང་ཡིན་པ་དང་། དེ་ནི་བརྩེ་དུང་གི་སྙིང་བོ་སྟེ་མནར་གཅོད་ཟད་པའི་རྐྱེན་ཡང་ཡིན་པའི་བསམ་ཚུལ་དེའི་རྐྱེན་གྱིས། ཁོ་ནི་རང་ཉིད་དགའ་སའི་མྱི་དེ་རང་ཉིད་ལ་མི་དགའ་བའི་སྨོན་ལམ་རྒྱག་མཁན་ཞིག་ཡིན། ཁོ་རྒྱུན་དུ་གཞན་དང་མི་འདྲ་བ་ལ་དགའ་བའི་དབང་གིས་དོ་ཞག་ཅིག་ལ་ཁོས་བུ་མོ་ཞིག་ལ་དགའ་རབས་སྨྲས་ན་ཡང་ཁྱོད་ཀྱིས་མེ་མདའ་བཟུང་འདུག་དང་། ཁྱོད་ཀྱིས་ང་རྨས་བཞག་ཐལ་ཞེས་པ་ལྟ་བུའི་གཞན་དང་མི་འདྲ་བའི་རྣམ་པ་གཏོད་ནས་ལབ་ཡོད་དེ། 

                        །པ་འཕྲིན།@

 

                                          ལ་མོ་ཁོ་ངས

               སྐུར་ཅེས་འདུག་བཟུང་མདའ་མེ་ཀྱིས་ཁྱོད

                              ཟེར་འདུག་སྨྱོས་ཁྱོད་མོས་ཁོ

                                          ལ་མོ་ཁོ་ངས

                    སྐུར་ཞེས་ཐལ་བཞག་རྨས་ང་ཀྱིས་ཁྱོད

                 ཟེར་འདུག་སྨྱོས་ཁྱོད་བསྐྱར་ཡང་མོས་ཁོ

                                           ལ་མོ་ཁོ་ངས

སྐུར་ཞེས་ཀི་ཆུད་མི་འདིར་བ་སྡེ་ནས་བཞུར་ཁྲག་སྙིང་ངའི

               ཟེར་གདའ་རེད་ཡག་སྨྱོས་མ་ངོ་ཁྱོད་མོས་ཁོ

                                            ལ་མོ་ཁོ་ངས

           སྐུར་ཞེས་ཞུ་རོགས་སྤྲད་སྟོང་ཁྲག་ལ་ང་ཀྱིས་ཁྱོད

                             ཟེར་གྱིས་མོ་བདེ་ཁྱོད་ད་མོས་ཁོ

ཞེས་སྙན་ངག་ཏུ་ཕབས་ཡོད། འདི་དག་ནི་ཆ་ཤས་འགའ་སྟེ་གང་ལྟར་ཁོ་ནི་གཞན་དང་མི་འདྲ་བ་འམ་ཐུན་མོང་མ་ཡིན་པའི་བརྩམས་ཆོས་ལ་སྤྲོ་ཞིང་། ཐུན་མོང་མིན་པའི་སྒྱུ་རྩལ་གྱི་ཉམས་ལ་སྔོག་འདོན་མཁན་ཞིག་རེད། དེ་ཡང་མ་རེད། སྒྱུ་རྩལ་ཟེར་ན་ཡང་མི་འགྲིག་སྟེ། ཁོས་བཤད་ན། སྒྱུ་རྩལ་ནི་གཞན་ཡིད་འགུགས་པའི་ཆེད་དུ་འཆར་འགོད་བཟོས་པ་ཞིག་ཡིན་ལ། ཁོས་ཐུན་མོང་མིན་པའི་རྣམ་པ་ཞིག་ལ་དོན་དུ་གཉེར་བ་ནི། རང་ཉིད་ངོས་འཛིན་པ་འམ་འཚོལ་བའི་དོན་དུ་ཡིན་པར་ཟློ་བས། སྒྱུ་རྩལ་ནི་ཁོས་རང་ཉིད་ཀྱི་དགའ་ཕྱོགས་ཤིག་ལ་བརྩི་བཞིན་མེད། 

 

《3》

དུས་ཚོད་བརྒྱད་པ། 8:00 

       ཁོས་བསམ་བློ་བཏང་ཡག་མ་བྱས་བར་དུ་རང་ཉིད་ད་དུང་མལ་ན་ཉལ་ཡོད་པར་ཡིད་ཆེས་ཐབས་མ་བྱུང་། ཅོང་བརྡ་ལ་ཡང་ཡང་ཉན་ནས་མིག་ཕྱེས་ཚེ། སྣང་བ་འདི་དངོས་ཡོད་ཡིན་པར་ཡིད་ཆེས་མི་བྱེད་ཀ་མེད་རེད་ལ། ཁོའི་མགོ་བོ་གཞི་ནས་བཀྱགས་ཏེ་སློབ་ཁྲིད་ལ་འགྲོ་དགོས་པ་དང་ཁ་ལག་བཀྲུ་བ་དང་ནངས་ཇ་འཐུང་བ་སོགས་ཀྱང་གཞི་ནས་བྱེད་དགོས་པར་ཡང་ཡིད་ཆེས་མི་བྱེད་ཀ་མེད་རེད།  ཞོགས་པའི་དཀར་འོད་སྒེའུ་ཁུང་གི་ངོས་སུ་བླུགས་ནས་ཅི་ཙམ་འགོར་སོང་བ་མི་ཤེས་ལ། ད་ལྟ་སྒེའུ་ཡོལ་འདིས་ཚོགས་ཐབས་མེད་པར་ནང་དུ་བཙིར་བཞིན་པ་དེ། ཁོ་ལ་བལྟ་མཁན་གྱི་མི་མང་པོ་ཞིག་སྡོད་ཤག་འདིར་འཛུལ་འོང་བ་དང་མཚུངས་བར་ཁོ་རང་ཉལ་མི་བཟོད་པ་ཞིག་ཏུ་བཏང་སོང་། ཁོ་སློབ་གླིང་འདིར་བསྡད་པའི་ལོ་ཟླ་དེ་དག་ལ་དུས་ཚོད་བརྒྱད་པའི་སྟེང་གི་དཀར་འོད་དེས་ཁོའི་སྡོད་ཤག་བརྐོས་ནས་ཅི་ཙམ་འགོར་སོང་བ་དང་། ནམ་ཞིག་ལ་ཕུག་ཐུབ་སོང་བ་ཤེས་མ་མྱོང་ལ། ཁོས་ཤེས་པ་ནི་མུན་རུབ་ཁར་དཀར་འོད་འདི་ཕར་ཇི་ལྟར་ནུབ་པའི་གནས་བབས་ཁོ་ན་ཡིན། ཕྱིར་འདང་ཞིག་བརྒྱབ་ན། ད་སོ་མའི་གཉིད་ལམ་ཐུང་ཐུང་འདི་འདྲ་ཞིག་ལ་དུས་ཚོད་དེ་འདྲའི་མང་པོ་བེད་སྤྱོད་བྱས་སོང་བ་འདི་ཆེས་འགྱོད་པ་ཞིག་རེད་ཨང་། གཉིད་ལམ་ནང་གི་ལྟ་གྲུབ་དེ་ཡང་ལད་ཟློས་ཙམ་ལས་མ་འདས་པས་ཅིའི་ཕྱིར་ཐུན་མིན་ཞིག་ཏུ་རྨིས་ནས་རང་ཉིད་སྤྲོ་བ་ཡིན་ནམ། ཅིའི་ཕྱིར་གཉིད་ལམ་དེ་འདྲ་ཞིག་རྨི་དགོས་དོན་ཡོད་དམ་སྙམ་ནས་མཚར་སྣང་སྐྱེ་ན་ཡང་།  ཁོས་སླར་ཡང་མདང་དགོང་བསམ་གཞིག་བཏང་ནས་དུས་ཚོད་གསུམ་པ་ལ་ལྷག་སོང་བའི་བག་ཆགས་དེས་ཡིན་ཡང་སྲིད་སྙམ་བཞིན་དེ་ལྟར་ཡང་བསྐྱར་མདང་ནུབ་བསམ་གཞིག་བྱས་ནས་ལུས་པའི་བདག་འདོད་ཚུལ་གྱི་སྐོར་རམ། རྣམ་ཤེས་ནི་ངེས་པར་དུ་ཁྲག་དང་འབྲེལ་བ་འདུག་ལ། རྣམ་ཤེས་ཁྲག་ཡིན་པའི་དམ་བཅའ་གསར་གཏོད་ཅིག་ཨི་འཁྱོངས་ཀྱི་བསམ་བློ་འཕྲོ་མ་དེ་དྲན་ནས་དེའི་སྐོར་ལ་བསམ་གཞིག་གཏོང་དགོས་སྙམ། ཡིན་ཡང་། ཆོས་ལུགས་དང་རྒྱལ་ཁབ། ཚན་རིག་པ་དག་གི་བདག་འདོད་ཚུལ་ཉིན་བཞིན་ལད་ཟློས་བྱས་ནས་དཔྱད་པ་གཏོང་བའི་ཁ་སང་གི་སློབ་ཁྲིད་དེ་དྲན་པ་དང་། དེ་རིང་སྔ་མོར་ཡང་སློབ་ཁྲིད་དེའི་བསྐྱར་སྦྱོང་གི་ཟབ་ཁྲིད་ཅིག་ཡོད་པར་བཤད་པ་ཡང་དྲན་ནས། སྒྲིག་གིས་བསྡམས་པའི་སེམས་ཁམས་དེའི་དབང་གིས་བགྲོ་གླེང་ཁང་དུ་འགྲོ་བའི་བསམ་པ་མི་འཆང་ཀ་མེད་བྱུང་། སྐབས་དེ་དག་ལ། ཁོ་རང་མནར་སའི་མལ་ས་འདིས་ཁོ་རང་ལྷག་ཏུ་གཅེས་པའི་ཚུལ་གྱིས་ང་ཡི་དྲོད་ཁོལ་ལ་རོལ་དང་གསུངས་པ་དང་འདྲ་བར་ཁོའི་ཉོབ་དུབ་དང་ཚོར་བ་སྟེ་ཚུགས་ཐུབ་ཏུ་འགྲེང་མི་ཐུབ་དག་ལ་དམ་དུ་འཁྱུད་ནས་མི་གཏོང་བའི་བསམ་པ་འཆང་བྱུང་།  ཡིན་ན་ཡང་། སློབ་ཁྲིད་ལ་འཕྱི་འགྲོ་བའི་སེམས་འཚབ་བཙན་པོ་དེས་དེད་པས། ཁོས་ཨུ་ཚུགས་བྱས་ཏེ་མལ་ས་འདིའི་བརྩེ་བ་དང་བསླུ་བྲིད་ཡོངས་སུ་དོར་དགོས་སྙམ་གྱིན་ལུས་ཟུངས་ཤེད་ཀྱིས་འགུལ་བ་ན།   ཟླ་དྲུག་ཡར་མར་ཚུན་ཆོད་ནས་ཁོས་ཤེར་རྟོག་རིག་པ་ལ་ཅི་འཇོན་གྱིས་སྦྱང་བ་བྱས་ན་ཡང་ཐུན་མོང་མིན་པའི་གསར་གཏོད་ཅི་ཡང་མ་འཇོན་མོད། ད་ལྟ་ཁོས་དེ་སྔོན་ལ་ཤེར་རྟོག་རིག་པ་ལས་གཞན་དང་མ་འདྲ་བ་ཞིག་འཚོལ་བའི་དོན་དུ་ཞོགས་པར་སྔ་ལངས་མ་ཐུབ་ཀྱང་དགོང་མོར་ཉལ་འཕྱི་བྱས་པའི་རྐྱེན་གྱིས་ཡིན་ནམ། གང་ལྟར་ཞོགས་པ་འདིར་ཁོས་དངོས་སུ་རང་གི་ཁོར་ཡུག་དང་སློབ་གྲྭ་འདིར་མེད་པའི་གཞན་དང་མི་འདྲ་བའི་ཆམ་ནད་གསར་བ་ཞིག་གསར་གཏོད་བྱས་འདུག
                        རྩོམ་སྒྲིག་པ། འཕགས་མི།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease