དགོང་མོ་དེར་སྐྱུག་ལྡང་ཡང་ཡང་བྱས།

     རྩོམ་མཁན། གྲ་ཚེ་དོན།


དགོང་མོ་དེར་སྐྱུག་ལྡང་ཡང་ཡང་བྱས།


                                    རྩོམ་མཁན།  གྲ་ཚེ་དོན།
                                  
     ཁོས་རང་གི་དྲན་པའི་ཤོག་ངོས་ནས་ཕ་ཡི་སྣང་བརྙན་དེ་ཇི་ཙམ་བཙལ་ཡང་ད་བར་གཟུགས་ལྟ་ཅི། ཐ་ན་གྲིབ་མ་ཙམ་ཡང་མ་རྙེད་པར།  འཚོ་བའི་དཀའ་ཁག་སྣ་ཚོགས་ཀྱི་མདུན་ནས་སྐམ་ཞིང་རིད་པའི་མ་རྒན་གྱིས་རང་ཉིད་ལ་རྟག་ཏུ་སྙིང་རྗེའི་ཕྱག་ཟུང་རྐྱོང་བ་དེ་ཁོ་ན་དྲན་འོངས།  

     འཚོ་བའི་རྙོག་འཛིང་ལ་མགོ་གཡེངས་ནས་མིག་རྡེབ་ཙམ་ལ་ལོ་ཟླ་མང་པོ་ཞིག་ཕར་ཕར་འདས་པའི་དེ་རིང་།  ཕོ་ལོ་ལྔ་བཅུར་ཉེ་བའི་ཁོའི་བྱད་བཞིན་ལའང་དུས་དང་བསྟུན་ནས་འགྱུར་བ་མང་པོ་ཞིག་བྱུང་ཡོད་ཅིང་།  དེ་སྔའི་ནེམ་ལ་དཀར་བའི་ངོ་གདོང་ངོས་སུ་མངོན་སུམ་གྱི་གཉེར་རིམ་མང་པོ་ཐོན་འདུག་ལ།  མིག་ཟུང་གི་ཟུར་ནས་ཀྱང་གཉེར་མའི་དམག་གིས་བཙན་འཛུལ་བྱེད་ཀྱིན་འདུག  མགོ་སྐྱེས་ཉུང་ཉུང་དེའང་ཁ་བའི་འདབ་མས་བཀླུབས་ཏེ།  བལྟས་ཚོད་ལ་ཁ་བ་བབས་པའི་ཞོགས་པ་དེའི་ལྗིན་ཤིང་ཧྲེང་པོ་ཞིག་དང་ཀུན་ནས་མཚུངས།  འོན་ཀྱང་།  མི་ཞིག་གིས་འཚོ་བའི་གཡུལ་ས་རེ་རེ་ནས་ཕྱི་ནུར་མ་བྱས་པར་ཁྱོད་ཤི་ང་གསོན་གྱི་འཐབ་མོ་རེ་འགྱེད་པ་ནི་ད་དུང་གསོན་པོར་འཚོ་བཞིན་ཡོད་པའི་དཔང་རྟགས་ཡག་ཤོས་ཞིག་ཡིན་ཞིང་། དེ་བས་དཔྲལ་བའི་སྟེང་དུ་ལོ་མཉམ་གཞན་ལས་མང་བའི་གཉེར་རིམ་དང་མགོ་སྐྱེས་དཀར་པོའི་ཉག་མ་རེ་རེ་ཡིས། མི་ཚེའི་འགྲུལ་བཞུད་ཀྱི་ལམ་བར་ཁ་ཆར་རླུང་འཚུབ་གྲངས་མེད་དང་གདོང་གཏུགས་བྱས་ཏེ་མདུན་ནས་མདུན་དུ་བསྐྱོད་པ་ཤེས་ཐུབ། 
 
       ཁོའི་ཨ་མས་རང་གི་བདེ་དང་སྐྱིད་ཅེས་པ་སྣང་མེད་དུ་བཏང་སྟེ།  ཁོ་རང་ཆུང་སྦར་མོ་གང་ནས་རྒན་རང་མགོ་མ་ཐོན་བར་དུ་དབྱར་ཚིག་དོགས་དང་དགུན་འཁྱགས་དོགས་ཀྱི་སེམས་ཁྲལ་དང་། རང་ཉིད་བཟའ་མ་ཕོད་གྱོན་མ་ནུས་པའི་ཟས་ཕུད་གོས་ཕུད་སྟེར་ནས་བསྐྱངས། ཁོས་ཀྱང་ཨ་མའི་རེ་བ་སྟོང་ཟད་དུ་མ་བཏང་བར་གང་ས་སྤྱིར་ཐད་ནས་འབད་བརྩོན་ལྷོད་མེད་བྱས་ཅིང་།  ཨ་མ་བགྲེས་པོ་གང་དེའི་སེམས་ཀྱི་གྱང་ལྡེབས་ངོས་སུ་དྲོ་ཞིང་འཇམ་པའི་ཉི་འོད་ཅིག་འཕྲོ་ཐུབ་བྱས་ཡོད།  འོན་ཀྱང་མིའི་མི་ཚེ་ནི་དབྱར་གྱི་ནམ་མཁའ་དང་མཚུངས་པས་སུས་ཀྱང་སང་ཉིན་ཅི་ཡོང་ལ་སྔོན་དཔག་བྱེད་དཀའ་བ་ལྟར། དུས་ཡུན་རིང་པོར་མ་ཕྱིན་བར་ཁོའི་ཨ་མ་ཁོས་བྱིན་པའི་བདེ་བར་ལོངས་སུ་སྤྱོད་པའི་བསྐལ་བ་མ་བྱུང་ཞིང་། དུས་ཀྱི་བྱེད་པོ་ཧམ་ཤེད་ཅན་དེས་ཕྱི་མའི་ལམ་དུ་ཁྲིད། ཕ་མར་བརྩི་བཀུར་ཆེ་ཞིང་དྲིན་གཟོའི་བསམ་པ་ལྡན་པའི་ཁོའི་ངོས་ནས་བརྗོད་ཚེ།  འདི་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་དང་འཆི་བ་ནི་ཅི་འདྲའི་སྙིང་རྗེ་མེད་པའིགཤེད་མ་ཞིག་མ་ཡིན་ནམ།
 
     ལོ་དེར།  ཁོ་ནི་ལོ་ངོ་སུམ་ཅུ་ལོན་ཙམ་གྱི་ན་གཞོན་ཞིག་ཡིན། དེ་ཉིན་ནི་སྟོན་མཇུག་གི་ཉིན་ཞིག་རེད། གྲང་རླུང་འུར་ འུར་དུ་ལྡང་ཞིང་སྡོང་ལོ་ཤག་ཤག་ལྷུང་བའི་སྟོན་མཇུག་གི་ཉིན་ཞིག་རེད། མ་ཡུམ་འགྲོ་ཁར་ཁོའི་ལག་པ་ནས་དམ་པོར་བཟུང་ཞིང་ཕྲེང་བའི་མིག་གིས་ཧྲིག་ཧྲིག་ལྟ་བཞིན་ཅི་ཞིག་བཤད་འདོད་ཀྱིས་སྐྱ་མདོག་གི་མཆུ་ཀྲབ་ཀྲབ་བྱེད་ཀྱི་ཡོད།  ཁོས་རང་ཉིད་ཀྱི་རྣ་བ་མ་རྒན་གྱི་མཆུ་འགྲམ་དུ་འབྱར་ནས་ནན་ཏན་ངང་ཉན།
"བུ་རང་དྭ་ཕྲུག་ཞིག་རེད།" ཁོའི་མ་རྒན་ཀྱིས་དཀའ་ལས་ཆེན་པོས་"བུ་རང་དྭ་ཕྲུག་ཞིག་རེད།"ཅེས་བཤད་རྗེས་ཕྲག་ཐོག་ནས་ རྡོག་ཁྲེག་ལྕི་པོ་ཞིག་ཕབ་པ་ལྟར་ལྷོད་ཤིག་གེར་དབུགས་རིང་ཞིག་བཏང་ཞིང་། དེ་ནས་ག་ལེར་མིག་ཟུང་སེར་ ཀ་ཙམ་ཞིག་གདངས་ནས་ཁོའི་ངོ་གདོང་ལ་ལྟ་ཙམ་བྱས་རྗེས་དེ་མ་ཐག་མིག་ཟུང་རྡོ་ལྟར་དམ་པོར་བཙུམས་ནས་གཉིད་དུ་ཡུར་སོང་། དེ་ནས་བཟུང་ནམ་ཡང་སད་རྒྱུ་མ་བྱུང་།    སྐབས་དེར་ཁོ་ནི་གཡོ་འགུལ་ཅི་ཡང་མེད་པའི་སྡོང་པོ་ཞིག་ལྟར་ལུས་པ་དང་། ཕྲན་ཙམ་ནས་བརྒྱལ་བ་ལས་སད་པ་ལྟར་ཨ་མའི་ཕུང་པོར་འཐམས་ནས་ཤུགས་ཀྱིས་ངུས་སོང་།  རྩེད་ཆས་འཕྲོག་པའི་བྱིས་པ་ཆུང་ཆུང་ཞིག་ལྟར་ཤུགས་ཀྱིས་ངུས་སོང་།  ངུ་གྱིན་དུ་ཨ་མས་མི་ཚེ་གཅིག་རིང་རང་ཉིད་དྭ་ཕྲུག་ཡིན་པ་མ་བཤད་པར་ཕྱི་མའི་ལམ་དུ་འགྲོ་ཁར་ཤོད་དོན་ཅི་ཡིན་ནམ་སྙམ་སྟེ། བསམ་གཞིགས་ཀྱི་བར་མཐོངས་ནས་ཡར་མར་མང་དུ་བརྒྱུགས་ཀྱང་འདི་ཡིན་འདི་མིན་གྱི་འབྲས་བུ་ནི་སྔར་བཞིན་ལག་ཏུ་ལོན་མ་ཐུབ།
     
  ཁྲོམ་གཞུང་གི་ཟུར་ཞིག་ན་ཁོ་གཅིག་པུར་གྲང་ངར་གྱིས་མ་བཟོད་པར་ལུས་པོ་འཁུམས་ནས་ཡོད་ཅིང་སྐབས་དེར་གྲོད་པའང་ཧ་ཅང་ལྟོགས་སྣང་བྱུང་།    ཁོས་རང་གི་ལུས་ལ་ལྟ་དུས་རང་ཉིད་ནི་ལོ་གསུམ་མམ་བཞི་ཙམ་ལ་གསོན་པའི་བྱིས་པ་སྣབས་ལུག་ཅིག་ཡིན་ཞིང་། ལུས་སྟོད་ལ་ཤ་འབྱར་སྲབ་མོ་གཅིག་རང་གྱོན་ཡོད་པ་དེའང་ཅི་འདྲའི་རྙིང་ཞིང་ཧྲུལ་བ་ཞིག་རེད།  ལམ་འགྲོ་བ་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་གིས་ཁོའི་མདུན་ནས་ཕྱིན་མོད།  ཡུན་རིང་བཙལ་བའི་མ་དྲིན་ཅན་གྱི་གྲིབ་མ་ཙམ་ཡང་མ་རིག་ཅིང་།  ཁོས་རང་ཉིད་ཀྱི་སྙིང་རྗེ་འོས་པའི་ལག་ཟུང་ཕར་མི་ཚོགས་ཀྱི་ཕྱོགས་སུ་བསྲིངས་ནས་ཅི་ཞིག་སྟེར་བར་སྒུག་ཀྱང་།  ཐ་ན་བག་ལེབ་སྐམ་པོ་ཞིག་ཀྱང་སྟེར་མཁན་མེད་པས་ངམ་ངམ་ཤུགས་ཀྱིས་སྐྱོ་སྣང་ཞིག་དང་འཇིགས་སྣང་ཞིག་ཅིག་ཅར་དུ་བྱུང་། ཁོས་རེས་མོས་ཀྱིས་ལམ་འགྲོ་བ་དག་གིས་ལག་ནས་བཟུང་སྟེ་ངའི་ཨ་མ་གང་དུ་ཡོད་དམ་ཞེས་ཡང་ཡང་དྲིས་ཀྱང་།  ལམ་འགྲོ་བ་དེ་དག་ནི་བྱམས་དང་སྙིང་རྗེ་སྤུ་ཉག་ཙམ་ཡང་མེད་པ་ལྟར་ཁོའི་ལག་པ་ཤུགས་ཀྱིས་ཚུར་འཕུད་ཡོང་།  ད་དུང་ཞེ་མེར་བའི་རྣམ་འགྱུར་སྣ་ཚོགས་སྟོན་བཞིན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཁོ་ལ་གཡོལ་ནས་འབུད་འགྲོ། སྐབས་དེར་ཁོ་ལ་གྲང་ཟུག་དང་བཀྲེས་ལྟོགས། ད་དུང་ཁེར་རྐྱང་གི་སྣང་བ་བཟོད་ཐབས་མེད་པ་་ཞིག་བྱུང་སྟེ་སྐད་ཤུགས་ཆེན་པོས"ཨ་མ"ཞེས་ལན་མང་འབོད་པར་ཐལ།
       "ཨ་མ"
གློ་བུར་དུ་ཁོ་གཉིད་ལས་སད་ཅིང་ངོ་གདོང་དང་སྔས་མགོ་མཆི་མས་བརླན་པར་བྱས་འདུག ཨ་མ་ འདས་རྗེས་སུ་ཐེངས་མང་པོར་ཁོ་ལ་འདི་འདྲའི་རྨི་ལམ་རྨིས་ཤིང་།  དེ་དུས་ཨ་མ་འདས་མོའི་ཞལ་རས་དེ་སྙིང་ཁར་ཡང་ཡང་འཕྱོ་ཡོང་ནས་མཚན་གང་པོར་སེམས་སྡུག་གི་རི་བོས་གནོན་ཡོང་གི་ཡོད།

     དུས་དེ་ཙམ་ཞིག་ནས་ཁོའི་སེམས་ལ་ས་ཡོམ་བྱུང་བ་ལྟ་བུའི་གཡོ་འགུལ་ཆེན་པོ་ཞིག་བྱུང་ཞིང་དེ་ནི་རྒྱུ་རྐྱེན་སྣ་ཚོགས་དབང་གིས་བྱིའུ་ཕྲུག་ཐང་དུ་ལུས་པ་ལྟ་བུའི་ཕ་མ་མཐོང་རྒྱུ་མེད་པའི་མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་དེ་དག་ལ་རང་ནུས་ཅི་ལྕོགས་ཀྱིས་བྱེད་རྒྱུ་དེ་རེད།    ཁོས་ད་བར་གསོག་འཇོག་བྱས་ནས་བྱུང་བའི་བཅོལ་དངུལ་མང་མིན་ཉུང་མིན་དེ་ལས་ཕངས་སེམས་ཙམ་ཡང་མེད་པར་ཁང་པ་གསར་ཏུ་བརྒྱབ་ཅིང་། རང་ཉིད་ཕུད་ད་དུང་ཟས་གཡོས་སྦྱོར་བྱེད་མཁན་དང་གྱོན་པ་འཁྲུ་མཁན་སོགས་ཀྱི་ལས་མི་བསྡུས་ཏེ་དྭ་ཕྲུག་ཁང་ ཆུང་ཆུང་ཞིག་གཉེར།  འོན་ཀྱང་།  དྭ་ཕྲུག་ཁང་ཞིག་གཉེར་བའི་ལོ་དེ་ནས་བཟུང་།  མང་ཉུང་མ་ལྟོས་པར་ཁོས་གླས་པའི་ལས་ཀ་བ་དེ་དག་ལ་ཟླ་རེའི་གླ་ཆ་སྤྲོད་དགོས་དུས།  ལག་ཐོག་གི་དངུལ་ཡང་ཉིན་རེ་བཞིན་ཇེ་ཉུང་དུ་སོང་ཞིང་།  དེའི་རྐྱེན་གྱིས་ཆུང་མ་དང་ཁོའི་དབར་ཁ་རྩོད་ཇེ་མང་དུ་སོང་སྟེ་སྐབས་རེ་ཕན་ཚུན་ལག་པ་མ་འགུལ་ཙམ་ཡོང་གི་ཡོད།  གནས་ཚུལ་རིམ་བཞིན་ཛ་དྲག་ཏུ་སོང་ཞིང་།  མཐར་གཅིག་གིས་གཅིག་ཤོས་དེ་མཐོང་ནའང་ཞེ་མེར་བའི་ཚད་དུ་ལྷུང་། "ཁྱོད་ཀྱིས་ཤ་ཁྲག་གི་འབྲེལ་བ་མེད་པའི་དྭ་ཕྲུག་ཁང་པ་གང་གསོས་ཀྱང་རང་ཉིད་དང་ཤ་ཁྲག་གི་འབྲེལ་བ་ཡོད་པའི་ཕ་མ་ཡོད་པའི་དྭ་ཕྲུག་ཅིག་རྟིང་བརྗེད་བཏང་འདུག"འདི་ནི་ཁོའི་ཆུང་མས་ཁོ་ལ་བཤད་པའི་སྐད་ཆ་མཐའ་མ་དེ་རེད།

      ཁོས་དབུལ་མིན་ཕྱུག་མིན་གྱི་ཁྱིམ་ཚང་དེ་བུན་ལོན་གྱིས་བཀང་བའི་ཁྱིམ་ཚང་ཞིག་ཏུ་བཅོས་པས། ཆུང་མ་ཤིན་ཏུ་ཁྲོས་ཏེ་ཁོ་དང་གཉེན་འཐོར་ཞིང་།  ལོ་ངོ་ལྔ་ལ་སླེབས་པའི་བུ་མོའང་མཉམ་དུ་འཁྲིད་ཕྱིན།  གོ་ཐོས་ལྟར་ན།  ཟླ་བ་གཉིས་ཀྱི་རྗེས་སུ་ཁོའི་ཆུང་མ་དེ་ལས་ཁུངས་གཅིག་པའི་མི་ཞིག་དང་གཉེན་སྒྲིག་བྱས་ཤིང་ཁོའི་བུ་མོས་མི་དེར་པཱ་ལགས་ཞེས་འབོད་ཀྱིན་འདུག་ཟེར།   

     དྭ་ཕྲུག་ཁང་དུ་ལོ་རེ་བཞིན་བྱིས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཇི་ལྟར་ནའང་གང་མྱུར་དྭ་ཕྲུག་ཁང་དེ་རྒྱ་བཀྱེད་བྱེད་དགོས་མོད།  ད་ཆ་ཁོའི་ངོས་ནས་བརྗོད་ཚེ་དྭ་ཕྲུག་ཁང་རྒྱ་བཀྱེད་བྱེད་པའི་དོན་དེ་ལས་སླ་པོ་ཞིག་ཅི་ལ་ཡིན། བྱིས་པ་ཚོའི་ཟས་གོས་ཉལ་གསུམ་གྱི་འགྲོ་སོང་གིས་ཁོའི་མཚན་མོའི་རྨི་ལམ་ཡང་ཡང་དཀྲོགས་ཀྱིན་ཡོད།  མ་གཞི་ཁོས་དངུལ་ཁང་ནས་དངུལ་བུན་གཡར་རྩིས་ཐེངས་ཁ་ཤས་བྱས་མོད།  དྭ་ཕྲུག་ཁང་ཕུད་རྩ་ཆེའི་དངོས་པོ་ཅི་ཡང་གཏའ་མར་འཇོག་རྒྱུ་མེད་པའི་ཁོ་ནི་ཐེངས་མ་རེ་རེར་ལག་པ་གོས་ཁུག་ཏུ་བཅུག་ནས་སྟོང་ལོག་ཏུ་མི་ཡོང་དཀའ་མེད་བྱུང་།  ཁུལ་དམངས་སྲིད་ལས་ཁུངས་སུའང་མགོ་གཙོ་དེས་ཐོག་མའི"བློ་མཐུན་ལགས། ད་ཐེངས་ཀྱི་རོགས་སྐྱོར་མ་དངུལ་ཡོངས་རྫོགས་ས་ཆ་ཁག་ལ་བགོ་འགྲེམས་བྱས་ཚར་སོང། ཐེངས་རྗེས་མ་དེར་ཅི་འདྲ་འདུག"ཟེར་བ་ནས་ད་ལྟའི"མི་ཁྱོད་བཤད་ནས་གོ་རྒྱུ་མེད་པ་དེ་འདྲ་ཅི་འདྲ་རེད"ཟེར་བའི་བར་ཐེངས་མང་ཕྱིན་ནའང་།  སྔར་བཞིན་རྡོ་ཐོག་ས་བོན་གྱི་དཔེ་ལྟར་རེ་བ་འབྲས་མེད་རང་ཡིན།

    དྭངས་ཤིང་གསལ་བའི་བྱིས་པའི་མིག་ཟུང་ལས་ལྷད་མེད་པའི་འོད་མདངས་འཕྲོ་ཞིང་སྙན་ཞིང་འཇེབས་པའི་སྐད་མདངས་ཀྱིས་ཁོ་ལ"པ་ལགས"ཞེས་འབོད་དུས།  ཁོས་ཀྱང་བྱིས་པ་ཚོར་འཛུམ་མདངས་ལྷུག་ལྷུག་ སྟོན་བཞིན་ཁོ་ཚོའི་མགོ་བོར་བྱིལ་བྱིལ་བྱེད་ཀྱི་ཡོད། ཁོ་རང་བྱིས་པ་ཚོ་དང་མཉམ་དུ་ཡོད་དུས་སེམས་ལ་སྐྱིད་སྣང་ཞིག་གིས་ཁྱབ་ཡོང་གིན་ཡོད་ཅིང་།  དེ་དུས་གཉེར་རིམ་ཆགས་པའི་ཁོའི་ངོ་གདོང་ལས་ག་ལེར་འཛུམ་མདངས་འཕྲོ་བཞིན་རང་ཉིད་ལས་སྐྱིད་པའི་མི་ཞིག་ཨེ་ཡོད་སྙམ་ནའང་།  བྱིས་པ་ཚོ་ཉལ་རྗེས་ཀྱི་ཁ་ཁུ་སིམ་པའི་མཚན་མོ་རེ་རེར་ཁེར་རྐྱང་གི་གདུང་བས་མནར་ཞིང་།  མ་རྒན་འདས་པ་དང་ཆུང་མ་དང་བུ་མོ་ཤོར་བ། དངུལ་བུན་འཇལ་མི་ཐུབ་པ་སོགས་ཀྱིས་ཁོ་ནི་ལྷོད་པོར་གནས་ཐབས་མེད་པར་ཉལ་བའི་གཉིད་ཀྱང་ལྷོད་ཅིང་འཇགས་པ་ཞིག་ཁུག་ཐུབ་ཀྱི་མེད།  ཉིན་དཀར་བྱིས་པ་ཚོ་དང་མཉམ་དུ་ཡོད་དུས་ཀྱང་ཕལ་ཆེར་ཁོའི་རྒྱབ་ཏུ་འཇབ་ནས་ཡོད་པ་དེ་མངོན་མེད་ཀྱི་དངངས་སྐྲག་ཅིག་ཡིན་པ་འདྲ།

      ཁོས་རང་ཉིད་ལོ་ངོ་སུམ་ཅུར་ལྷག་ཙམ་ནས་ད་བར་དུ་སེམས་ཤུགས་ཡོད་ཚད་དྭ་ཕྲུག་ཁང་དེའི་ཆེད་དུ་བརྒྱབ་ཡོད་ལ་ཁོའི་རེ་བའང་དྭ་ཕྲུག་ཁང་དེར་བཅོལ་ཡོད།  ད་ཆ་ཁོའི་ལག་ནང་དུ་སྒོར་མོ་ཉུང་ཉུ་ངལས་མེད་ཅིང་། ཁང་པ་རྒྱ་བཀྱེད་བྱེད་དགོས་ཀྱང་མ་དངུལ་གྲབས་གསོག་མ་ཐུབ་པར་རྡོ་ལེབ་ཚ་པོའི་སྟེང་གི་འབུ་གྲོག་མ་བཞིན་ལུས་སྐབས། གློ་བུར་འདས་སོང་གི"སྐྱིད་སྡུག་མཉམ་མྱོང"གླེང་མཁན་གྱི་གྲོགས་པོ་དེ་ཚོ་དྲན་སོང་། བཟའ་ཁ་འཐུང་ཁ་དག་ནས་དཔྲལ་བ་དང་དཔྲལ་བ་གཏུགས་ཤིང་ཆང་ཕོར་དང་ཆང་ཕོར་གཏུགས་ཏེ་མི་ཚེ་གཅིག་གི་གྲོགས་པོ་ཡིན་ཟེར་མཁན་དེ་ཚོར་རེ་རེ་བཞིན་ཁ་པར་བཏང་།  
"དེང་སང་ཚོང་ལ་ལམ་འགྲོ་མི་འདུག་པས་་་་་་་་་་་་"     
"ཁང་པའི་དངུལ་བུན་ད་དུང་འཇལ་རྒྱུ་ཡིན་པས་་་་་་་་་་་་་་"
རིམ་གྱིས་ཁོའི་དེ་སྔོན་གྱི་གྲོགས་པོ་དེ་ཚོས་ཁོས་བཏང་བའི་ཁ་པར་མི་ལེན་པ་དང་ཁོ་དང་འབྲེལ་ཐུག་ ཀྱང་མི་བྱེད།  ཕྱིར་དྲན་རེ་བྱེད་དུས་ལོ་རེ་ལས་མ་འདས་པར་ཁོ་ལ་བྱིས་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་གྲོགས་པོ་ཇེ་ཉུང་དུ་འགྲོ་བ་དང་། རེ་འགས་བསམ་གཟས་ནས་ཁོ་ལ་གཡོལ་ཏེ། རིམ་གྱིས་གྲོགས་པོ་དེ་དག་ཀྱང་ཁོའི་ཁྱིམ་མི་དང་འདྲ་བར་ཁོ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན།

    ཞོགས་པའི་ཉི་ཟེར་དྭ་ཕྲུག་ཁང་གི་གྱང་སྟེང་དུ་འཕྲོས་སོང་། ཁོས་སྒེའུ་ཁུང་ལས་སྒོ་རྭའི་ནང་དུ་ལྟ་ དུས་བྱེའུ་ཨ་མ་ཞིག་གིས་བྱེའུ་ཕྲུག་ཞིག་འཁྲིད་ནས་རྒུམ་འབུ་འཐུ་བཞིན་ཡོད་པ་མཐོང་།  བྱེའུ་ཨ་མ་དེས་མཆུ་ཏོས་ཅི་ཞིག་ལ་རེག་ཙམ་བྱས་རྗེས"ཅིར་ཅིར"ཞེས་སྐད་བརྒྱབ་འཕྲལ།  བྱེའུ་ཕྲུག་དེས་གཤོག་པ་ལྷེབ་ཙམ་ལྷེབ་ཙམ་གྱིས་བྱེའུ་ཨ་མའི་མདུན་དུ་ཕྱིན་ནས་ད་གིན་ཨ་མས་རྙེད་པའི་འབུ་འམ་ཤིང་ཏོག་གི་ཚི་གུ་གང་ཡིན་པ་དེ་བཟས་སོང་།  ཁོས་བྱེའུ་དེ་གཉིས་ལ་ལྟ་བཞིན་བྱེའུ་ཨ་ཕ་དང་བྱེའུ་ཚང་གང་དུ་ཡོད་དམ་སྙམ།

     གློ་བུར་དུ་བྱིས་པ་རྒོད་པོ་ཞིག་གིས་རྐང་འཇབ་ལག་འཇབ་ངང་བྱེའུའི་ཕྱོགས་སུ་བཅར་ཡོང་བ་དང་མཆོངས་ཐེངས་གཅིག་གིས་ད་དུང་གཤོག་རྩལ་ཡོངས་སུ་མ་རྒྱས་པའི་བྱེའུ་ཕྲུག་དེ་བཟུང་སོང་།  དེ་འཕྲལ་བྱེའུ་ཨ་མ་ནི་དངངས་སྐྲག་ཆེན་པོས་འཕུར་ཐེངས་གཅིག་ལ་མཐོངས་སུ་འཕུར་ཏེ་དྭ་ཕྲུག་ཁང་གི་རྒྱབ་ངོས་ཀྱི་སྡོང་རྒན་དེའི་ཐོག་བབས་ནས་ཕྱིར་རང་གི་ཕྲུ་གུར་ལྟ་དུས། བྱིས་པ་རྒོད་པོ་དེས་རང་གི་ཕྲུ་གུ་བྱིས་པ་གཞན་ ཚོར་སྟོན་བཞིན་རང་གི་དཔའ་རྩལ་ངོམ་བཞིན་ཡོད་པ་མཐོང་། ཡ་ང་དགོས་པའི་བྱེའུ་ཕྲུག་དེ་རང་ལ་དོད་མོས་ཡོད་མེད་ཀྱི་གཏམ་ཚིག་གཅིག་ཀྱང་ཤོད་དབང་མེད་པར་བྱིས་པ་དེ་ཚོའི་རྩེད་ཆས་སུ་གྱུར་བས་འདར་སིག་སིག་བྱེད་ཀྱི་འདུག

     བྱིས་པ་བསམ་མེད་དེ་ཚོས་དུས་ཡུན་རིང་པོར་བྱེའུ་ཕྲུག་ལ་རྩེད་མོ་རྩེས་ནས་གློད་རྩིས་མེད་པ་མཐོང་དུས། ཁོ་ནི་དེ་ལྟར་བལྟས་ནས་སྡོད་མ་བཟོད་པར་ཐོག་ཁའི་རྡོ་སྐས་ལས་མར་བབས་ཏེ"གཅེས་ཕྲུག་ཚོ། ་ནི་བྱེའུ་ཕྲུག་དེ་གློད་རན་རེད། གལ་སྲིད་ད་དུང་མ་གློད་པར་ཁོའི་ཨ་མ་ལོག་སོང་ན་བྱེའུ་ཕྲུག་འདི་དྭ་ཕྲུག་ཅིག་ ཆགས་ངེས། དེ་ལས་མགྱོགས་པོར་གློད་ཅིག"ཟེར་བས།  བྱིས་པ་ཚོས་ཁོའི་ངོ་ཟློག་མ་ནུས་པར་མ་གློད་རང་གློད་བྱུང་།  བྱེའུ་ཕྲུག་དེ་བྱིས་པ་ཚོའི་ལག་ནས་ཐར་རྗེས་གཤོག་རྩལ་ཞན་ཡང་གཤོག་རྡེབ་བྱེད་བཞིན་ཁོའི་ཨ་མ་འཕུར་སའི་ཤིང་སྡོང་གི་ཕྱོགས་སུ་ཨུ་ཚུགས་ཀྱིས་འཕུར་སོང་།   བྱིས་པ་དེ་ཚོ་བློ་ཕམ་ཆེན་པོས་བྱེའུ་ཕྲུག་འཕུར་ཤུལ་དུ་མིག་ཅེར་རེར་བལྟས་ནས་ལུས།  ཁོའི་སྣང་བ་ཞིག་ལ་རང་ཉིད་བྱེའུ་ཨ་མ་དེ་ཡིན་ཞིང་བྱེའུ་ཕྲུག་དེ་དྭ་ཕྲུག་ཁང་གི་བྱིས་པ་དེ་དག་ཡིན་སྣང་སྐྱེས། བྱེའུ་ཨ་མས་བྱེའུ་ཕྲུག་ལ་གཤོག་རྡེབ་བྱེད་སྟངས་དང་སྒྲོམ་བུ་འཐུ་སྟངས། བྱེའུ་ཚང་བཟོ་སྟངས་སོགས་བསླབས་པ་ནི་ཁོས་བྱིས་པ་ཚོར་བཟའ་ལུགས་འགྲོ་ལུགས་སྡོད་ལུགས་བསླབས་པ་དང་འདྲ་བ་ཞིག་རེད།
         "ཏིར།  ཏིར།   ཏིར།"
     ཁོའི་ཉལ་ཁང་དང་གཞུང་ལས་ཁང་གཅིག་ལྕོགས་ཡིན་པའི་དྭ་ཕྲུག་ཁང་གི་ཐོག་ཁའི་ཁང་ཆུང་དེའི་ནང་ནས་ཁ་པར་གྱི་སྒྲ་གྲགས་བྱུང་། དེ་དུས་ཁོ་ད་དུང་ཉལ་ནས་བསྡད་ཡོད། མདང་ནུབ་ཉལ་དུས་མཚན་མོའི་ཆུ་ ཚོད་བཞི་པ་ཡོལ་འདུག་པས་ད་ནངས་རྣམ་ཀུན་ལངས་དུས་ཀྱི་དུས་ཚོད་ཏག་ཏག་ལ་གཉིད་ལས་མ་སད། ཁ་པར་གྱི་ཏིར་སྒྲ་དེས་ད་གཟོད་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་དངོས་ཡོད་ཀྱི་འཇིག་རྟེན་དུ་དྲངས།
        "ཝ་ཡེ།"ཁོས་ལག་རྒྱབ་ཀྱིས་མིག་ཟུང་འཕུར་བཞིན་ཁ་པར་བླངས།
      "ཁྱེད་རང་◆དྭ་ཕྲུག་ཁང་གི་མགོ་འཛིན་ཡིན་ནམ།"
     "ཡིན།  ཁྱེད་རང་སུ་ཡིན་ནམ།"
     "ང་★ཀུང་སི་ནས་ཡིན། ད་ཐེངས་ང་ཚོའི་ཀུས་སིས་ཁྱེད་ཚོའི་དྭ་ཕྲུག་ཁང་གི་བྱིས་པ་ཚོར་དགུན་ལྭ་དང་འབྲུ་རིགས་རོགས་སྐྱོར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་པས་ཁྱེད་ཀྱིས་དེའི་ཐད་གྲ་སྒྲིག་ཡག་པོ་བྱོས།"
    "ལགས་སོ་ལགས་སོ།  ངས་སྣང་དོགས་མེད་པ་ཞུས་ཆོག   ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།"ཉིན་ཤས་འདས་པའི་ཉིན་ཞིག་ལ་★ཀུང་སི་ཡིས་དྭ་ཕྲུག་ཁང་གི་བྱིས་པ་དང་ལས་མི་ཚང་མར་དགུན་ལྭ་དང་འབྲས་གྲོ་ཞིབ། རྩམ་མར་སོགས་ཀྱི་རོགས་སྐྱོར་བྱས། ཉིན་དེར་གསར་བཀོད་པ་མང་པོས་ཀུང་སིའི་སྦྱིན་བདག་འཇིག་གྲགས་ལ་ཡོ་འགུལ་ཅུང་ཙམ་བྱུང་བ་དག་ཀྱང་རེ་རེ་བཞིན་པར་ལེན་བྱས་པ་དང་། ལྷག་པར་སྦྱིན་བདག་འཇིག་གྲགས་ཀྱིས་ཁོ་དང་ལག་འཇུ་བྱེད་སྐབས་གསར་བཀོད་པའི་པར་ཆས་ཀྱི་གློག་འོད་དང་ཚག་སྒྲའི་རྒྱུན་ཆད་ཀྱི་མི་འདུག                   

    ཁོས་གཉའ་ཞུམ་ཞུམ་ངང་དྭ་ཕྲུག་ཁང་གི་གཞི་ཁྱོན་དང་བྱིས་པའི་གྲངས་ཚད། ད་ལྟའི་དཀའ་ངལ་སོགས་རེ་རེ་བཞིན་སྦྱིན་བདག་འཇིག་གྲགས་བཅས་པའི་དེར་ཡོད་ཀྱི་མི་རྣམས་ལ་གསལ་བཤད་ཞུ་དུས། "དེ་རིང་འདི་གར་མཚམས་བཞག་ན་གང་འདྲ་འདུག་གམ"ཞེས་པའི་སྦྱིན་བདག་འཇིག་གྲགས་ཀྱི་དྲུང་ཡིག་གི་ སྐད་ཆ་དེས་ཁོའི་ཤོད་མཚམས་བཅད།  ཁོའི་བློ་ངོར། དེ་ནི་སྐད་ཆ་ཞིག་མིན་པར་བྲག་རི་དག་ཀྱང་དུམ་བུར་གཏོང་ཐུབ་པའི་སྤུ་གྲི་ཞིག་ཡིན་སྣང་སྐྱེས།  སེམས་བཟང་ཅན་གྱིས་རོགས་སྐྱོར་བྱེད་པའི་བྱ་འགུལ་མཇུག་བསྒྲིལ་རྗེས། ཁོས་སྐུ་མགྲོན་རྣམས་དྭ་ཕྲུག་ཁང་གི་ཕྱི་སྒོའི་བར་སྐྱེལ་མ་བྱས།   

    མི་རྣམས་རེ་རེ་བཞིན་རླངས་འཁོར་ནང་འཛུལ་བ་དང་ཁོས་རྟབ་རྟབ་པོར་སྦྱིན་བདག་འཇིག་གྲགས་ཡོད་པའི་རླངས་འཁོར་མདུན་དུ་ཕྱིན།
"དྭ་ཕྲུག་ཁང་ལ་བྱིས་པའི་ཉལ་ཁང་མི་འདེང་ཀྱང་ཉལ་ཁང་རྒྱག་པའི་མ་དངུལ་མེད་པས་ཁྱེད་རང་གིས་ ཕྱག་རོགས་ཤིག་གནང་རོགས"ཞེས་གུས་གུས་ཞུམ་ཞུམ་ངང་བཤད་པར། སྦྱིན་བདག་འཇིག་གྲགས་ཀྱིས་རང་ གི་མགུལ་འཆིང་དེ་འཐེན་ཙམ་བྱས་ཏེ་ཇེ་ལྷུག་ཏུ་བཏང་རྗེས"རང་ལ་དུས་ཚོད་ཡོད་དུས་ངའི་པན་ཀུང་ཧྲེའི་ནང་ང་འཚོལ་བར་ཤོག་དང་། ང་ཚོ་དེ་དུས་སྐད་ཆ་ཡག་པོ་ཞིག་བྱ"ཟེར་ནས་ཁ་ལོ་བར་འགྲོ་བརྡ་བཏང་།  རླངས་འཁོར་སོང་ཤུལ་དུ་ཐལ་རྡུལ་སྐྱ་འཚུབ་བེ་བ་ཞིག་ལངས་ཤིང་། གང་ཙམ་འདས་རྗེས་འཇའ་ཚོན་ལ་ཉིན་འོད་ཕོག་པ་ལྟར་ག་ལེར་མི་སྣང་བར་འགྱུར།  ཁོ་ནི་དུས་ཡུན་རིང་པོ་ཞིག་གྲག་འགུལ་ཅི་ཡང་མེད་པར་དྭ་ཕྲུག་ཁང་གི་སྒོ་འགྲམ་དུ་ཁ་བྲག་ཁུང་ཙམ་བསྡངས་ནས་ལུས།  དུས་ཡུན་ཇི་ཙམ་ནས་ཡིན་པ་ཁོས་ཀྱང་མི་ཤེས།  གང་ལྟར་ལོ་ཁ་ཤས་གོང་ནས་ཁོ་མཚན་མོ་སླེབས་པར་ཧ་ཅང་སྐྲག་གི་ཡོད།  ཁ་ཁུ་སིམ་པའི་མཚན་མོར་ཤོད་མི་ཐུབ་པའི་ཁེར་རྐྱང་ཞིག་གིས་ཁོ་ལ་གཅེས་ཤིང་ད་དུང་སྨག་མུན་གྱིས་མཐའ་ནས་བསྐོར་བའི་མཚན་མོར་གཅན་གཟན་མང་པོས་མཆེ་སྡེར་བགྲད་ནས་རང་ཉིད་ལ་སྒུག་ནས་ཡོད་པའི་སྣང་བ་ཁོ་ན་འཆར། རྣམ་ཀུན་ཁོས་བརྙན་འཕྲིན་འཕྲུལ་ཆས་སྤར་ནས་འཇིག་སྣང་དེ་ལས་ཡོལ་ཐབས་བྱེད་ཀྱི་ཡོད་ཅིང་། དེ་ནུབ་ཀྱང་གོམས་གཤིས་ལྟར་གསར་འགྱུར་འཕྲིན་ལམ་ལྟ་བཞིན་ཡོད།
 
    "ཟླ་བཅུ་པའི་ཚེས་གསུམ་ཉིན་རང་གྲོང་ཁྱེར་གྱི་ཀུང་སིའི་སྦྱིན་བདག་འཇིག་གྲགས་ལགས་ཀྱིས་རང་གྲོང་བརྡལ་གྱི་དྭ་ཕྲུག་ཁང་ལ་དངུལ་སྒོར་ཁྲི་ལྔ་བཅུ་ལོན་པའི་དགུན་གྱི་གྱོན་ཆས་དང་འབྲུ་རིགས་ཀྱི་རོགས་སྐྱོར་གནང་བ་རེད།  གཏོང་ཕོད་ཆེ་ཞིང་ཐུགས་སེམས་བཟང་བའི་སྦྱིན་བདག་འཇིག་གྲགས་ནི་རང་ས་ཁུལ་གྱི་ཕུལ་བྱུང་ཁེ་ལས་པ་ཞིག་ཡིན་ཞིང་།  ཕ་མ་དང་སྙིང་ཉེ་སུ་གང་ཡང་མེད་པའི་བྱེའུ་ཕྲུག་ཐང་དུ་ལུས་པ་ལྟ་བུའི་དྭ་ཕྲུག་གི་ཆེད་དུ། རང་གི་ཁེ་ཕན་རྒྱབ་ཏུ་དོར་ཞིང་དཀའ་བ་གདོང་གིས་བསུ་ནུས་པའི་བླ་ན་མེད་པའི་ ཁོང་གི་འཛད་རྗེས་དེ། སྤྱི་ཚོགས་ལས་རིགས་ཁག་གི་ཕོ་མོ་རྒན་གཞོན་ཀུན་གྱིས་མིག་དཔེར་འཛིན་འོས་པ་ཞིག་རེད། ཁོང་གི་གཞན་ཕན་གྱི་བསམ་སྤྱོད་ལས་་་་་་་་་་་"  མཚམས་དེར་ཁོའི་ཁོག་སྟོད་ལ་ཟུག་གཟེར་དྲག་པོ་ཞིག་ལངས་ཏེ་མུ་མཐུད་བརྙན་འཕྲིན་ལྟ་མ་ཐུབ་པས་་གློག་སྒོ་བཀག་ནས་གཉིད་ཁུག་ཐབས་བྱས།  འོན་ཀྱང་། མཚན་མོ་དེར་ཁོ་ནི་ཅི་ཞིག་རྐྱེན་གྱིས་སྐྱུག་མེར་ལངས་ཤིང་སྐྱུག་ལྡང་ཡང་ཡང་བྱས་ཏེ།  ལྷོད་ཅིང་འཇགས་པའི་གཉིད་སྐྱིད་པོ་ཞིག་ཡེ་ནས་ཁུག་མ་ཐུབ།

                                         རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease