ནད་ཡམས།

    རྩོམ་པ་པོ། ཀླད་ཀོར། རི་མོ་བ། རྐང་ཐང་བ།


ནད་ཡམས།
                       རྩོམ་པ་པོ། ཀླད་ཀོར།   རི་མོ་བ། རྐང་ཐང་བ།
       
      ངས་ནམ་ཡང་གནམ་གཤིས་མཁས་པ་དང་ས་གཤིས་མཁས་པ་གང་རུང་ཞིག་ལུང་མོ་ཐང་དུ་ཕེབས་པར་བསྒུགས་ཡོད། མཁས་པ་གང་རུང་གནམ་གྲུ་ཐང་གི་ལས་རེས་ཁང་འདིའི་ནང་དུ་འཛུལ་ཡོང་ནས་ལུང་མོ་ཐང་གི་གནམ་གཤིས་དང་ས་གཤིས་གང་རུང་ཞིག་དྲིས་ཚེ་ང་ལ་བཤད་རྒྱུ་ཧ་ཅང་མང་པོ་ཡོད། 
     ལུང་མོ་ཐང་ནི་རྒྱ་མཚོ་ངོས་ལས་རྨིད་༤༠༠༠ལྷག་ཙམ་ཡོད་པའི་འབྲོག་ཐང་ཞིག་རེད། ས་མཁའ་ཧ་ཆང་མཐོ་བས་གནའ་ནས་ད་བར་མི་སུས་ཀྱང་གྲོ་ནས་སྲན་གསུམ་བཏབ་པའི་བསམ་བློ་འཁོར་མ་མྱོང་བ་འདྲ་སྟེ། རྒྱ་ཆེ་བའི་སྤང་ཐང་གི་སྟེང་དུ་རང་བྱུང་ངང་སྐྱེས་པའི་རྩྭ་ཕྲན་ལས་མིས་བཏབ་པའི་རྩི་ཤིང་གང་ཡང་མཐོང་མི་ཐུབ། སྣང་ཚུལ་འདི་དག་ལ་ཡ་མཚན་རྒྱུ་མེད་མོད་ཡ་མཚན་པ་ཞིག་ནི་ས་ཆ་འདིར་དགུན་ཁར་གྲང་སྣང་མི་སྐྱེས་ལ་སྤྱི་ཟླ་གསུམ་པ་ཙམ་ནས་སྐྱེ་དངོས་ཡོད་ཚད་རྒྱས་ཏེ་དཔྱིད་ཀ་ཤར་བའི་སྣང་ཚུལ་བསྟན་པ་དེ་རེད། སྣང་ཆུལ་དེ་དག་ནི་ས་མཁའ་མཐོ་བའི་ཡུལ་ཞིག་ལ་མཚོན་ན་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་པས་ངས་ནམ་ཡང་ས་ཆ་འདི་གའི་གནམ་གཤིས་དང་ས་གཤིས་ལ་བརྟག་དཔྱད་བྱེད་དུ་ཡོང་མཁན་གྱི་མཁས་པ་ཞིག་བསྒུགས་བསྡད་པ་ཡིན། མཁས་པ་དེ་འདྲ་ཞིག་ངའི་ལས་རེས་ཁང་དུ་ཐོན་ཚེ། ངས་ཁོ་ལ་ལོ་འདི་གར་ས་ཆ་འདི་ནས་ཐོན་པའི་སྣང་ཆུལ་ཡ་མཚན་དེ་དག་གསལ་བཤད་བྱེད་ངེས། མིང་ལ་དཔལ་བཟང་ཟེར་བའི་འབྲོག་པ་ཞིག་གིས་སྦྲའི་གཡས་གཡོན་དུ་རྒྱ་ལེ་1སྡོང་པོ་མང་པོ་བཙུགས་པས་ལོ་འགའ་ཡི་རྗེས་སུ་རྒྱ་ལེ་འབྲས་བུ་མགོ་འདྲ་མང་པོ་བཏགས་པ་དང་ཚོང་རྟགས་ལ་‘རྒྱ་མཚོའི་ངོས་ལས་སྨིད་༤༠༠༠ཡན་དུ་སྐྱེས་པའི་རྒྱ་ལེ’ཞེས་བཏགས་ནས་ས་ཆ་གང་སར་འཚོང་གིན་ཡོད། ད་ལྟ་ཁོའི་འབྲོག་ཐང་གི་མིང་ལ་‘དཔལ་བཟང་ཤིང་འབྲས་ར་བ’ཟེར་བ་ཡིན། དེའི་ནང་རྒྱ་ལེ་སྡོང་པོ་ཙམ་མ་ཟད། ཁམ་བུ་དང་སེའུ། རྒུན་འབྲུམ་སོགས་ཀྱི་ལོ་འདབ་རྒྱས་ལུགས་ལ་བལྟས་ན་མི་རིང་བར་གཡུར་ཟའི་འབྲས་བུ་སྨིན་སྲིད། སྔོན་སྦྲ་ནག་ཡོད་སར་ད་ལྟ་‘དཔལ་བཟང་གཞུང་སྒྲུབ་ཁང་’ཞེས་པའི་ཐོག་བརྩེགས་ལྔ་ཅན་གྱི་ཁང་པ་ཞིག་བརྒྱབ་ཡོད། ངས་སྣང་ཚུལ་ཡ་མཚན་དེ་ས་གཤིས་མཁས་ཅན་དང་གནམ་གཤིས་མཁས་ཅན་གང་རུང་ཞིག་ལ་གསལ་བཤད་བྱེད་འདོད་ནས་ལས་རེས་ཁང་བརྒྱུད་དེ་འགྲོ་བའི་མིག་ཤེལ་ཅན་ཚོ་ལ་“ཁྱོད་རང་གནམ་གཤིས་རིག་པ་མཁས་ཅན་དེ་འདྲ་ཡིན་ནམ”ཞེས་འདྲི་དགོས་བྱུང་། ཡིན་ཡང་ཁོ་ཚོས་མཚར་སྣང་དང་བཅས་“མིན། ང་ལྗོངས་རྒྱུ་བ་ཡིན”ཞེས་ལན་བཏབ། ང་རང་སེམས་ཧ་ཅང་སྐྱོ་ནས་སྒེའུ་ཁུང་ཕྱི་རོལ་དུ་བལྟ་དུས་ལས་རེས་ཁང་གི་ཁ་གཏད་དུ་ཡོད་པའི་སྤང་ཐང་བདེ་མོ་དེའི་ཐོག་ཏུ་རྒྱ་མོ་ཞིག་གད་པ་ཞིག་ལ་འཛེགས་པ་བཞིན་གཟབ་གཟབ་བྱས་ནས་འགྲོ་བཞིན་པ་མཐོང་། མོས་སྤང་ཐང་ཐོག་གི་རླངས་པ་དཀར་ཐོལ་ཐོལ་བྱེད་པའི་ལྕི་བ་ཞིག་ལ་པར་མང་པོར་བརྒྱབ་སོང་། ངའི་ཨ་ཕ་མི་ཡུལ་དུ་ཡོད་དུས་“ཉི་མ་ལྷ་ས་སོགས་ས་ཆ་གང་དུ་འགྲོ་ནའང་སྐྱིད་རྒྱུ་ཡོད་པ་མ་རེད། དེ་ལས་རང་ཁྱིམ་དུ་ཙོག་པོ་བསྡད་ན་དགའ”ཟེར། ངས་དུས་རྒྱུན་ཨ་ཕ་འདས་པོའི་སྐད་ཆ་ཡང་ཡང་དུ་དྲན་ཡོང་ལ་གང་སར་གང་དུ་འགྲོ་བཞིན་པའི་རྒྱ་མི་དེ་དག་མཐོང་མ་ཐག ཁོ་ཚོ་རང་ཁྱིམ་དུ་ཙོག་པོ་མ་སྡོད་པར་གང་ས་གང་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་ཅི་ཞིག་འཚོལ་གྱིན་པ་ཡིན་ནམ་སྙམ། 

   ལུང་མོ་ཐང་གི་གནམ་གཤིས་དང་ས་གཤིས་རྒྱུན་ལྡན་མིན་པ་འདི་ཅི་འདྲ་བྱུང་བ་ཡིན་ནམ་སྙམ་གྱིན་ཐམས་ཅད་མཁྱེན་པ་པེ་ཏུའུ་2ནང་འཚོལ་དུས་པེ་ཏུའུ་ནང་ས་གཤིས་གནམ་གཤིས་སོགས་ཞིབ་ཆའི་གནས་ཚུལ་ཕར་ཞོག་ལུང་མོ་ཐང་ཞེས་པའི་ས་མིང་དེ་ཡང་རྙེད་ཀྱི་མི་འདུག དེའི་ཚབ་ཏུ་མཛེས་མ་ཕལ་ཆེར་གཅེར་བུ་ཡིན་པ་ཞིག་གི་པར་ཐོན་བྱུང་། ངས་དེ་སྣང་མེད་དུ་བཞག་རྗེས་འོག་ཏུ་མུ་མཐུད་ནས་བཙལ་དུས་‘གསར་འགྱུར་གལ་ཆེ’ཞེས་པའི་ཁ་བྱང་ཞིག་མཐོང་བྱུང་། ངས་དེའི་ཁ་ཕྱེ་མ་ཐག་གསར་འགྱུར་དེ་ནི་ལུང་མོ་ཐང་དང་འབྲེལ་བ་མེད་པ་ཞིག་རེད། ཡིན་ཡང་མིའི་རིགས་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་ནི་རྒྱ་ནང་གི་གྲོང་
ཁྱེར་ལྦུའུ་ཧན་ནས་ཡིན་པའི་སྨན་པ་ཞིག་གིས་ནད་ཡམས་SARSདང་ཆེས་འདྲ་བ་ཞིག་དེང་སང་ལྦུའུ་ཧན་གྲོང་ཁྱེར་རི་དྭགས་ཀྱི་ཤ་འཚོང་ས་ཞིག་ནས་མཆེད་པའི་གནས་ཚུལ་གསལ་བཤད་བྱས་པ་དང་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པའི་སྐད་འཕྲིན་ནང་གི་ཁ་བརྡའི་པར་དེ་འདྲ་ཞིག་གསར་འགྱུར་གྱི་དཀྱིལ་དུ་བཅུག་འདུག ངས་གསར་འགྱུར་དེ་མཐོང་བས་ལུང་མོ་ཐང་གི་གནམ་གཤིས་ལ་བརྟག་དཔྱད་བྱེད་པའི་འདོད་པ་རྩ་བ་ནས་མེད་པར་གྱུར། ང་ཚོ་ནད་ཡམས་ཀྱིས་འཆི་ལ་ཁད་ཀྱི་ཚད་ལ་སླེབས་དུས་ད་དུང་གནམ་གཤིས་ཡག་མེད་ལ་བརྟག་ནས་སྡོད་མཁན་ཞིག་སུ་ཡོད། ངས་གསར་འགྱུར་སྤེལ་སའི་དྲ་བ་དེ་ལ་བརྟག་དཔྱད་བྱས་པ་བརྒྱུད་དྲ་བ་དེ་གཞུང་གི་དྲ་བ་ཞིག་མེད་ཀྱང་དམངས་ཁྲོད་ཀྱི་གལ་ཆེའི་གསར་འགྱུར་སྤེལ་གནས་ཞིག་རེད་འདུག ངས་གསར་འགྱུར་དེ་ཐད་ཀར་སྐད་འཕྲིན་ནས་སྤེལ་བ་ཡིན། ངས་སྐད་འཕྲིན་དུ་བཞག་པའི་གསར་འགྱུར་དེའི་འོག་ཏུ་མི་བཞི་བརྒྱ་ལྷག་གིས་སྙིང་རྟགས་དང་སྐད་ཆ་བཞག་འདུག དུས་རྒྱུན་ཁང་པ་དང་མོ་ཊ་ཅི་འདྲ་ཉོ་བར་སེམས་ཁུར་བྱེད་ཀྱིན་པའི་མི་རྣམས་ཀྱིས་ད་ནི་ནད་ཡམས་དང་འཆི་བར་སེམས་ཁུར་བྱེད་ཚུལ་གྱི་སྐད་ཆ་རེ་རེ་ལ་ལྟ་བཞིན་སྡོད་དུས་“ཏིང་ཏུང་ཏིང་ཏུང”ཞེས་ཁ་པར་སླེབས་བྱུང་།
  “ལྦེ”
  “བཞི་ཐོག་ལ་ཚོགས་འདུ་ཤོག”དཔོན་པོ་ཞིག་རེད།
  “ལགས་སོ”ཞེས་བཤད་རྗེས་ཚོགས་འདུ་སོང་།
  དུས་རྒྱུན་བཞིན་ཆོ་མེད་པའི་ཚོགས་འདུ་ཞིག་ཡིན་འོང་བསམས་ནས་ཚོགས་ཆེན་ཁང་དུ་འཛུལ་དུས་ལས་ཁུངས་ཀྱི་དཔོན་པོ་བཞི་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱིས་ང་རང་བསྒུགས་འདུག 
 “ཙོག ཙོག”འགོ་དཔོན་མིག་ཤེལ་ཅན་དེས་རྒྱ་སྐད་ཡིན་ནམ་བོད་སྐད་ཡིན་མི་ཤེས་པའི་སྐད་ཀྱིས་ང་ལ་འདི་ལྟར་ཟེར། ང་རང་ཁོས་ལག་པ་གཏད་སའི་འབོལ་ཁྲི་ཐོག་ཙོག་བསྡད། “རང་གིས་དེ་རིང་སྐད་འཕྲིན་དུ་འདྲ་མི་འདྲ་ཞིག་བསྐུར་འདུག་གཱ དེ་ད་ལྟ་ཉིད་དུ་སུབ་དགོས” སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་རེད་ཟེར་བའི་ནག་མོ་དེས་ང་ལ་བཤད།  ངས་སྐད་འཕྲིན་ནང་གི་གསར་འགྱུར་གལ་ཆེན་ཟེར་བ་དེ་བསུབས་པ་ཡིན། “དེར་མ་ཟད། རང་གི་སྐད་ཆ་དེ་རྫུན་མ་རེད་ཟེར་བའི་གསལ་བཤད་ཅིག་གྲོགས་ཚོམས་ནང་སྐུར་དགོས”འགོ་དཔོན་གྱི་གསལ་བཤད་ཀྱིས་ཚུལ་དུ་ནན་ཏན་ངང་བཤད།  ངས་སྐད་འཕྲིན་དུ་“དགོངས་པ་མ་ཚོམ། དེ་རིང་ངས་བསྐུར་བའི་གསར་འགྱུར་དེ་རྫུན་མ་རེད་བཞག”ཅེས་པ་ཞིག་བྲིས་རྗེས་གྲོགས་ཚོམས་སུ་སྤེལ་བ་དང་དེ་ཡོད་ཀྱི་འགོ་པ་རྣམས་ལ་བསྟན།
  “འགྲིག་བཞག འགྲིག་བཞག”ཁོ་ཚོས་ཡིད་མགུ་བ་དང་འདྲ་ལ་ད་དུང་ཡང་ཐེ་ཚོམ་ཡོད་པ་དང་འདྲ་བར་ང་ལ་འདི་ལྟར་བཤད། 
  “ཁྱོད་རང་གིས་མི་ཀུན་གྱི་སེམས་ལ་ཟང་ཟིང་བཟོ་བྱེད་ཀྱི་རྫུན་དེ་འདྲ་བཤད་དོན་ཅི་ཡིན”འགོ་པས་བཤད། ངས་དྲ་བའི་ནང་དུ་གནས་ཚུལ་དེ་འདྲ་ཞིག་མཐོང་བས་སྐད་འཕྲིན་དུ་སྤེལ་ཚུལ་དྲང་པོར་བཤད་པ་ཡིན། སྒྲིག་ལྷན་ཧྲུའུ་ཅི་ནས་“དྲྭ་ལམ་དུ་རྫུན་བཤད་པ་དང་མངོན་སུམ་འཚོ་བའི་ཁྲོད་རྫུན་བཤད་པ་གཉིས་གཅིག་པ་རེད། ཁྲིམས་ཆད་ཕོག་གི་རེད་དཱ”ཟེར།
  ཡུན་རིང་སྐད་ཆ་མ་བཤད་པའི་དཔོན་པོ་གཞན་ཞིག་གིས་“གོ་ཚུལ་ལ་རང་གིས་བོད་ཡིག་ཅུང་ཙམ་ཤེས་རེད་ཟེར། 《ས་སྐྱ་ལེགས་བཤད》ལ་བལྟས་མ་མྱོང་ངམ། དེའི་ནང་དུ་གང་ཞིག་བླང་དགོས་པ་དང་གང་ཞིག་དོར་དགོས་པ་གསལ་པོར་བསྟན་ཡོད་རེད། བླང་དོར་མ་ཤེས་པ་ཡོད་ཚད་ཚོར་སྣང་ཁོ་ནའི་རྗེས་སུ་བརྒྱུགས་ན་གྱོང་རག་གི་རེད་དཱ། དེ་རིང་རང་གི་བྱ་བ་འདི་རང་གི་མགོ་ལ་རང་གིས་སྟ་རེ་རྒྱག་པ་རང་རེད”ཟེར། 
  “རང་ནི་བོད་མི་ཞིག་ཡིན་གྱིན་དུ་ལས་རྒྱུ་འབྲས་ཟེར་བ་དེ་ཤེས་ཀྱི་འདུག་གམ”འགོ་དཔོན་གྱིས་ཀྱང་ཅུང་ཁོང་ཁྲོ་ལངས་འདྲའི་སྐད་ཆ་འདི་བཤད།
  “ངས་ཤེས”ངས་འགོ་དཔོན་གྱིས་བཤད་པའི་ལས་རྒྱུ་འབྲས་ཟེར་བ་དེ་དོན་དག་ཅི་ཞིག་ལ་གོ་བ་གསལ་ཆ་མེད་མོད། འགོ་དཔོན་གྱིས་འོག་ཏུ་གསལ་བཤད་ཟབ་མོ་ཞིག་བྱས་སོང་།
  “ཁྱོད་རང་ལས་རྒྱུ་འབྲས་ཤེས་མཁན་ཞིག་ཡོད་ན་ཁྱོད་རང་ལས་གནས་འདི་རུ་བཞག་མཁན་སུ་རེད། ང་ཚོ་རེད་དཱ། དང་པོ་ལུང་མོ་ཐང་གི་གནམ་གྲུ་ཐང་འདི་བརྒྱབ་ཚར་མ་ཐག ལས་རེས་ཁང་དུ་སྒོ་སྲུང་བྱེད་མཁན་གྱི་ལས་མི་ཞིག་བསྡུ་དུས་མི་མང་པོས་བང་རིམ་སྒྲིག་གིན་ཡོད། དེའི་ནང་ནས་ཁྱོད་རང་རིག་གནས་ཅུང་ཡོད་མཁན་ཞིག་ཡིན་པ་མ་ཟད། དྭ་ཕྲུག་ཞིག་ཀྱང་རེད་འདུག་པས་ཁྱོད་བདམས་པ་ཡིན། ཡིན་ཡང་ཁྱོད་རང་ཉིན་རྟག་པར་ལས་རེས་ཁང་དུ་ཁ་པར་རྩེད་ནས་སྡོད་པ་ལས་ལས་ཀ་ཅི་ཞིག་བྱེད་མྱོང་། ལས་ཀ་མེད་ཀྱང་ཙོག་པོ་སྡོད་མ་ཐུབ་པར་དྲ་ཐོག་ཏུ་མི་དགོས་རྒྱུ་ཚང་མ་སྤེལ་ཡོང་གི་འདུག ཁྱོད་ཀྱིས་དྲྭ་ལམ་དུ་བཤད་པའི་རྫུན་དེ་ང་ཚོ་གནམ་གྲུ་ཐང་གི་ལས་ཁུངས་འདིའི་ལ་རྒྱ་ལ་གནོད་གི་རེད་དཱ”ཟེར། ད་ལྟ་ང་ལ་ཕ་མ་མེད་ཀྱང་ལོ་ཉེར་ལྔ་ལ་སོན་ཡོད། ཁོས་ང་ལ་དཱ་ཕྲུག་ཅེས་འབོད་པས་ང་རང་སེམས་ཧ་ཅང་མི་དགའ་བར་གྱུར། ཁོ་ཚོས་སློབ་གསོ་བརྒྱབ་ཟིན་པ་འདྲ། ཚོགས་འདུ་གྲོལ་སོང་། རྣམ་འགྱུར་ལེགས་དགོས་ཟེར་ནས་ངའི་ལག་ཏུ་ངོས་ལེན་ཡི་གེ་འབྲི་བྱེད་ཀྱི་ཤོག་བུ་དང་སྨྱུ་གུ་བཞག་བྱུང་། ཕྱི་རོལ་དུ་ཐོན་དུས་གནམ་གྲུ་ཞིག་སེང་སྒྲ་དང་བཅས་གནམ་ཐང་དུ་བབས་བྱུང་ལ་དེ་ལས་ལྗོངས་རྒྱུ་བ་མང་པོ་བབས་སོང་། 
    ཁོ་ཚོས་མཐོ་སྒང་གི་ནམ་མཁའ་དང་ཉི་འོད། ས་གཞི་སོགས་མིང་གི་མཐོང་ཚད་ལ་པར་རྒྱག་གིན་ངའི་འགྲམ་ནས་ཕར་ཕར་བསྐྱོད་སོང་། ལྗོངས་རྒྱུ་བ་ཚོའི་གདོང་ལ་ནམ་ཡང་མཛུམ་མདངས་མེ་ཏོག་འདྲ་ལེ་ཞིག་བཞད་ཡོད་ལ་བགད་རྒྱུ་ཅི་ཞིག་ཡོད་པ་མི་ཤེས་པར་དགོད་སྒྲ་ལྷང་ལྷང་ངང་ཕར་བསྐྱོད་འགྲོ། ངའི་ཁོག་ནང་སེམས་ནད་ལུང་པ་གང་ཁུར་རྒྱུ་ཡོད་པས་ལྗོངས་རྒྱུ་བ་ནག་མོ་དེ་ཚོའི་ལུས་ནས་ལྡང་བའི་དྲི་བསུང་དེ་དག་གིས་ཀྱང་ངའི་སེམས་ཁམས་ཇེ་སྐྱིད་དུ་གཏོང་མ་ཐུབ། ང་རང་གནམ་གྲུ་ཐང་གི་ལས་རེས་ཁང་དུ་འཛུལ་རྗེས་ཁ་པར་ནས་ནོར་འཁྲུལ་ངོས་ལེན་ཡི་གེ་ཞིག་འཚོལ་བ་དང་དེ་ལ་བཟོ་བཅོས་ཅུང་བྱས་རྗེས་ཤོག་བུའི་ངོས་སུ་བཤུས། ང་རང་ངོས་ལེན་ཡི་གེ་ཁུར་ནས་འགོ་བ་འཚོལ་བར་འགྲོ་དུས། ལམ་བར་དུ་ལས་ཁུངས་འདིའི་ལས་མི་ཁ་ཤས་དང་འཕྲད། འཕྲད་དུས་ཁོ་ཚོས་ང་ལ་འཛུམ་དམུལ་དམུལ་དང་གུས་གུས་ཞུམ་ཞུམ་འདྲ་བྱས་མོད། གོམ་པ་གསུམ་ཙམ་བྲལ་དུས་གཅིག་གིས་“མི་འདི་ནི་རྫུན་ཕོ་3ཞིག་རེད”ཟེར་བ་གོ
  “རེད། དེ་རིང་ཁོས་སྐད་འཕྲིན་ནང་རྫུན་གནམ་ས་མི་ཤོང་བ་ཞིག་བཤད་ནས་མི་སེམས་ལ་ཟང་ཟིང་བཟོས་སོང་ཟེར”གཞན་ཞིག་གིས་འདི་ལྟར་བཤད་སོང་།
  “འོ། ཁོ་སྙན་ངག་འབྲི་མཁན་ཞིག་རེད། མི་ཀུན་བྱ་ཤ་བཟའ་བ་4དང་མཱ་ཅང་རྩེད་པ། KTVཆང་འཐུང་བ་སོགས་ཧ་ཅང་སྐྱིད་པོ་བྱས་ནས་དུས་ཚོད་ཕར་བསྐྱལ་དུས་ཁོ་ནི་བསམ་བློ་ཡུན་རིང་བཏང་རྗེས་ཁ་པར་ནང་སྙན་ངག་ཟེར་བའི་ཡི་གེ་ཡ་མཚན་འདྲ་བྲིས་བསྡད་གི་ཟེར”ཡང་གཞན་ཞིག་རེད།
  “ཧ་ཧ། ཁོ་ལ་སྨྱོན་ནད་ཅུང་ཡོད་གི་བསམ། ཁྱོད་ཚོས་མ་གོའམ། ཁོས་‘ཁང་པ་དང་མོ་ཊ་ཉོས་ནས་ཅི་བྱེད་ཤི་དམྱལ་བར་འགྲོ་དུས་ཁུར་ཐུབ་ཀྱི་མ་རེད་ཟེར་སོང་ཟེར’”
  “ཧོ་ཧོ”
  ཁོ་ཚོའི་སྐད་རྣམས་མི་གསལ་བར་འགྱུར་ཞིང་མི་གསལ་བ་ནས་མེད་པར་གྱུར་སོང་། 
  གཞུང་ལས་ཁང་དུ་འགོ་པ་བསྡད་མི་འདུག ངས་ངོས་ལེན་ཡི་གེ་ཅོག་ཙེའི་ཐོག་བཞག་རྗེས་ཚུར་ལོག སླར་ལས་རེས་ཁང་དུ་སླེབས་དུས། ཉེན་རྟོག་པ་ཞིག་གིས་ང་རང་བསྒུགས་འདུག 
  ཁོས་བསླབ་སྡོམ་ཡི་གེཞེས་པའི་ཤོག་ལེབ་གཅིག་ང་ལ་གནང་ནས་“རྫུན་ཕོ། འདིའི་ངོས་ལ་གོ་མི་གོ་དང་རང་མིང་བཅས་གསལ་པོར་བྲིས་ཤོག དེ་རྗེས་མཛུབ་ཐིག་རྒྱག་ཤོག”ཟེར།  ངས་ཀྱང་“ངས་གོ ངས་ཤེས”ཅེས་བྲིས་རྗེས་རང་མིང་བྲིས་པ་དང་མཛུབ་ཐིག་བརྒྱབ་པ་ཡིན། ངས་ཡི་གེ་དེ་ཐེངས་གཅིག་བཀླགས་པས་དེ་ནི་སྤྱི་བདེ་ཅུས་ཀྱིས་ཉེས་ཅན་རྣམས་ལ་གནང་བའི་ངོས་ལེན་ཡི་གེ་འདྲ་བོ་ཞིག་ཡིན་འདུག དེའི་ངོས་སུ་ངའི་ཉེས་པ་དག་བྲིས་འདུག གཙོ་བོར་ང་ནི་རྫུན་ལབ་མཁན་ཞིག་དང་མི་སེམས་ལ་ཟང་ཟིང་བཟོ་མཁན་ཞིག སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་གཏོང་མཁན་ཞིག་རེད་ཅེས་བྲིས་འདུག 
 ཁོས་“རང་གིས་མཛུབ་མོ་འགུལ་ཐེངས་གཅིག་གིས་མི་མང་པོ་སྡུག་ལ་གཏད་སོང་། རང་སྤྱི་བདེ་ཅུས་ནང་ཡོང་དགོས་པ་ལས་ང་རང་ཚུར་ཡོང་དགོས་དོན་མེད། ང་ཚོས་རང་གི་ཁ་པར་ཨང་གྲངས་ཤེས་ཀྱི་མི་འདུག”ཅེས་བཤད་རྗེས་ངས་ཁོ་ལ་དཀའ་ལས་ཁག་སོང་ཞེས་བཤད་པར་བསྒུགས་འདུག་མོད། ངས་གང་ཡང་མ་བཤད།  ཁོས་རེའུ་མིག་ནང་ངའི་མིང་དང་སྡོད་གནས། ཐོབ་ཐང་ལག་ཁྱེར། ལས་ཁུངས། ཁ་པར་ཨང་གྲངས་སོགས་བྲིས་རྗེས་ཉེས་ཡོད་མི་སྣའི་རྣམ་འགྱུར་ཞེས་པའི་ཁ་སྐོང་དགོས་སར་“རྣམ་འགྱུར་ཤིན་ཏུ་མི་ལེགས”ཞེས་བྲིས་སོང་།
  “རང་གི་ཁ་ལ་བདག་པོ་མ་བྱས་ན་ཆག་སྒོ་མགོ་ཐོག་ཏུ་ལྷུང་གི་རེད”ཁོས་བདེ་མོར་འཇོག་པའི་ཚུལ་དུ་ང་ལ་འདི་ལྟར་བཤད་རྗེས་བུད་སོང་།
སང་ཉིན་སྨན་པ་ཁ་བཀབ་5གྱོན་ཡོད་མཁན། ལུས་ཡོངས་སུ་ཆུ་ཤོག་དཀར་པོས་བཏུམས་ནས་མིག་འབྲས་གཉིས་ཀྱང་གསལ་པོར་མི་མཐོང་བར་བྱས་པ་ཁ་ཤས་མྱུར་སྐྱོབ་རླངས་འཁོར་ལས་བབས་ཏེ་ང་སར་སླེབས་བྱུང་བ་དང་“ཁྱོད་ལ་ནད་དུག་ཅིག་ཕོག་འདུག”ཟེར།
  “སུས་ང་ལ་ནད་དུག་ཕོག་འདུག་ཟེར”ང་རང་སྐྲག་ནས་དྲིས།
  “ཉེན་རྟོག་པས་ཁྱོད་ལ་ནད་དུག་ཚབ་ཆེན་ཞིག་ཕོག་འདུག་ཟེར”སྨན་པ་ཞིག་གི་ཁ་བཀབ་ནས་སྒྲ་འདི་ལྟར་ཐོན།
  “དུས་ནམ་ཞིག་ལ་ཉེན་རྟོག་པ་རྣམས་སྨན་པར་འགྱུར་སོང་བ་ཡིན་ནམ”ངས་འདི་ལྟར་དྲིས་མོད། ཁོ་ཚོས་ང་རང་ཉེས་ཅན་ཞིག་བཟུང་བ་དང་འདྲ་བར་རླངས་འཁོར་ནང་བཙན་གྱིས་བཅུག
  ང་རང་གྲོང་ཁྱེར་ན་ཉུལ་ཐེངས་རེར་མྱུར་སྐྱོབ་རླངས་འཁོར་གྱིས་སྐད་ཏིང་ཏུང་ཞེས་རྒྱག་གིན་མདུན་དུ་འཕུར་འགྲོ་བར་མཐོང་དུས། དེའི་ནང་སྐར་མ་གཅིག་རྗེས་སུ་ལུས་ན་ཚེ་སྲོག་མེད་པར་འགྱུར་འགྲོ་བའི་ནད་པ་ཞིག་ཡོད་ངེས་སྙམ། དེ་རིང་ང་རང་མྱུར་སྐྱོབ་རླངས་འཁོར་ནང་བསྡད་དེ་སྲང་ལམ་བརྒྱུད་སྐབས། ལམ་འགྲོ་བ་དག་ལ་བསམ་ཚུལ་དེ་འདྲ་ཞིག་ཡོད་སྲིད་མོད། ཡིན་ཡང་ང་རང་ནི་བདེ་བདེ་སང་སང་ཡིན། ང་རང་སྨན་ཁང་ནང་གི་ནད་ཁང་ཆུང་ཆུང་ཞིག་ཏུ་ཉལ་བསྡད། དེའི་ནང་ང་རང་ཉལ་བསྡད་སའི་ནད་ཁྲི་འདི་མ་གཏོགས་གཞན་མི་འདུག ནད་ཁྲི་འདི་ཡང་ཆུ་ཤོག་དཀར་པོ་ཞིག་གིས་ཡོངས་སུ་བཏུམས་འདུག་ལ་སྔས་མགོ་ནས་བར་མཚམས་མེད་པར་རླངས་པ་དཀར་ཐོལ་ཐོལ་ཐོན་ཡོང་བ་དང་ཁང་པ་འདི་ནི་སྨན་དྲིའི་ཁྱབ་པར་བྱས།
  སྐབས་དེར་སྨན་པ་ཞིག་ང་སར་ཡོང་སྟེ། ང་ལ་ཕ་མ་དང་ཉེ་བ་སོགས་ཡོད་མེད་དྲིས། ངས་ཕ་མ་དང་ཉེ་བ་གང་ཡང་མེད་ཚུལ་ལབ་པ་ཡིན། སྔོན་མ་ང་ལ་ཕ་མ་ཡོད་དུས་ཉེ་བ་ཧ་ཅང་མང་པོ་ཡོད། ཕ་མ་གཉིས་པོ་འདས་རྗེས་སུ་ཉེ་བ་དག་ཀྱང་མི་ཡུལ་འདི་ནས་རླངས་པ་ལྟར་ཡལ་སོང་། ཉེ་བ་དེ་ཚོའི་མིག་ནང་དུ་ང་ནི་མ་གཞི་ནས་འགོས་ནད་ཡོད་པ་དང་འདྲ། སྐབས་རེར་སྲང་ལམ་ནས་སྔོན་མར་ཕ་མ་ཡོད་དུས་ངེད་ཚང་དུ་ཆང་འཐུང་གླུ་ལེན་མཁན་གྱི་ཉེ་བ་དེ་དག་དང་འཕྲད་ཡོང་གི་ཡོད། ཁོ་ཚོ་དང་འཕྲད་ཐེངས་རེར་ཁོ་ཚོས་ང་ནི་དྭ་ཕྲུག་ཡིན་པས་སྙིང་རྗེ་ཟེར་ངེས། ཡིན་ཡང་ཁོ་ཚོའི་མིག་ནང་དུ་ངས་ཁོ་ཚོ་ལ་རྙོག་དྲ་བཟོ་ཡོང་དོགས་ཀྱི་སྐྲག་སྣང་གིས་ཁེངས་འདུག ཁོ་ཚོས་ང་དྭ་ཕྲུག་རེད་ཟེར་རྗེས་མགྱོགས་ཤིག་ཤིག་ངང་ང་དང་བྲལ་འགྲོ། ད་དུང་ཉེ་བ་ཁ་ཤས་ནི་སྲང་ནས་འཕྲད་མ་ཐག་ཁོ་ཚོས་ང་རང་ངོ་མི་ཤེས་ཁུལ་བྱས་ཏེ། ཁ་གཞན་ཞིག་གཏད་དེ་བུད་འགྲོ། 

 ངས་འཇིག་རྟེན་འདི་ལ་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་གྱིན་ཁ་པར་ནང་དུ་ལྟ་སྐབས། ཁ་པར་ནང་ཏོག་དབྱིབས་ནད་དུག་གསར་པ་ཞེས་པའི་འགོས་ནད་ཚབ་ཆེན་ཞིག་རྒྱ་ནག་ལྦུའུ་ཧན་གྲོང་ཁྱེར་གྱི་རི་དྭགས་ཀྱི་ཤ་འཚོང་ས་ཞིག་ནས་གང་སར་ཁྱབ་ཡོང་བའི་གནས་ཚུལ་གྱིས་ཁྱབ་འདུག ཏོག་དབྱིབས་ནད་དུག་གསར་པ་ནི་༢༠༠༣ལོར་ས་ཆ་གང་སར་ཁྱབ་མྱོང་བའི་འགོས་ནད་
SARSཞེས་པ་དང་ཧ་ཅང་འདྲ་པོ་ཡོད་པའི་ཚུལ་ཡང་བཤད་འདུག་པས་“ངས་ཁ་སང་སྐད་འཕྲིན་ནང་དུ་རྫུན་ལབ་མི་འདུག་གཱ”ཞེས་ཆིག་ལབ་ཡང་ཡང་བརྒྱབ་བསྡད་དུས། སྨན་པ་མང་པོ་ཞིག་ངའི་ནད་ཁང་དུ་ཐོན་བྱུང་། ནད་གཡོག་མ་ཞིག་གིས་“ཁོ་ནི་ཏོག་དབྱིབས་ནད་དུག་གསར་པ་ཕོག་ཡོད་པའི་དོགས་ཡོད་མི་སྣ་ཞིག་རེད”ཟེར་སོང་། སྨན་པ་ཞིག་གིས་ངའི་ལུས་ཀྱི་ཚ་གྲང་དང་ཁྲག་ཤེད་སོགས་ལ་ཡང་ཡང་བརྟག་རྗེས་“རང་གིས་ཅུང་བསྒུགས་དང་བརྟག་དཔྱད་འབྲས་བུ་མི་རིང་བར་ཐོན་ཡོང་གི་རེད”ཟེར་རྗེས་འཕྲུལ་ཆ་ཞིག་གིས་ངའི་བྲང་ངོས་སུ་གློག་པར་འདྲ་ཞིག་བརྒྱབ་པ་དང་དེ་རྗེས་ཚང་མ་བུད་སོང་། དྲ་མལ་དུ་རྒྱ་མི་ཁ་ཤས་ཀྱིས་ཁྱི་ཤ་དང་སྦྲུལ་ཤ བྱི་བའི་ཤ་ཟ་གི་ཡོད་པ་མ་ཟད། ནད་དུག་གི་རྒྱལ་པོ་འདྲ་བོར་འགྱུར་བའི་བ་ལྦང་གི་ཤ་ཡང་ཟ་གི་ཡོད་རབས་བཤད་འདུག དེས་ང་ལ་“ས་ཆ་གང་དུ་སླེབས་ཀྱང་ཟ་མ་གང་བྱུང་མ་བཟའ”ཞེས་པའི་དྲིན་ཅན་ཨ་ཕས་བསླབ་བྱ་དེ་ཡིད་ལ་དྲན་དུ་བཅུག ཨ་ཕ་ནི་ཟ་མ་གང་ལ་ཡང་གདམ་ཀ་དེ་ཙམ་མེད་པར་གྲོད་པ་འགྲང་ཙམ་དང་གཙང་མ་ཡིན་ཙམ་གྱིས་ཆོག་པ་དེ་འདྲ་ཡིན། ཞོགས་པར་ཨ་ཕས་རྩམ་པ་ཞིག་འགམ། ཇ་སྲུ་མ་ཞིག་འཐུང་བསྡད་པར་མཐོང་དུས་ཨ་མས་“རྩམ་པའི་ནང་མར་ཅུང་ཙམ་འཕངས་ནས་ཨ་ལོག་6བཟོས། ངས་སུ་པན་ཞིག་བཟོས་ཡོང་དེ་སྤོད་ལ་བྱོས། ཟ་མ་ཞིམ་ཙམ་ཟོས”ཟེར་དུས་ཨ་ཕས་སྣང་མེད་ངང་“སྐྱག་པ་བཟོ་ས་ལ་ཞིམ་མི་ཞིམ་ཡོད་མ་རེད”ཟེར་ངེས། 
    རང་གི་ལུས་པོ་གསོ་ཆེད་སྦྲུལ་ཤ་དང་བྱི་བའི་ཤ། བྱེའུའི་ཤ ཕ་ལྦང་གི་ཤ་ཟ་མཁན་སོགས་ལས་ལྡོག་ཏེ། མི་ཁ་ཤས་ལ་ཨ་ཕ་འདྲ་བའི་བསམ་བློ་ཡོད་པ་ནི་མཆོག་ཏུ་གྱུར་བ་ཞིག་རེད་བསམས། དེ་ཚོ་ལ་ཟ་མ་ཟེར་བ་འགྲང་ཙམ་དང་གཙང་མ་ཞིག་ཡིན་ན་ཆོག་པ་རེད། གཞན་སྲོག་ཆགས་ཀྱི་ཤ་སོགས་གོང་ཆེན་པོ་ཕུན་སུམ་ཚོགས་པོ་བཟའ་ནའང་གྲོད་པ་བརྒྱུད་ནས་འགྲོ་དུས་རྣམ་པ་གཞན་ཞིག་ཏུ་འགྱུར་གྱི་མ་རེད། ཚང་མ་སྐྱག་པར་འགྱུར་འགྲོ་གི་རེད། རི་དྭགས་ཀྱི་ཤ་བཟའ་མཁན་ཚོ་གསོ་དགོས་རྒྱུ་ལུས་པོ་ནི་མ་གསོས། མི་དགོས་རྒྱུ་ཆུང་ན་རང་ལ་ཟས་དུག་ཕོག་པ་དང་ཆེ་ན་སྐྱེ་འགྲོ་ཀུན་སྡུག་ལ་གཏད་བྱེད་ཀྱི་འགོས་ནད་སློང་ཡོང་བ་འདི་ལྟར་རེད། དེ་ཚོས་གཅན་གཟན་རི་དྭགས་རྣམས་ཀྱི་ཤ་བཟའ་དོན་ནི་ལུས་པོ་གསོ་ཆེད་རེད་འདུག ལུས་པོ་གསོ་བ་ཟེར་བ་དེ་ནད་ཕོག་ནས་ལུས་སྟོབས་གསོ་ཆེད་མེད་པར་མཚན་མའི་ནུས་པ་གསོ་ཆེད་ཡིན་འདུག མཚན་མའི་ནུས་པ་གསོ་རྗེས་ཕོ་མོའི་འདོད་པ་བར་མེད་དུ་སྤྱོད། དེ་ནས་ལུས་ཟུངས་ཉམས་པར་འགྱུར། ཡང་གཅན་གཟན་རི་དྭགས་ཀྱི་ཤ་དེ་བས་མང་དུ་ཟོས་ཏེ་ལུས་ཟུངས་གསོ་བ་བྱེད་པ་སོགས་འཁོར་ལོ་བཞིན་བར་མེད་འཁོར་བའི་སྡུག་བསྔལ་གྱིན་འཁོར་བ་ཆེན་པོ་ཞིག་ཏུ་འཛུལ་བར་གྱུར་འདུག ངས་རྒྱའི་གནའ་དཔེ་ཞིག་གི་ནང་དུ་རི་ཁྲོད་དུ་གནས་པའི་དྲང་སྲོང་ཆེན་པོ་ཞིག་གི་སྙན་ངག་བཀླགས་མྱོང་། དྲང་སྲོང་དེའི་མིང་དང་སྙན་ངག་དེ་ད་ལྟ་གསལ་པོ་ཞིག་དྲན་རྒྱུ་མེད་མོད། སྙན་ངག་གི་ནང་དོན་ནི་ནམ་ཡང་བརྗེད་ཐམས་མི་འདུག ནང་དོན་ནི་“ཁོ་བོ་དུས་རྟག་པར་འབྲས་ཐུག་ཁོ་ན་འཐུང་ནས་བསྡད་པས་ལོ་བརྒྱ་སོན། ཁྱོད་རང་ཚོས་ལུས་ཟུངས་གསོ་ཆེད་ཉ་ཤ་དང་སྦལ་ཤ་ཡང་ཟོས་ནའང་ལོ་ལྔ་བཅུ་ལའང་གསོན་ཐུབ་པ་མང་པོ་མི་འདུག”ཅེས་པ་དེ་རེད། ངས་སྙན་ངག་དེ་བདེན་པ་ཡིན་ནམ་རྫུན་མ་ཡིན་སྙམ་གྱིན་དེ་ཡོད་ཀྱི་དཔྱད་གཞི་ཡིག་ཆ་མང་དུ་འཚོལ་བས་དྲང་སྲོང་དེ་ནི་རྒྱའི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་འདུག་ལ་དུས་ནམ་ཡང་འབྲས་ཐུག་སླ་བོ་་་་མཆོད་བསྡད་མཁན་ཞིག་ཡིན་འདུག་ཅིང་མི་ཡུལ་དུ་ལོ་བརྒྱ་ལྷག་ཙམ་ལ་སྐུ་བཞུགས་འདུག སྙན་ངག་དེ་ནི་སྲོག་ཆགས་ཀྱི་ཤ་ཟོས་ནས་མཚན་མའི་ནུས་པ་གསོ་བར་བྱེད་པའི་རྒྱ་མི་རྣམས་སྡུག་བསྔལ་གྱི་འཁོར་བ་ཆེན་པོ་དེ་ལས་ཐར་བྱེད་སྨན་མཆོག་འདྲ་བོ་མཐོང་མོད།  ད་ལྟ་སྙན་ངག་དེ་ལ་དོ་སྣང་བྱེད་མཁན་ཡོད་ས་མ་རེད། འདི་ལྟར་བསམ་སྐབས་ད་ནི་མུན་རུབ་སོང་བ་ཡིན་ནམ་སྙམ་གྱིན་ཕྱི་རོལ་དུ་གཅིག་བལྟ་བསམ་ནའང་སྒེའུ་ཁུང་མི་འདུག ནད་ཁང་ནང་གི་གློག་འོད་ནི་ཤིན་ཏུ་གསལ། ང་རང་རྨི་ལམ་ནང་ལྷུང་སོང་། ཕྱི་རོལ་དུ་ངུ་སྐད་དང་འཁུན་སྒྲ། འབོད་སྒྲ་སོགས་སྐད་སྣ་ཚོགས་འདྲེས་མས་ང་རང་གཉིད་ལས་དཀྲོགས། ཁང་པའི་ནང་དུ་གློག་འོད་གསལ། ད་ལྟ་མཚན་མོ་ཡིན་ནམ་ཉིན་དཀར་གང་ཡིན་མི་ཤེས། སྐད་འཕྲིན་ནང་ཉུལ་ཙམ་བྱས་པས་གྲོགས་ཚོམས་སུ་མི་ཞིག་གིས་“དེ་རིང་ཞོགས་པའི་ཆུ་ཚོད་༤ལ་གནམ་གྲུས་དུག་སེལ་སྨན་ཆུ་གཏོར་རྒྱུ་རེད། སྒོ་ཕྱིར་ཐོན་མི་ཉན”ཟེར།

 འབྲེལ་ཡོད་Aསྡེ་ཁག་གིས་“དེ་རིང་ཞོགས་པའི་ཆུ་ཚོད་༤ལ་གནམ་གྲུས་དུག་སེལ་སྨན་ཆུ་གཏོར་རྒྱུ་རེད་ཟེར་བ་རྫུན་རེད”ཅེས་བཤད་འདུག 
  ཅང་མ་འགོར་བར་འབྲེལ་ཡོད་Bསྡེ་ཁག་གིས་“དེ་རིང་ཞོགས་པའི་ཆུ་ཚོད་༤ལ་གནམ་གྲུས་དུག་སེལ་སྨན་ཆུ་གཏོར་རྒྱུ་རེད་ཟེར་བ་རྫུན་རེད་ཟེར་བ་དེའམ་རྫུན་རེད”ཅེས་གསལ་བཤད་བྱས་སོང་།
  འབྲེལ་ཡོད་Cསྡེ་ཁག་ནས་“དེ་རིང་ཞོགས་པའི་ཆུ་ཚོད་༤ལ་གནམ་གྲུས་དུག་སེལ་སྨན་ཆུ་གཏོར་རྒྱུ་རེད་ཟེར་བ་རྫུན་རེད་ཟེར་བ་དེའམ་རྫུན་རེད་ཅེས་བཤད་མཁན་དེའམ་རྫུན་རེད”ཅེསC་སྡེ་ཁག་གི་གཞུང་དྲྭ་རུ་སྤེལ་འདུག 
  ངས་འདི་བཞི་པོའི་བཤད་སྲོལ་ཡ་མཚན་བཞི་པོ་ཕན་ཚུན་ཡང་ཡང་བསྡུར་བ་ན་གད་རྒྱུ་ཞིག་བྱུང་བས་དགོད་བསྡད་སྐབས་ནད་གཡོག་མ་ཞིག་ནད་ཁང་དུ་སླེབས་བྱུང་།
  “ཅི་གད་རྒྱུ་འདུག རང་ལ་ནད་མེད་ན་སྨན་ཁང་ནས་ཐོན་ན་འགྲིག ཁྱོད་འདྲ་བ་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཕྲོག་བརླག་གཏོང་མཁན་རེད། ནད་པ་བརྒྱ་ལྷག་ལ་ནད་ཁྲི་རག་མི་འདུག”ཟེར།
  “དཔྱད་འབྲས་སླེབས་སོང་ངམ། ང་ལ་ནད་མི་འདུག་གམ”ང་རང་དགའ་ནས་དྲིས།
  “ང་ནད་གཡོག་མ་ཡིན། དེ་སྨན་པ་ལ་དྲིས་སོང་”ཟེར།
  “སྨན་པ་གང་དུ་ཡོད་དམ”
  “ཧེན། ངས་མཐོང་མ་བྱུང”ཟེར་ནས་བུད་སོང་། 
  ང་རང་མལ་ཁྲི་ལས་བབས་སྟེ། སྒོ་ཕྱེ་ཨེ་ཐུབ་བསྟས་ནའང་ཕྱི་རོལ་ནས་ཟྭ་བརྒྱབ་ཡོད་པ་འདྲ་སྟེ་ཕྱེ་ཐུབ་ཀྱིན་མི་འདུག  དྲྭ་ལམ་དུ་ཏོག་དབྱིབས་ནད་དུག་གསར་པ་ཕོག་མཁན་དང་པོ་མི་བརྒྱ་ལྷག་ལས་མེད་ཀྱང་མི་འགྱང་བར་མི་སྟོང་ལས་བརྒལ་སོང་། ཁྲི་ལས་བརྒལ་སོང་། འབུམ་ལས་བརྒལ་སོང་། ས་ཡ་ལས་འགལ་སོང་། བྱེ་བ་ལས་འགལ་སོང་། དེ་ནས་དུང་ཕྱུར་ལས་ཀྱང་འགལ་ཐལ། མཐར་མི་སུས་ཀྱང་གྲངས་ཀ་རྩི་མི་ཐུབ་པ་འདྲ། ཡང་ན་གྲངས་ཀ་རྩི་མཁན་རྣམས་ཀྱང་ནད་ཕོག་སོང་བ་འདྲ། དུང་ཕྱུར་ལས་འགལ་རྗེས་གྲངས་ཀ་གཡོ་བ་གནས་སོང་། ངས་སྐད་འཕྲིན་དང་དྭ་ལམ་ནས་ལུང་མོ་ཐང་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་ཡོད་མེད་ཀྱི་གནས་ཚུལ་བཙལ་ཡང་དེ་ཡོད་ཀྱི་གནས་ཚུལ་གཅིག་ཀྱང་མཐོང་མ་སོང་། དང་པོ་ལས་གཡོག་མ་དག་གིས་ང་ལ་ཟ་མ་སྟེར་བར་ཡོང་མོད། རྗེས་ནས་འཕྲུལ་ཆའི་མིས་ང་ལ་ཟ་མ་སྐྱེལ་བར་སླེབས་བྱུང་། འཕྲུལ་ཆའི་མི་དེ་དལ་བུར་ངའི་ནད་ཁྲིའི་འགྲམ་དུ་ཡོང་ཞིང་ལག་ནང་གི་ཟ་མ་དག་ཅོག་ཙེའི་ཐོག་བཞག་རྗེས་“སྐུ་ཞབས་མལ་ཁྲི་ཨང་༠༠༩༣པ། འདི་མཆོད་རོགས”ཟེར།
  ངས་ཁོ་ལ་“བཀའ་དྲིན་ཆེ”ཞེས་ཞུས།
  “སྐུ་ཞབས། བཀའ་དྲིན་ཆེ་ཞུ་དགོས་མ་རེད”ཟེར།
  ང་རང་ཡ་མཚན་ནས་“ཁྱོད་ཀྱི་མིང་ལ་ཅི་ཟེར”ཞེས་དྲིས་པ་ཡིན།
  “སྐུ་ཞབས། ང་རང་འཕྲུལ་མི་ཨང་༩༠༣༤ཡིན”ཟེར་བྱུང་།
  “འཕྲུལ་མི་ཨང་༩༠༣༤པ། ཕྱི་རོལ་དུ་ཅི་བྱུང་སོང་”ཕྱི་རོལ་དུ་ངུ་སྒྲ་འུར་སྒྲ་རྣམས་ཧ་ལམ་མེད་པར་གྱུར་འདུག་པས་ཁོ་ལ་འདི་ལྟར་དྲིས།
  ཁོས་“སྐུ་ཞབས། ཕྱི་རོལ་གྱི་སྤྱི་ཚོགས་ནི་ཧ་ཅང་འཆམ་མཐུན་ཅན་ཡིན”ཞེས་ལབ་རྗེས་གྲགས་འགུལ་མེད་པར་བུད་སོང་། ངས་འཕྲུལ་ཆའི་མིས་དུས་ལྟར་སྐྱེལ་ཡོང་བའི་ཟ་མ་དག་ཟོས་རྗེས། ནད་ཁང་གི་གསང་སྤྱོད་ཆུང་ཆུང་དེའི་ནང་འཛུལ་བ་དང་། ཁ་པར་གྱི་སྐུད་མེད་གློག་གསོག་གི་ནུས་པ་ཁ་ཕྱེ་བ། དྲྭ་ལམ་དུ་ཉུལ་བ། གཉིད་ཤོར་བ་བཅས། དུས་ཚོད་རིང་པོ་ཞིག་ལ་ང་ལ་ལས་ཀ་དེ་དག་ལས་མི་འདུག  རིམ་བཞིན་སྐད་འཕྲིན་དང་པོད་འཕྲིན་ནང་དུ་གསར་འགྱུར་དང་སྐད་ཆ་སོགས་འཇོག་མཁན་མེད་པར་འཇམ་ཐིང་ཐིང་རེད། དེ་རྗེས་སྐད་འཕྲིན་དང་པོད་འཕྲིན་གཉིས་ཀ་ཁ་ཕྱེ་མི་ཐུབ་པར་གྱུར་སོང་། ཁ་པར་ངོས་ཀྱི་དུས་ཚོད་ནི་༢༠༢༠ལོའི་ཟླ་༣པའི་ཚེས་༡༡ཉིན་གྱི་ཆུ་ཚོད་༡༦པའི་སྐར་མ་༧ལ་ཕོག་འདུག དུས་ཚོད་ཡུན་རིང་ཞིག་ཕར་འདས་ཀྱང་སྐར་མ་གཅིག་ཀྱང་འཕར་མ་སོང་། ངའི་ཁ་པར་ལ་སྐྱོན་ཞིག་ཕོག་སོང་བ་ཡིན་ནམ་སྙམ་ཡང་ཁ་པར་གྱི་བརྡ་རྟགས་ཀྱང་མེད་པར་གྱུར། ཁ་པར་ཨང་གྲངས་ཤིག་མནན་ནས་བརྒྱབ་སྐབས་ཏུང་ཏུང་ཟེར་བའི་སྒྲ་ལས་དུས་རྒྱུན་“དགོངས་པ་མ་ཚོམ”ཟེར་མཁན་གྱི་ནག་མོ་དེའི་སྐད་ཀྱང་གྲགས་མ་བྱུང་། འཕྲུལ་ཆའི་མིས་ཟ་མ་དུས་ལྟར་སྐྱེལ་བ་སླེབས་བྱུང་། དུས་ལྟར་ཟེར་མོད། དེ་ནི་ཞོགས་ཟས་ཡིན་ནམ་ནུབ་ཟས་ཡིན་མ་ཤེས། 
  “སྐུ་ཞབས་འདི་མཆོད་རོགས”
  “འཕྲུལ་མི་ཨང་༩༠༣༤པ། ཕྱི་རོལ་དུ་ཅི་བྱུང་སོང་”ཕྱི་རོལ་ནས་གྲགས་འགུལ་མེད་པར་ཡུན་རིང་ཕྱིན་སོང་། 
  “སྐུ་ཞབས། ང་རང་འཕྲུལ་མི་ཨང་༩༠༣༤པ་མིན། ༡༥༨༦པ་ཡིན”ཟེར། 
  “འཕྲུལ་མི་ཨང་༡༥༨༦པ། ཕྱི་རོལ་དུ་དོན་དག་ཅི་ཞིག་བྱུང་སོང”
  “སྐུ་ཞབས། ཕྱི་རོལ་གྱི་སྤྱི་ཚོགས་ནི་ཧ་ཅང་འཆམ་མཐུན་ཡིན”ཉི་མ་གང་ཙམ་ཕྱིན་པ་མི་ཤེས་པའི་རྗེས་ལ་གློག་ཆད་སོང་། ནད་ཁང་འདིར་མུན་པའི་གང་།
  “སྐུ་ཞབས་འདི་མཆོད་རོགས”
  ངས་ཕར་ལྟ་དུས་འཕྲུལ་ཆའི་མིའི་འོད་སྔོན་པོས་ཁེངས་པའི་མིག་འབྲས་གཉིས་དེ་མཐོང་བྱུང་། མུན་པ་ནང་དུ་མིག་འབྲས་གཉིས་སྙིང་རྗེ་མོའི་ངང་གཡོ་ཙམ་གཡོ་ཙམ་བྱས། 
  “འཕྲུལ་མི་ཨང་༡༥༨༦པ”ངས་ཁོ་རང་བོས།
  “སྐུ་ཞབས། ང་ཡང་འཕྲུལ་མི་ཨང་༡༥༨༦པ་མིན། ༧༩༣༡པ་ཡིན”ཟེར།
  “གློག་ཆད་སོང”
  “སྐུ་ཞབས། ང་ལ་གློག་དགོས་མ་རེད། ངའི་ཟ་མ་ནི་ཉི་འོད་ཡིན།”ཟེར་གྱིན་བུད་སོང་།
  ངས་ཁ་པར་གྱི་གློག་འོད་ཁ་ཕྱེ་རྗེས་ནས་ཁ་རོག་མར་7ཁོ་རང་འདེད་དེ་སོང་།
  སྒོ་ཁ་སླེབས་མ་ཐག་ངས་ཁོ་རང་འདེད་ཀྱིན་པ་ཚོར་བ་འདྲ་“སྐུ་ཞབས་ནད་ཁྲི་ཨང་༠༠༩༣པ། སྨན་པའི་ཆོག་མཆན་མེད་ན་སྒོ་ནས་ཐོན་ཆོག་གི་མ་རེད”ཟེར་བྱུང་།
  “རང་གི་སྨན་པ་ལ་མ་ལབ་ན་དེ་རེད”ངས་ཁོ་ལ་ངོ་དགའ་བྱེད་རྩིས་བྱེད་སྐབས་ཁོའི་བྲང་ངོས་ནས་ཧྲག་སྒྲ་གཅིག་གྲགས་བྱུང་། ངས་ཁ་པར་གྱི་གློག་འོད་ལ་བརྟེན་ནས་ཞིབ་ལྟ་ཞིག་བྱས་དུས་ཁོའི་བྲང་ངོས་སུ་མེ་མདའ་ཞིག་ཐོན་འདུག
  “སྐུ་ཞབས་ནད་ཁྲི་ཨང་༠༠༩༣པ། ངའི་ང་ལ་མི་ཉན་ན། ངའི་ཁོག་པའི་ནང་དུ་མེ་མདའི་མདེའུ་མང་པོ་ཡོད”ཟེར་བྱུང་། ང་རང་སྐྲག་ཐག་ཆོད་དེ་ཡར་ནད་ཁྲི་ཐོག་བྲོས།  ད་ནི་ཁ་པར་ཡང་གློག་ཟད་ལ་རན་པས་མུན་དོང་དང་འདྲ་བའི་ནད་ཁང་འདི་ལས་བུད་ཨེ་ཐུབ་བལྟ་དགོས་སྙམ་གྱིན་ཁ་རོག་མར་སྒོ་ཕྱེ་བ་ན་སྒོ་ལ་ཟྭ་རྒྱག་མི་འདུག དུས་ནི་ཕལ་ཆེར་ཉིན་གུང་ལ་ཐོན་ཡོད་པ་འདྲ། ཕྱི་རོལ་གྱི་བར་ཁྱམས་ན་འཕྲུལ་ཆའི་མི་མང་པོས་གཙང་སྦྲ་བྱེད་སྒང་རེད། སྨན་པ་དང་ནད་གཡོག་མ་ཕར་ཞོག་མི་ཞིག་གིས་གྲིབ་མ་ཡང་མཐོང་ས་མི་འདུག  ང་རང་དོན་དག་ཅི་ཡང་བྱུང་མེད་པ་ལྟར་བར་ཁྱམས་ནས་སོང་དུས་འཕྲུལ་ཆའི་མི་དག་གཙང་སྦྲ་ལ་མགོ་འཁོར་ནས་བསྡད་པ་ལས་ང་ལ་ཁ་ཡ་བྱས་མ་བྱུང་། སྨན་ཁང་ནང་མི་ཞིག་གི་གྲིབ་མ་ཡང་མཐོང་རྒྱུ་མི་འདུག སྨན་ཁང་ཕྱི་རོལ་དུ་བུད་དུས་ཕར་ཕྱོགས་ཀྱི་ཁང་པ་ཞིག་གི་ཐོག་ཏུ་དུ་བ་སྔོ་ཐོལ་ཐོལ་དུ་ཐོན་གྱིན་འདུག་ལ་མི་མང་པོས་སྐད་ཆ་འཆད་ཀྱིན་པ་གོ ཕར་སོང་ནས་གཅིག་བལྟ་དུས་མ་གཞི་དེ་ནི་སྨན་ཁང་གི་ཟ་ཁང་རེད་འདུག གཡོས་ཁང་དུ་འཕྲུལ་ཆའི་མི་མང་པོས་ཚལ་རྔོ་སྒང་རེད།   འཕྲུལ་ཆའི་མི་ཞིག་ཟ་མ་རླངས་པ་ཐོལ་ཐོལ་ཁུར་ནས་བུད་བྱུང་། ཁོས་ང་རང་མཐོང་མ་ཐག་“སྐུ་ཞབས། ནད་ཁྲི་ཨང་༠༠༩༣པ”ཞེས་ཧ་ལས་པའི་ཚུལ་གྱིས་བལྟས། འཕྲུལ་ཆའི་མི་ཡོད་ཚད་རིང་ཚད་དང་རྣམ་པ་ཡོད་དོ་ཅོག་གཅིག་འདྲ་རེད་པས་ངས་ཁོ་ནི་ང་ལ་མེ་མདའ་རྒྱག་རྩིས་བྱེད་མཁན་གྱི་འཕྲུལ་མི་ཨང་༧༩༣༡ཡིན་ནམ་སྙམ་གྱིན་སྐྲག་མོད། ཁོས་“སྐུ་ཞབས། ཁྱོད་ཀྱི་ནད་དྲག་སོང་ངམ”ཞེས་དྲིས་བྱུང་།

  “ངའི་ནད་དྲག་སོང་། སྨན་པས་སྨན་ཁང་ནས་ཐོན་ཆོག”ཟེར་ཞེས་རྫུན་ལབ་རྗེས་“ད་དུང་ཆོག་མཆན་ཡང་གནང་བྱུང”ཞེས་བཤད་ཀྱིན་པར་ཁུག་ནས་ཅི་ཞིག་ལེན་རྩིས་བྱས་པ་ཡིན། ཁོས་སྣང་མེད་ངང་“སྐུ་ཞབས། ཁྱོད་རང་ནད་མེད་ཚེ་རིང་ཡོང་བར་སྨོན”ཟེར་རྗེས་སྨན་ཁང་གི་ཕྱོགས་སུ་བསྐྱོད་སོང་། 
  “རྗེས་སུ་མཇལ་ཡོང”ངའི་ཁ་ནས་སྐད་ཆ་འདི་ཐོན་པ་དང་སྨན་ཁང་ནས་ཐོན་དུས་སྨོན་ཚིག་འདི་འདྲ་བརྗོད་ན་རྟེན་འབྲེལ་ངན་པ་ཡིན་པ་ཚོར། སླར་ཡང་འཕྲུལ་ཆའི་མི་ཞིག་དང་འཕྲད་པར་སྐྲག་ནས་ཅི་མགྱོགས་གང་མགྱོགས་ཀྱིས་སྒོ་ཆེན་ཕྱོགས་སུ་བསྐྱོད། སྒོ་ཆེན་ཁ་ནས་བུད་པ་དང་དབུགས་རིང་ཞིག་བཏང་ནས་ད་ཐར་སོང་སྙམ་སྐབས་འཕྲུལ་ཆའི་མི་སུམ་ཅུ་ལྷག་ཙམ་སྒོ་ཆེན་ཁར་གྲལ་སྒྲིག་ཏེ་འགྲེང་འདུག ཁོ་ཚོའི་བྲང་ངོས་སུ་མེ་མདའི་མཆུ་ནག་པོ་རེར་ཐོན་ཡོད་པ་མཐོང་བ་དང་ང་རང་ཡར་སྨན་ཁང་ནང་འབྲོ་གྲབས་བྱས། ཡིན་ཡང་ཁོ་ཚོས་མགྲིན་གཅིག་གིས་“སྐུ་ཞབས། ཁྱོད་རང་ནད་མེད་ཚེ་རིང”ཟེར་བྱུང་། སྐད་དེ་ཐོས་པ་དང་ཁོ་ཚོར་སྐྲག་དགོས་དོན་མེད་པ་གོ་ནས་དེའི་ནང་གི་འཕྲུལ་ཆའི་མི་གཅིག་ལ་“མིའི་གྲིམ་མ་ཙམ་ཡང་མཐོང་རྒྱུ་མི་འདུག”ཅེས་བཤད་པ་ཡིན།
  འཕྲུལ་མི་དེས་ཧ་ཅང་སྐྱོ་བའི་སྐད་གདངས་ཀྱིས་“སྐུ་ཞབས། མི་རྣམས་ལ་སྐྱོན་ཕོག་སོང་”ཟེར། 
  ངས་‘སྐྱོན་ཕོག་སོང’ཟེར་བ་དེ་ནི་འཕྲུལ་ཆའི་མིའི་སྐད་ཆ་ཡིན་པ་གོ ང་ཚོ་མི་ལ་འཕྲུལ་ཆ་བཞིན་སྐྱོན་ཕོག་རྒྱུ་མེད་པས་དེ་ནི་‘ནད་ཕོག་སོང’ཡང་ན‘ཤི་སོང’ཟེར་བའི་དོན་ཡིན་པ་ཤེས།  ངས་མི་རྣམས་ལ་ཅི་ཞིག་བྱུང་སོང་ངམ་སྙམ་གྱིན་ལམ་བུ་ཞིག་བརྒྱུད་ནས་ཡར་ཕྱིན་སྐབས་གློ་བུར་ཁྱི་འཁྱམས་ཁ་ཤས་ངའི་ཕྱོགས་སུ་ཟུག ངས་ལག་ནང་ཅི་ཐོག་གང་ཐོབ་ཁོ་ཚོར་བརྒྱབ་པས་ཁོ་ཚོར་ཕར་ཙམ་བྲོས་རྗེས་ང་ལ་མཆེ་བ་གཙིགས། མཆེ་བ་ཧ་ཅང་རིང་བས་ཡིན་རྒྱུ་ནི་སྤྱང་ཀི་ཁྱུ་གཅིག་རེད་འདུག ང་རང་ལམ་གཞན་ཞིག་བརྒྱུད་དེ་སྲང་ལམ་གྱི་ཕྱོགས་སུ་བསྐྱོད།    
 ང་རང་སྲང་ལམ་གྱི་བཞི་མདོར་ཐོན་པ་དང་མི་དང་མོ་ཊ་གང་ཡང་མཐོང་མ་བྱུང་། ནགས་རིའི་ཁྲོད་དུ་སླེབས་པ་བཞིན་གང་སར་བྱ་དང་བྱེའུ་ཡིས་སྐད་ཀྱིས་ཁེངས། ངས་མཐོང་བ་ནི་སྤང་སྤོས་དང་། ཁུར་མོང་། མགོ་དཀྲིས་མེ་ཏོག་སོགས་རྩྭ་ཐང་གི་རྩྭ་རྩེས་ཡོངས་སུ་བཀླུབས་ཟིན་པའི་བཞི་མདོ་ཞིག་རེད། ང་རང་མེ་ཏོག་གི་ཁེངས་པའི་སྲང་ལམ་ནས་ཕར་ཕར་བསྐྱོད་སྐབས་རྩྭ་གསེབ་ན་ཡིབ་ཡོད་པའི་ཕྱེ་མ་ལེབ་དང་ཆ་ག་པ་སོགས་དཀྲོགས་སོང་།
  ང་རང་སྲང་ལམ་ན་དངོས་པོ་ཅི་ཞིག་ལ་རྐང་མགོ་ཐོགས་ནས་སར་འགྱེལ། རྐང་མགོ་ཐོགས་ས་ཡིན་རྒྱུ་ནི་མིའི་མི་ཀེང་རུས་ཤིག་ཡིན་འདུག ཀེང་རུས་དེའི་མིག་ཀོང་ནས་མིང་མི་ཤེས་པའི་མེ་ཏོག་ཁ་ཤས་སྐྱེས་འདུག་ལ་ཁ་ལ་ཁ་བཀབ་དཀར་པོ་ཞིག་གྱོན་རྒྱུ་འདུག་པ་བལྟས་ན་ཁོ་ད་དུང་ཡང་འགོས་ནད་ལ་སྐྲག་གིན་པ་དང་འདྲ།
  ང་རང་ས་ལ་འགྱེལ་བ་དེས་འཇམ་ཐིང་ཐིང་གི་ཁོར་ཡུག་འདི་ལ་གྲགས་འགུལ་ཞིག་བཟོས་པ་འདྲ།  སྔོན་མ་སྐད་གྲགས་ཡོད་པའི་ལུང་མོ་ཐང་གི་སྒོ་རྩིས་ཚོང་ཁང་གི་ཤེལ་སྒོ་ནས་ཤ་བ་ཡུ་མོ་ཁྱུ་གཅིག་གིས་མཛེས་མའི་དཔེ་ལ་བཞག་མྱོང་པའི་མིག་ཟུང་གིས་ང་ལ་མཚར་སྣང་ངང་ལྟ་བཞིན་བརྩེ་བའི་མིག་བརྡ་བར་མེད་དུ་འཕངས་བྱུང་། 

1 རྒྱ་ལེ། སྨར་ཁམས་ཀྱི་ཡུལ་སྐད་དེ་ཀུ་ཤུ་ལ་གོ
2 པེ་ཏུའུ། རྒྱའི་འཚོལ་བཤེར་མ་ལག་百度ལ་གོ
3 རྫུན་ཕོ། སྨར་ཁམས་ཀྱི་ཡུལ་སྐད་དེ་རྫུན་རྒན་ནམ་རྫུན་ལབ་པར་གོམས་ཡོད་མཁན།
4 བྱ་ཤ་ཟ་བ། ཁ་པར་ནང་གི་རོལ་རྩེད་ཞིག 吃鸡 
5 ཁ་བཀབ། སྨར་ཁམས་ཀྱི་ཡུལ་སྐད་དེ་ཁ་དཀྲིས་ཀྱི་དོན། 
6 ཨ་ལོག སྨར་ཁམས་ཀྱི་ཡུལ་སྐད་དེ་ནས་རྩམ་བརྫིས་པའི་ཟན། 
7 ཁ་རོག་མར། སྨར་ཁམས་ཀྱི་སྐད་དེ་ཁ་རོག་གེར་ཞེས་པའི་དོན།
                     རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease