རྒྱུན་ལྡན་འདིའི་འཁོར་དུག

     རྩོམ་པ་པོ། རྨིས་པ།


རྒྱུན་ལྡན་འདིའི་འཁོར་དུག
 
 
              
  རྨིས་པ། 

       ཚེ་སྐྱིད་ལྷ་མོ་དང་མཉམ་དུ་གཤིབ་པའི་ཕོ་སར་དེས།  ང་ཡི་སྙིང་ཕྱེད་ཀ་ཁྱེར་ནས་སྲང་ལམ་དུ་རྒྱུག་སོང་། དེ་དང་མཉམ་དུ་ཚེ་སྐྱིད་ལྷ་མོས་བསམ་བཞིན་དུ་ཕྱིར་འཕང་བ་འདྲ་བའི་མིག་མདའ་གཡོ་སྒྱུ་ཅན་དེས་ཀྱང་ཤུལ་ན་ལྷག་པའི་ང་ཡི་སྙིང་ཕྱེད་ཀ་དེ་ཉིད་གཏོར་སོང་། དེ་ནས་ང་རང་བེམ་གོག་སྟོང་བ་ཞིག་ཏུ་བཏང་ནས་ལམ་འགྲམ་དུ་གཡུགས་པའི་མོད་ལ། ཚེ་སྐྱིད་ལྷ་མོས་ལག་པ་ཕར་ཧྲེང་སྟེ་ཕོ་སར་དེའི་ཕྲག་པར་རེག་པའི་རྣམ་པ་ནི་ང་ཡིས་ཐེག་དཀའ་བ་ཞིག་སྟེ་གྲོང་ཁྱེར་འདི་ལས་ཀྱང་ཧ་ཅང་ལྗིད་པོ་འདུག་ཨང་།

ངའི་རུས་གཞི་ལྷུ་ལག་ཡོད་ཚད་ཀྱང་ཚེ་སྐྱིད་ལྷ་མོས་ཁྱད་གསོད་ཀྱི་གོམ་པ་གཅིག་གིས་ཐར་ཐོར་དུ་བཏང་སྟེ་ཕྱིན་སོང་། དེ་ནས་ངའི་ཁོག་པ་སྟོང་བར་གྱུར་བའི་ཁེར་རྐྱང་གི་ཤུགས་གླུ་ལས་མོས་བསྐུར་བའི་ལ་གཞས་ཤིག་གི་པར་རིས་མངོན་བྱུང་། དེ་ནི་དངོས་གནས་ཧ་ཅང་མུ་གེའི་དུས་ཤིག་ལ་འཕྲད་པ་དང་འདྲ་བར་ང་ལ་མཆིལ་མྱིད་མངགས་ནས་མིད་པ་ཐག་ཏུ་བཅུག་སོང་ལ། པར་རིས་ཙམ་ཞིག་ཡིན་པའི་མནར་གཅོད་དེ་ཡང་ཆུ་འཁྱག་བཞིན་འཕྱུར་ཏེ་ཁང་སྟོང་ནང་གི་སྒོ་ཡོད་ཚད་གཏོར་སོང་།  དེ་ནས་ང་ཡིས་གཏམ་རྒྱུད་ཅིག་གི་སྟོན་རླུང་འཁྱག་ཚུལ་ཡི་གེའི་བཞུར་རྒྱུན་ལ་བཏགས་ནས་ར་བཟིའི་ངང་ཁང་སྟོང་དུ་ལོག་པར་བརྩམས་ཚེ་གློ་བུར་དུ་གཉིད་ལས་སད་བྱུང་། རེད་ཡ། བསྐྱར་ཟློས་ངང་ཞུགས་དགོས་པའི་མངོན་སུམ་གྱི་འཚོ་གནས་འདི་དང་མི་འདྲ་བར་ནུབ་མ་རེ་རེར་རྒྱུན་ལྡན་མིན་པར་འགྱུར་འགྲོ་བའི་གཉིད་ལམ་ཟེར་བ་དེས་ནི། ང་ལ་བསྐྱར་ཟློས་མིན་པའི་འཁྲུལ་སྣང་གཞན་པ་ཞིག་གི་སྒེའུ་ཁུང་འབྱེད་པར་བྱེད་ལ། ངས་དེའི་བར་ནས་གཞན་དབང་གི་བཙོན་ལ་ཚུད་པའི་སྙན་ངག་མང་བོ་ཞིག་ཕྱི་ལ་གཏོང་ཐུབ་ཀྱིན་འདུག། དེ་ནི་གཏན་དུ་སད་རྒྱུ་མེད་ན་སྙམ་པའི་སྙན་ངག་ཡག་པོ་འཁྱོངས་སའི་ཁོར་ཡུག་ཅིག་རེད་ཨང་།  དེ་ནི་ཅི་འདྲའི་དངོས་ཡོད་ཅིག་ཡིན་ན་སྙམ་པ་ཞིག་རེད་ཨང་། ཡིན་ཡང་། དེ་ནི་སྔར་བཞིན་གཉིད་ལམ་ཞིག་རེད། དེ་ནི་མདང་དགོང་མགོ་རྩོམ་པ་དང་འདྲ་བར་མཇུག་ཀྱང་དེ་ལྟར་གྲ་སྒྲིག་དང་ཡིད་འཐད་གང་ཡང་མེད་པར་རྫོགས་སོང་། དེ་ནི་རྒྱུན་ལྡན་ཞེས་པའི་འཚོ་བ་འདིས་ང་རང་སྔར་བཞིན་ཚོད་འཛིན་བྱེད་ཚུལ་ཞིག་ཀྱང་ཡིན་ངེས། ཅི་འདྲའི་སུན་པ་ལ་ཨང་། དེ་རིང་ཡང་ནམ་རྒྱུན་བཞིན་གྲགས་འགུལ་ཅི་ཡང་བཟོ་མི་ཐུབ་པའི་རྒྱུན་ལྡན་གྱི་དུས་ཚོད་འདིའི་འཁོར་དུག་ལ་འདྲེས་དགོས་པ་ནི་ཅི་འདྲའི་སུན་པ་ལ་ཨང་།

     ད་ནི་གང་ལྟར་ཞོགས་པ་འདི་འདྲ་ཞིག་གིས་དེ་རིང་ཡང་དུས་ཚོད་མཐའ་དག་སྔར་བཞིན་རྒྱུན་ལྡན་ཟེར་བ་དེ་ལ་ཕུལ་དགོས་པའི་སྔ་ལྟས་ཤིག་ཚེས་སོང་བ་དང་འདྲ།  མགོ་བོ་ཡར་ལ་བཀྱགས་ནས་བསམ་བློ་བཏང་ཚེ། དེ་རིང་ཡང་ཚོར་བ་མེད་པའི་བསྐྱར་ཟློས་ཀྱི་ཉི་མ་འདི་ལ་མི་འགྲོས་རང་འགྲོས་རེད་འདུག། ཚེ་སྐྱིད་ལྷ་མོས་བཏང་བའི་མནར་གཅོད་དེ་དག་ཀྱང་གཉིད་ལམ་ཙམ་ལས་མངོན་སུམ་གྱི་ཁྲོད་ལ་འཁྲིད་ཐུབ་པ་ཞིག་གང་ནས་ཡིན། གལ་ཏེ། དེ་ལྟར་ཚེ་སྐྱིད་ལྷ་མོས་ངའི་མངོན་སུམ་གྱི་མདུན་ནས་གོང་གི་གཉིད་ལམ་དེ་དག་འཁྲབ་ཡོད་ཚེ་ཁོ་མོས་ང་ལ་དོ་སྣང་བྱས་པ་རེད་ལ། དོ་སྣང་གི་ཁྲོད་ནས་བཏང་བའི་མནར་གཅོད་རེ་རེ་ཡང་ངའི་རྒྱུན་ལྡན་གྱི་འཚོ་བ་འདི་གཏོར་བྱེད་ཀྱི་མདའ་མོ་རེ་རེ་ཡིན་ངེས། དེས་ང་ལ་སྙན་ངག་སྦྱིན་པ་རེད་ལ། གཞན་དང་མི་འདྲ་བའི་གྲགས་འགུལ་ཅན་གྱི་ནང་སེམས་ཀྱི་འཚོ་བ་ཞིག་སྟེར་བ་རེད། ང་ལ་མཁོ་བ་ནི་བསྐྱར་ཟློས་མིན་པའི་འཚོ་བ་ཞིག་ཡིན། ངས་ཚེ་སྐྱིད་ལྷ་མོ་ཡང་ཡང་འདེད་དོན་ཡང་ཁོ་མོའི་བརྩེ་བ་ང་ལ་དགོས་པས་མིན་ལ། ཁོ་མོའི་དུས་ཚོད་ང་ལ་དགོས་པས་ཀྱང་མིན།  ཆེས་སྒུག་བཟོད་མེད་པ་ནི་ཁོ་མོས་བཏང་བའི་མནར་གཅོད་དེ་རེད། མནར་གཅོད་དེའི་ཚ་རླབས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་རེ་རེ་ལ་རྨས་སྐྱོན་ཕོག་ཚུལ་དེ་རེད།  

སྔ་དྲོ??????????????????????????
ཉིན་གུང???????????????????????
ཕྱི་དྲོ????????????????????????

  ས་སྲོད་ལ་སླེབས་དུས། དེ་རིང་གི་འཚོ་བ་ཡང་རྒྱུན་ལྡན་གྱི་ཕག་ལ་ཡིབ་ནས་བློ་ཡུལ་ན་ཅི་ཡང་ལུས་མི་འདུག ། སྒེའུ་ཁུང་ལས་མཐོང་བའི་ཆ་ཤས་ཆུང་ངུ་དེས་ཀྱང་རི་ལུང་ཐང་གསུམ་གྱི་ཁ་དོག་མཚོན་ཐུབ་པའི་ས་ཆ་འདི་ནི། མནབས་ཡུན་རིང་བའི་གྱོན་པ་ཞིག་དང་འདྲ་བར་ཉིན་རེ་བཞིན་དུ་འགྱུར་བ་གང་ཡང་མེད་པར་རྒྱུན་ལྡན་ཞིག་ཡིན་ན་ཡང་། ཡུན་རིང་ཞིག་འགོར་རྗེས་སྒོར་བུད་ན་རྒྱུན་ལྡན་མ་ཡིན་པའི་ཁ་དོག་གསར་བ་ཞིག་འགེབས་བཞིན་ཡོད་པའི་བཟོ་ལྟ་རེ་ཡང་ལྷང་ལ་བུད་ཡོང་། དེ་ནི་སྔ་དྲོ་ནས་ཕྱི་དྲོ་ལ་ཡོང་བཞིན་ཡོད་ལ། ད་ཞག་ནས་ད་ལྟའི་བར་ལ་ཡང་ཡོང་བཞིན་ཡོད། ཡིན་ཡང་། སྣང་ཚུལ་འདི་དང་གདོང་ཐུག་པའི་ཚོར་བ་ནི། བསྐྱར་ཟློས་ཞེས་པའི་འཚོ་སྟངས་འདིའི་བར་ནས་རྒྱུན་ལྡན་ལ་གྱུར་ནས་སྔ་མོ་ཞིག་ནས་ཡིག་ཤུབས་ནང་ལ་འཛུལ་ཟིན། ཚེ་སྐྱིད་ལྷ་མོ་ལ་ཡང་སྤྲིངས་ཟིན། ཕར་བལྟས་ཚོད་ལ་དེ་རིང་ཡང་རྒྱུན་ལྡན་མིན་པ་འདྲ་བའི་གསར་འགྱུར་ཁ་ཤས་ངའི་ནང་སེམས་ནས་ཡར་མར་ཞོགས་སོང་ན་ཡང་། ཁོ་ཚོ་ཡང་སྔར་བཞིན་རྒྱུན་ལྡན་ཞིག་ལ་གྱུར་ཏེ་རིམ་གྱིས་ཡོལ་ནས་བརྗོད་བྱ་ཡོད་པའི་རྗེས་ཤུལ་གཅིག་ཀྱང་མི་ལྷག་པར་གྱུར་འདུག ། གླེང་རིན་ཡོད་པ་ཅི་ཡང་མི་འདུག་ལ་གླེང་འདོད་པ་ཡང་གཅིག་ཀྱང་མི་འདུག ། མདོར་ན། ནང་སེམས་ཤིག་སྐོམ་གདུང་གིས་རྔམ་ནས་ཡུན་རིང་ཕྱིན་ན་ཡང་སྙན་ངག་ཅིག་གི་ནང་དུ་ཉར་རི་བའི་སྦུ་ཆང་ཁམ་གང་ཡང་འཕྱུར་རྒྱུ་མི་འདུག །  ཕྱི་རོལ་ལ་རྒྱུན་ལྡན་མིན་པའི་སྣང་ཚུལ་རེ་གཉིས་འབྱུང་བ་ལས་ཀྱང་གལ་ཆེ་བ་ནི་ནང་སེམས་ལ་དམག་འཁྲུགས་ཚབ་ཆེན་འབྱུང་རྒྱུ་དེ་རེད། ཡིན་ཡང་། དེ་རིང་ཡང་སྔར་བཞིན་ཅི་ཡང་བྱུང་མ་སོང་།  ཚེ་སྐྱིད་ལྷ་མོས་ཀྱང་སྔར་བཞིན་ངའི་སྔུན་ནས་དགའ་རོགས་འཁྲིད་དེ་ང་ལ་མནར་གཅོད་གཏོང་གིན་མི་འདུག་ལ། ཡང་ན་ངའི་མིག་ལམ་དུ་ཧེབ་ཚད་པ་འདྲ་བའི་ཆེས་མཛེས་པའི་ཉམས་འགྱུར་ཚབ་ཆེན་རེ་ཡང་སྟོན་གྱིན་ཡང་མི་འདུག །  ད་ནི་དངོས་གནས་རྒྱུན་ལྡན་ཞེས་པའི་ཅི་མི་སྙམ་པའི་གཟུགས་མེད་ཀྱི་ལྕགས་སྒྲོག་དེས་ངའི་དེ་རིང་གི་ཚོར་བ་ཡང་སྒྲོག་ཟིན། འགད་གཏོར་ཞིག་སླེབས་ན་སྙམ་པའི་སེམས་པ་འདི་ཡང་ད་ནི་ཉལ་སར་ལྷུང་བ་ལྟ་བུའི་ངལ་དུབ་ཀྱིས་བཟུང་ནས་མུན་ནག་ཅིག་ལས་འཆར་སྣང་གང་ཡང་འབྱུང་རྒྱུ་མི་འདུག ། དེ་རིང་ཡང་གྲོགས་པོ་ཞིག་གིས་ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་ཅེས་དྲིས་བྱུང་བས་ང་རང་སྔར་བཞིན་འཚོས་ཡོད་ཅེས་པའི་རྗེས་ཟློས་འདྲ་བའི་ལན་འདི་འདེབས་རྒྱུ་ལ་ཡང་སུན་སྣང་དྲག་པོ་ཞིག་སྐྱེས་སོང་།  ད་ནི་དངོས་གནས་རྒྱུན་ལྡན་ཞེས་པའི་འཚོ་བ་འདིའི་བར་ནས་ང་རང་ངག་ལྐུགས་པའི་ར་བཟི་བ་ཞིག་ཏུ་འགྱུར་འགྲོ་རྩིས་ཡིན་ནམ།     དངོས་གནས་སྔར་བཞིན་རྒྱུན་འཇགས་སུ་བཞུར་བའི་དུས་ཚོད་འདིའི་གྲགས་འགུལ་ཅི་ཡང་མེད་པའི་བསླུ་བྲིད་ཀྱི་བར་ནས། ངས་རང་ཉིད་སྲོག་ལྡན་ཞིག་ཡིན་པའི་རྣམ་ཤེས་ཀྱི་འཕར་ལྡིང་ཡང་ཐོས་ཐབས་བྲལ། ད་ལྟ་ཕར་བལྟས་ཚེ་རྒྱུན་ལྡན་མང་བོ་ཞིག་གིས་རྙིང་རུལ་དུ་གཏོང་བཞིན་པའི་གྱང་འཁྱག་འདི་ཡང་སྔར་བཞིན་གྲགས་འགུལ་ཅི་ཡང་མེད་པར་ངའི་མདུན་ན་འགྲེང་འདུག ། དེས་གྱང་འདིས་ཁོ་རང་ལ་རྣམ་ཤེས་མེད་པ་གསལ་བཤད་བྱས་པ་མིན་ནམ། ངས་ཉིན་འདི་དག་ལ་བསམ་བཞིན་བསམ་བཞིན་རང་ཉིད་གྱང་འདི་དང་མི་འདྲ་བའི་ཁྱད་པར་གང་ཡང་རྙེད་ཀྱིན་མི་འདུག ། 

                                      རྩོམ་སྒྲིག་པ། འཕགས་མི།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease