མིའི་རི་མོ་ནང་ན་ཡོད།

    རྩོམ་པ་པོ། ཆང་གཞོན་ནུ།


མིའི་རི་མོ་ནང་ན་ཡོད། 

 
                     
ཆང་གཞོན་ནུ། མཚོ་ལྷོ།

           ཐར་ཡག་ལ་ཁ་པར་སླེབས་བྱུང་།“ཝེ། ཐར་ཡག གང་ན་ཡོད། ངེད་ཚང་ལ་ཆང་འཐུང་དུ་ཤོག”གསང་བདག་གིས་དེ་ལྟར་བཤད། ཐར་ཡག་གིས“དེ་རིང་དངོས་གནས་ཁོམ་པ་མེད། སང་ཉིན་ཡོང་ན་ཆོག་གམ། ”གསང་བདག་གིས“ད་ཁྱོད་ལ་མི་ཁོམ་རྒྱུ་ཞིག་མེད། མྱུར་མོར་ཤོག་དང་བསྒུགས་ནས་ཡོད”ཅེས་བཤད། ཐར་ཡག་གིས་ཁ་ལག་བཀྲུས་རྗེས་འཕྲུལ་རྟར་ཞོན་ཏེ་གསང་བདག་ཚང་གི་ཕྱོགས་སུ་ཆས། གསང་བདག་དང་ཐར་ཡག་གཉིས་ནི་ཆུང་གྲོགས་ཡིན་ལ། བློ་ཁ་ཧ་ཅང་མཐུན་པས་དུས་རྒྱུན་ཕན་ཚུན་ལ་མགྲོན་འབོད་བཏང་ནས་མཉམ་དུ་ཇ་ཆང་ལ་རོལ་བ་དང་རྩེད་མོ་རྩེ་བར་བྱེད། ཡིན་ན་འང་ཐར་ཡག་ཚང་གི་ཁྱིམ་གྱི་ཆ་རྐྱེན་ཞན་པས་ཁོ་ཚང་གི་ཨ་མ་བགྲེས་མོ་དེ་ད་དུང་སྨན་ཁང་དུ་ཡོད་པར་ཡང་སྨན་རིན་སྤྲོད་པར་དཀའ་ཁག་བྱུང་ཡོད།གསང་བདག་ཚང་ནི་དེ་ལས་ལྡོག་སྟེ་སྡེ་བ་དེའི་ནང་གི་གཏེར་བདག་ཚང་ཡིན་པར་མ་ཟད་ན་ནིང་ལོ་ནས་བཟུང་གསང་བདག་ནི་ནང་ལོག་གི་གྲོང་ཁྱེར་ཆེ་གེ་མོའི་ཀུང་ཟི་ཞིག་གི་མགོ་གཙོར་བསྡད་པས་རྒྱུ་འབྱོར་གྱི་ཕྱོགས་ནས་གཞན་ལ་སྨོན་མི་དགོས་སོ། །

             ཐར་ཡག་གསང་བདག་ཚང་ལ་ཐོན་སོང་། གསང་བདག་གིས་གདོང་ལ་མཛུམ་མདངས་མངོན་ནས་ཐར་ཡག་ལ་བསུ་བ་བྱས། “སྦྱིན་བདག་ཆེན་མོ་བདེ་མོ་ཡིན་ན། ”ཐར་ཡག་གིས་ཀུ་རེ་དང་བདེན་གཏམ་འདྲེས་མའི་ངང་དེ་ལྟར་བཤད།“སྦྱིན་བདག་ཆེན་མོ་བདེ་མོ་ཡིན། ཐར་བྷ་གྲོ་རྐུན་བདེ་མོ་ཡིན་ན། ”གསང་བདག་གིས་དེ་ལྟར་བཤད་པར་ལྷ་ཡག་གིས“གྲོ་མ་རྐུ་མཁན་ང་གཅིག་པུ་ག་ལ་ཡིན། དེ་དུས་ཁྱོད་ཀྱིས་གྲོ་མ་རྐུ་བར་གྲོས་མགོ་བཏོན་པ་མ་ཡིན་ནམ། ”
               
           དེ་ནི་ཐར་ཡག་དང་གསང་བདག་གཉིས་ཆུང་དུས་ཁྱིམ་མཚེས་ཡིན་སྐབས་ཁོ་གཉིས་ཀྱིས་གསང་བདག་ཚང་ནས་གྲོ་མ་མང་བོ་ཞིག་བརྐུས་ཏེ་ལྐོག་ཏུ་ཟོས་རྗེས་ཁོ་ཚང་གི་ཨ་ཕས་ཤེས་ནས་ཁོ་གཉིས་ལ་ཆད་པ་བཅད་པའི་འདས་དོན་ཞིག་དང་འབྲེལ་བ་ཡོད། གསང་བདག་ཚང་གི་ཨ་ཕས་ཁོ་གཉིས་བདའ་ནས་སྟབས་མ་ལེགས་པར་ཐར་ཡག་ཐང་ལ་འགྱེལ་ནས་ཐོད་པར་རྨ་ཁ་ཞིག་བཏོད་པ་ཐར་ཡག་གི་གདོང་ན་ད་དུང་རྨ་ཤུལ་དེ་ཡོད་པས་འདས་དོན་དེ་ནི་ཁོ་གཉིས་ཀྱིས་བརྗེད་ཐབས་བྲལ་ཅིང་ཡིད་ལ་ཤར་ཐེངས་རེར་དགོད་ཁ་ཤོར་ནས་ཆུང་དུས་ཀྱི་འཚོ་བ་གླེང་བར་བྱེད།

            དེ་རིང་ཡང་གསང་བདག་དང་ཐར་ཡག་གཉིས་ཀྱིས་ཆང་འཐུང་ཞོར་ཁ་བརྡ་བྱས་ནས་ཆུ་ཚོད་བཅུ་གཉིས་པ་ཡོལ་ཟིན། ཁོ་གཉིས་ལ་ད་དུང་བཤད་ཚར་རྒྱུ་ཞིག་མི་འདུག སྐབས་རེར་ཆུང་དུས་ཀྱི་བྱ་བ་རྣམས་གླེང་ནས་ཧབ་ཆ་རྒྱག་པ་སོགས་བྱས་ཏེ་ཡུན་རིང་ཞིག་ལ་བསྡད་རྗེས་ཕན་ཚུན་གཅིག་གིས་གཅིག་བསྐྱོར་ནས་འཁྱར་མ་འཁྱོར་གྱིས་ཉལ་ཁང་དུ་ལོག་སོང་། ཕྱི་ཉིན་ཐར་ཡག་སྨན་ཁང་དུ་སོང་བ་ན་ཨ་མ་བགྲེས་མོར་གཤག་བཅོས་བྱ་དགོས་པས་སྒོར་མོ་སྔོན་དུ་སྤྲོད་དགོས་པ་དང་གཤག་བཅོས་ལེགས་འགྲུབ་ཡོང་བར་ཁག་ཐེག་ཀྱང་བྱ་མི་ནུས་ཚུལ་བཤད་པས་ཐར་ཡག་གིས་ཁྱིམ་གྱི་རྒྱུ་ནོར་ཡོངས་རྫོགས་བཏང་ནས་ཨ་མ་བགྲེས་མོའི་དོན་དུ་སྨན་ཁང་དུ་བྱིན།
                      
            ཡིད་སྐྱོ་བ་ཞིག་ལ་ཨ་མ་བགྲེས་མའི་གཤག་བཅོས་ལེགས་འགྲུབ་མ་བྱུང་བར་མ་ཟད་ཁོའི་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་སྟོངས་པས་ད་ནི་ཅི་ཞིག་བྱ་ཨང་།ཁོ་ལ་དཔལ་འབྱོར་ཕྱོགས་ཀྱི་རོགས་རམ་མཁོ་བ་ནི་སྨོས་མ་དགོས་མོད།ཁོ་ནི་ཆུང་དུས་ནས་རང་བརྩིའི་བསམ་པ་ཤིན་ཏུ་མཐོ་བའི་མི་ཞིག་ཡིན་སྟབས་གྲོགས་པོ་ཡིན་ཡང་ཕར་ལ་རོགས་རམ་མཁོ་བའི་གཏམ་བཤད་རྒྱུ་ནི་ཤིན་ཏུ་ཁག་པའི་ལས་ཤིག་རེད། ཡིན་ན་འང་ད་ནི་ཁོ་རང་ཨུ་ཐུག་ཐབས་ཟད་དུ་གྱུར་པས་ཁོའི་གྲོགས་པོ་གསང་བདག་ཡོད་སར་ཕྱིན།གསང་བདག་སྐབས་དེར་ནང་ལོག་ཏུ་གནས་སྤར་ནས་ཁང་བརྩེགས་མཐོན་པོ་ཞིག་ཏུ་གཞི་བཅས་ནས་བསྡད་ཡོད། ཐར་ཡག་གིས་ཁོ་ནི་ངའི་བློས་ཐུབ་ཀྱི་གྲོགས་པོ་ཡིན་པས་ང་ལ་རོགས་སྐྱོར་བྱེད་པ་ཁོ་ཐག་ཡིན་བསམས་ནས་སོང་། འོན་ཀྱང་གསང་བདག་གིས་ཁོ་ལ་རོགས་རམ་གང་ཡང་མ་བྱས། ཁོས་ཇ་གང་འཐུང་རྗེས་རེ་བ་མེད་པ་ཤེས་ཏེ་ཕྱིར་བུད་སོང་། ལམ་བར་དུ་རྒན་པོ་ཞིག་ལ་རླངས་འཁོར་གྱིས་བརྒྱབ་སྟེ་ཐང་དུ་འགྱེལ་ནས་ཡར་ལངས་ཐུབ་ཀྱིན་མེད་པ་དང་། རླངས་འཁོར་དེའང་བྲོས་སོང་བས་ཁོས་རྒན་པོ་དེ་ཁྱེར་ནས་སྨན་ཁང་དུ་བསྐྱལ།
                 
          རྒན་པོ་ནི་ཕྱུག་བདག་ཆེན་པོ་ཞིག་ཡོན་པས་ཐར་ཡག་ལ་དྲིན་གཟོ་བའི་ཕྱིར་ཁོའི་རྒྱུ་ནོར་གྱི་ཕྱེད་ཀ་བྱིན་པས་ཐར་ཡག་སྐད་ཅིག་དེ་ཉིད་ལ་ཕྱུག་པོར་གྱུར་སོང་། ཁོའི་སྔོན་གྱི་གྲོགས་པོ་གསང་བདག་ཡོད་སའི་ཁ་གཏད་ནས་ཁང་བརྩེགས་གསང་བདག་ཚང་གི་ཁང་བ་ལས་ཀྱང་མཐོ་བ་ཞིག་ཉོས་རྗེས་གཞི་བཅས་པ་རེད། ཐར་ཡག་གིས་དེ་ནས་བཟུང་ཚོང་ལས་གཉེར་ཏེ་ཁྱིམ་ཚང་སྔར་ལས་འབྱོར་ཕྱུག་རྒྱས་ཤིང་ཁོ་རང་གི་སྙན་གྲགས་ཀྱང་རིམ་བཞིན་ཇེ་ཆེར་གྱུར། དེ་ལྟར་ཁོ་རང་ལ་དགའ་གྲོགས་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པ་དང་མཉམ་དུ་ཆང་ས་རྒྱག་པའི་དུས་ལ་བབས་ཏེ་ཕྱོགས་སོ་སོའི་སྐུ་མགྲོན་ཚང་མར་མགྲོན་བརྡ་བཏང་།ཐར་ཡག་གིས་འཛུབ་མོ་ནང་འགུག་བྱས་ཏེ་ཇི་ལྟར་བརྩིས་ཀྱང་ད་དུང་མི་ཞིག་ཆད་པའི་ཚོར་བ་བྱིན། རེད། གསང་བདག་རེད། ཐར་ཡག་གིས་མི་ལོའི་དུ་མའི་སྔོན་གྱི་འདས་དོན་ལ་ཕྱིར་དྲན་ཞིག་བྱས་རྗེས་ཁོ་རང་དཀའ་ཁག་གི་སྐབས་སུ་རོགས་རམ་མ་བྱས་པ་དྲན་ཞིང་། ཡང་ཁོ་གཉིས་ཀྱི་ཆུང་དུས་ཀྱི་བརྩེ་འདང་ལ་འདང་བརྒྱབ་སྟེ་ཐར་ཡག་གིས་གསང་བདག་ལ་མགྲོན་ཤོག་བཏང་བྱུང་། 

               ཐར་ཡག་གི་གཉེན་སྟོན་ཉིན་མོར་གསང་བདག་སླེབས་བྱུང་། གསང་བདག་གི་ གདོང་ལ་འཛུམ་གྱིས་ཁེངས་ནས་ཐར་ཡག་ལ་རྟེན་འབྲེལ་ཞུས། ཐར་ཡག་གིས“ང་ལ་ཆུང་དུས་ཤིག་ནས་བརྩེ་འདང་ཤིན་ཏུ་ཟབ་པའི་གྲོགས་པོ་ཞིག་ཡོད། ངེད་གཉིས་ཆུང་དུས་རྩེད་ར་གཅིག་ནས་ནར་སོན་ཞིང་མཉམ་དུ་གྲོ་མ་བརྐུས་ནས་ཟོས་མྱོང་ལ། གཞན་གྱིས་བདའ་ནས་མཉམ་དུ་གང་དུ་འབྲོ་དགོས་པ་མ་ཤེས་པར་ཡང་འདུག་མྱོང་། འོན་ཀྱང་ལོ་ན་ཚོད་རིམ་གྱིས་རྒྱས་ཏེ་ཁོ་ཕྱུག་པོ་ཡིན་དུས་ང་ལ་དཀའ་ཁག་བྱུང་ཡང་ཁོས་རོགས་རམ་ཏིལ་འབྲུ་ཙམ་ཡང་མ་བྱས་པས་ང་རང་ཤིན་ཏུ་སེམས་སྐྱོ་བར་གྱུར་ནས་ཁོ་རང་ངའི་གྲོགས་པོ་ཡིན་མིན་ལ་འང་དོགས་པོ་ཟ་དགོས་བྱུང་། ”ཞེས་བཤད།
                   
             གསང་བདག་ལ་སྣང་དོགས་སྤུ་ཙམ་ཡང་མེད་པར་ཆང་ཕོར་གང་ཧུབ་ཐེངས་གཅིག་གིས་འཐུང་རྗེས“སྔོན་ཆད་ང་ལའང་ཁྱོད་ཀྱིས་བཤད་པའི་གྲོགས་པོ་དེ་འདྲ་ཞིག་ཡོད། ངས་མི་གཞན་ལས་ལྷག་པའི་སྒོ་ནས་ཁོ་ལ་རྒྱུས་ལོན་བྱས་ཡོད་པར་མ་ཟད་ངེད་གཉིས་མཛའ་བརྩེ་ཟབ་པས་དུས་རྒྱུན་གནས་གཅིག་ཏུ་འཛོམས་ནས་ཆང་འཐུང་ནས་ནང་གཏམ་དང་གསང་གཏམ་གང་མང་བཤད་མྱོང་། ཡིན་ན་འང་ཁོའི་ཁྱིམ་གྱི་ཆ་རྐྱེན་དེ་འདྲ་མི་བཟང་བར་མ་ཟད་ཐེངས་ཤིག་ཁོའི་ཨ་མ་བགྲེས་མོ་ཚེ་ལས་འདས་ཏེ་རྒྱུ་འབྱོར་གྱིས་སྟོངས་ནས་ངའི་སར་སླེབས་བྱུང་། ཡིན་ནའང་ང་ཁོ་ལ་ཤིན་ཏུ་ཆ་རྒྱུས་ཡོད་པས་ཁོ་རང་མི་རང་བརྩིའི་བསམ་པ་ཤིན་ཏུ་མཐོ་བ་ཞིག་ཡིན་པས་ངས་ཁོའི་ཁ་ངོ་བསམས་ཏེ་ཁོ་ངེད་ཚང་དུ་ཡོང་དུས་དེའི་སྐོར་ཅི་ཡང་མ་བཤད། དྲང་མོར་བཤད་ན་ཁོ་རང་ངའི་འགྲམ་དུ་ཡོང་དོན་ཤེས་ལ་ཁོས་ང་ལ་དཔལ་འབྱོར་གྱི་རོགས་རམ་དགོས་ཚུལ་སྐོར་གྱི་ཁ་གྲག་རྒྱུ་ཡང་ཧ་ཅང་དཀའ་བ་ཤེས། དེ་བས་ངས་ཁོ་རང་སོང་རྗེས་ངེད་ཚང་གི་ཞབས་གཡོག་པ་རྒན་པ་ཞིག་ཡོད་པ་དེར་རླངས་འཁོར་གྱིས་རྡུང་ཁུལ་གྱིས་རྒན་པོ་བརྒྱུད་ནས་ངའི་རྒྱུ་ནོར་གྱི་ཕྱེད་ཀ་གྲོགས་པོ་ཁོ་ལ་བྱིན་ཟིན། ཡིན་ཡང་ཁོས་སྔོན་ཆད་ཆུང་དུས་ཀྱི་མཛའ་བརྩེ་བསམས་ནས་དུས་ཕྱིས་ཀྱི་ངའི་བྱ་སྤྱོད་ལ་གུ་ཡཐས་གནངས་ཏེ་ང་འང་ཁོའི་གཉེན་སྟོན་དུ་བོས་བྱུང་། དེ་བས་ང་སེམས་གཏིང་ནས་དགའ་ཡོད།

          ད་ལྟ་ངས་ཁོ་ནི་ངའི་མི་ཚེ་འདིའི་ཆེས་མཛའ་བརྩེ་ལྡན་པའི་ཕྱི་ཐག་རིང་བའི་བློས་ཐུབ་ཀྱི་གྲོགས་པོ་དེ་ཡིན་པ་ཤེས་སོང”ཞེས་བཤད། ཐར་ཡག་གི་སེམས་པ་སྐྱོ་བས་གཡོས་ཏེ་ལག་པ་ལྕུགས་ལྕུག་ཏུ་འདར་ནས་མིག་ལས་མཆི་མའི་རྡོག་པོ་ཕྲེང་ཐག་ཆད་པ་ལྟར་འཐོར་སོང་། 

                                      རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease