རྡོ་བྷེའི་གདམ་ཀ།

    རྩོམ་པ་པོ། མྱི་ནག་པོ།


རྡོ་བྷེའི་གདམ་ཀ།
 
                       མྱི་ནག་པོ་ནས།
 
སྨྱུ་གུ་ལག་ལ་བཟུང་ནས་རྡོ་བྷེ་དང་འབྲེལ་བའི་གཏམ་རྒྱུད་འབྲི་ནི་བདག་ལ་མཚོན་ན་ཆེས་སྤྲོ་སྣང་ལྡན་པའི་ཕྱིར་དྲན་ཞིག་རེད། སློབ་གྲྭའི་དུས་ཚོད་བཀོད་སྒྲིག་ནི་བཙོན་ཁང་ཞིག་གི་དུས་ཚོད་བཀོད་སྒྲིག་ལས་བཙན་པས། སློབ་མ་རྣམས་ནི་བཙོན་མ་ཞིག་དང་འདྲ་བར། ཞོགས་པར་ལངས་ཏེ་ནངས་ཇ་འཐུང་རྗེས། སློབ་ཁང་ནང་ལ་འཛུལ་ཏེ་ཞོགས་འདོན་དང་རིམ་བཞིན་སློབ་ཐུན་ཚོགས་པ་དང་། སློབ་ཐུན་གྲོལ་རྗེས་ཉིན་གུང་གི་ཟ་འཐུང་དང་།སླར་ཡང་སློབ་ཁང་ནང་དུ་ཡོང་ནས་དུས་ཚོད་ཕྱེད་ཀ་ཙམ་གྱི་རིང་ལ་རྨི་ལམ་ཕྱེད་ཀ་ཞིག་རྨིས་རྗེས་སླར་ཡང་ཕྱི་དྲོའི་དུས་ཚོད་ལྟར་སློབ་ཐུན་དག་རེ་རེ་བཞིན་ཚོགས་དགོས་པ་དང་། དེའི་བར་གསེང་ན་རང་ཉིད་ལ་དབང་བའི་དུས་ཚོད་ནི་གཅིན་སྐྱག་འདོར་བའི་སྐར་མ་འགའ་ཤས་ལས་མེད། ད་ལྟ་ཕྱིན་དྲན་ཞིག་བྱས་ན། སྐབས་ཐོག་དེར་ཆེས་ཕྱིར་དྲན་བྱེད་རན་ཞིག་ཡོད་པ་དེ་ནི་མཚན་ཚོགས་གྲོལ་རྗེས་ཕྱིར་སྡོད་ཤག་ལ་སོང་ནས་ཁྱི་ལབ་ཐན་ཐུན་རེ་རྒྱག་པ་དེ་རེད། སྐབས་དེར་མཚན་སྲུང་བ་ནི་རྒྱ་མོ་གཟིག་མོ་འདྲ་བ་ཞིག་ཡིན་ནའང་། མོས་ཁ་འོག་ནས་ང་ཚོའི་དགོད་སྒྲ་ནམ་ཡང་མཚམས་ཆད་མ་མྱོང་། མཚམས་ལན་རེར་རྒྱ་མོ་དེར་ཡང་ཐབས་ཟད་འུ་ཐུག་ཏེ་ང་ཚོའི་གསང་བའི་གླེང་མོལ་སྣ་ཚོགས་བྱས་པ་དེ་ལྐོག་ནས་ཁ་པར་ནང་ལ་སྒྲ་ཕབ་རྗེས། མགོ་བོ་ཡར་དགྱེ་བ་དང་བྲང་ཁ་མདུན་ཕྱོགས་སུ་གཏད་ནས་ང་ཚོའི་མདུན་དུ་ཡོང་བཞིན།“རང་རང་གི་དུས་ཚོད་ལ་ཅིག་ལྟོས་དང་། མཚན་མོའི་དུས་ཚོད་དང་པོའི་སྟེང་ལ་སླེབས་འདུག གལ་ཏེ་ད་དུང་ཁྱི་ཁ་མི་བཙུམ་ན་སྒྲ་འདི་ཁྱེད་ཚོའི་འཛིན་བདག་ལ་སྐུར་རྒྱུ་ཡིན།”ཞེས་སྤོ་གཏམ་རེ་བཤད་པ་ན། ང་ཚོར་ཡང་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར། བཙན་གྱིས་མིག་གཉིས་བཙུམ་ཏེ་གཉིད་མི་ཡོང་ན་ཡང་གཉིད་ཅི་ཐུབ་བྱེད་ངེས།(ང་ཚོ་གཉིད་ཅི་ཐུབ་བྱེད་རྐྱེན་ཡང་སློབ་གྲྭའི་གྲུ་ཟུར་གང་རུང་ན་ཐ་ན་གླུ་གཞས་ཐན་ཐུན་རེ་ཡང་གོ་རྒྱུ་མེད་པས་ལོས་ཡིན། ང་ཚོ་ལ་མཚོན་ན་སྡོད་ཤག་ནི་རང་ཉིད་ཀྱི་གླེང་སྟེགས་ཡག་ཤོས་དེ་ཡིན།) ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པར་ཞུ། གོང་དུ་ཉོག་གཏམ་མང་ཙམ་ཤོར་སོང་། ད་ནི་ང་ཚོའི་དངོས་སུ་རྡོ་བྷེའི་གདམ་ཀ་གླེང་བར་བྱ།

གཅིག
རྡོ་བྷེ་ནི་གཟུགས་རིང་ལ་ཁ་ལྕེ་བདེ་བ་དང་། གྲོགས་ཕན་ཚུན་ལ་མཐུན་སྒྲིལ་ཆེ་བ་དང་། སྦྱང་འབྲས་བཟང་བ་ཞིག་ཡིན་པ་མ་ཟད། རྒྱུན་དུ་ཁ་མཚར་ཀུ་རེ་ལ་དགའ་བའི་སླ྄ོབ་མ་ཡ་རབས་ཚུལ་ལྡན་ཞིག་རེད། ལོ་ཞིག་དབྱར་ཁར། སྨན་པ་ཞིག་གིས་ཅི་ཞིག་མཁྱེན་སོང་བ་ལྟར། “ཞི་ལི། ཁྱོད་ལ་ནད་ཚབས་ཆེན་ཞིག་བྱུང་འདུག སློབ་གྲྭ་ནས་འདུག་མི་ཉན།”ཞེས་ལུང་བསྟན་གནང་རྗེས་ཁོ་རང་བྲེལ་འཚུབ་ངང་སློབ་གྲྭ་དང་བྲལ་ཏེ་སྨན་ཁང་ནང་ལ་བུད་སོང་། རྗེས་སུ་ང་ཚོས་སྐད་འཕྲིན་དང་གླེང་མོལ་ལས་ཁོ་དང་ལབ་གླེང་འགའ་རེ་བྱས་པ་སྟེ། ཁོ་རང་མྱུར་དུ་ཕྱིར་ལོག་པར་རེ་སྒུག་བྱས་ཀྱང་། ཁོ་བོས་སེམས་ཐག་གཙང་བཅད་སྒོས། ད་ནི་ཕྱིར་སློབ་གྲྭར་མི་ཡོང་ཁོ་ཐག་ཡིན་ཞེས་བཤད་བྱུང་། རྡོ་བྷེ་སོང་རྗེས། ནམ་རྒྱུན་འུར་ཟིང་གིས་ཁེངས་བའི་སྡོད་ཤག་དེ་ཡུན་རིང་ཞིག་ལ་བླ་མ་ཞིག་གི་མཚམས་ཁང་ཞིག་དང་འདྲ་བར་ཞི་འཇགས་སུ་ལུས། སྐབས་སྐབས་སུ་ཁོ་རང་ཕྱིར་སློབ་གྲྭར་ང་ཚོ་ལ་ལྟ་རུ་ཡོང་བ་དང་། ཞག་མ་གཅིག་རེ་ཙམ་ལ་བསྡད་དེ་ཕྱིར་ལོག་འགྲོ། སློབ་གྲོགས་ལ་ལས་ཁོ་ལ།“ཁྱོད་ང་ཚོ་ལ་ལྟ་རུ་ཡོང་བར་ཁ་གཡར་ནས་མཛའ་མོར་ཐུག་ཏུ་ཡོང་བ་མིན་ན”ཞེས་བཤད་པ་ན། ཁོ་བོ་དགོད་ཙམ་བྱས་སྟེ“དེ་དཔེ་ནེ། ང་ཁྱོད་ཚོ་ལ་ལྟ་རུ་ཡོང་བའི་ཞོར་ལ་མཛའ་མོར་ལྟ་རུ་ཡོང་བ་ཡིན”ཞེས་ཕྱིར་བསྐོར་ནས་བཤད་པ་ན་ང་ཚོའི་སྡོད་ཤག་ཆུང་ཆུང་དེ་སླར་ཡང་དགོད་སྒྲས་ཁེངས་འགྲོ། དེ་ལྟར་སློབ་སྐབས་གཅིག་ཙམ་འདས་སོང་རུང་། ཁོ་བོ་དང་ཕྱིར་ལོག་མ་བྱུང་། སྔར་བཞིན་ང་ཚོར་ཐེངས་རེར་ལྟ་རུ་མ་ཡོང་བས། གནས་ཚུལ་མང་བོ་ཞིག་གོ་མ་བྱུང་།འཛིན་གྲྭའི་ནང་དུ་སློབ་གྲོགས་ལ་ལས་རྡོ་བྷེས་ཆུང་མ་བླངས་སོང་ཟེར་ནས་རྫུན་གཏམ་རེ་ལབ་ན། འཛིན་གྲྭའི་བུ་མོ་ཐམས་ཅད་ཧ་ཅང་ཡ་མཚར་དང་རྣ་བ་ཅོག་ཅོག་བྱས་ཏེ། ཡར་མར་ལ་དྲིས་ཏེ་རྩད་གཅོད་བྱེད་ཅིང་། ཡང་ལ་ལས་རྡོ་བྷེས་གྲྭ་བ་བྱས་འདུག་ཟེར་ནས་འུད་སྒྲོག་ཅུང་ཙམ་རེ་བྱས་ན། འཛིན་གྲྭའི་བུ་མོ་དག་སྔར་བཞིན་ཡ་མཚན་སྐྱེས་ཡོང་གི་ཡོད། ལ་ལས་རྡོ་བྷེས་ཆུང་མ་ལེན་རྒྱུ་སྔ་དྲག་སོང་ཟེར་བ་དང་། ཡང་ལ་ལས་རྡོ་བྷེ་སློབ་སྦྱོང་ལ་བཟང་བས་ཕྱིར་ལོག་ན་ཅི་མ་རུང་ཟེར་བ་དང་།ཡང་ལ་ལས་རྡོ་བྷེས་གྲྭ་བ་བྱེད་ཐུབ་ན་ང་ཚོའི་འཛིན་གྲྭའི་ནང་ན་གྲྭ་བ་བྱེད་མི་ཐུབ་མཁན་གཅིག་ཀྱང་ཡོད་ག་ལ་ཡོད་སོགས་རྡོ་བྷེ་དང་འབྲེལ་བའི་སྐད་ཆ་སྣ་ཚོགས་བཤད་ཀྱིན་འདུག རྡོ་བྷེ་ནི་ང་ཚོའི་སྡོད་ཁང་འདིའི་དགོད་སྒྲ་ཙམ་མ་ཟད་འཛིན་གྲྭའི་ནང་གི་མི་སྣ་གཙོ་བོ་ཞིག་ཡིན་པས། རྡོ་བྷེ་མི་དྲན་པའི་མི་གཅིག་ཀྱང་མེད་ལ། རྡོ་བྷེ་ཕྱིར་ལོག་པར་རེ་སྒུག་མི་བྱེད་མཁན་ཡང་གཅིག་ཀྱང་མེད། རྡོ་བྷེ་འདི་ལྟར་སློབ་གྲོགས་ཚང་མའི་རེ་སྒུག་གི་བར་གླེགས་ནས་ནམ་ཡང་བོར་མྱོང་མེད།

གཉིས།
བསམ་ཡུལ་ལས་འདས་པ་ཞིག་ལ། རྡོ་བྷེས་སྔར་བཞིན་གདོང་ལ་རེ་བས་ཁེངས་ཤིང། ཡིད་ཆེས་དང་འཛུམ་མདངས་ཀྱིས་ཕྱུག་ཏེ་ཕྱིར་སློབ་གྲྭར་ལོག་བྱུང་། སྐབས་དེར་སློབ་གྲོགས་ཚང་མ་ཁོ་དང་ཉེ་སར་རུབ་ནས་ལབ་གླེང་སྣ་ཚོགས་བྱས་སོང་།ཁོ་རང་ནི་ཅུང་ཙམ་ཡང་འགྱུར་མེད་དེ། དཀར་ཞིང་གྲལ་དག་པའི་དུང་སོ་སུམ་ཅུ་དང། ཕྲ་ལ་རན་པའི་སྐྱེས་གཟུགས་རན་པོ་དེར་དེང་མའི་གསར་བུ་སྣང་སྐྱིད་ཀྱི་ཆ་ཤས་ཡོངས་སུ་ཚང་ཞིང་། ཁོ་བོས་སྨྲ་བརྗོད་མཐའ་དག་དེ་ལས་དག་པར་གྱུར་འདུག་པས། སློབ་གྲོགས་ལ་ལས་ཀུ་རེ་ཡིས་ཚུལ་དུ་རྡོ་བྷེ་ལ་“ཁྱོད་ཀྱི་ཁ་ཞིག་གདངས་དང་། ཁྱོད་ལ་ལྕེ་ལྷག་མ་ཞིག་ཡོད་ནི་མིན་ན”ཞེས་འདྲི་བ་དང་། ཡང་ལ་ལས་ཁྱོད་སྐྱ་སར་བབས་དང་ནེ། ཡང་ལ་ལས་ཁྱོད་ཀྱི་ཆུང་མ་གཡུག་དང་ནེ་སོགས་དྲི་བ་སྣ་ཚོགས་བཏོན་ནས་ཁོ་རང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་སྐྱེལ་ངེས། རྗེས་སུ་ང་ཚོའི་སྡོད་ཤག་ནས་ལབ་གླེང་སྣ་ཚོགས་བྱས་རྗེས། རྡོ་བྷེའི་གནས་ཚུལ་གསལ་བོ་ཤེས་སོང་།

གསུམ།
རྡོ་བྷེ་དང་འབྲེལ་བའི་གནས་ཚུལ་འབྲི་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ནམ་རྒྱུན་ཕྱིར་སྡོད་ཤག་ལ་ལོག་ནས་རྡོ་བྷེ་དང་ལབ་གླེང་སྐྱིད་པོ་རེ་བྱེད་དུས། སྒོ་རྒྱབ་ན་ཡིབ་པའི་རྒྱ་མོ་གཟིག་མོ་འདྲ་བ་དེས་སྒྲ་ཕབ་སྟེ་འཛིན་བདག་ལ་སྐུར་རྒྱུ་ཡིན་ཞེས་བཤད་ཐེངས་རེ་རེར། སྐད་ཆ་ལྷག་མ་རུམ་ནས་བཙན་གྱིས་གཉིད་དགོས་བྱུང་གིན་ཡོད། མཐར་ཕྱིན་ལ་ཉེ་བའི་དགོང་མོ་ཞིག་ལ་རྡོ་བྷེའི་རང་གི་གནས་ཚུལ་རྣམས་ང་ཚོར་གསལ་བོ་བཤད་བྱུང་སྟེ། རྡོ་བྷེ་སློབ་གྲྭ་ནས་ཕྱིར་ལ་ལོག་རྗེས་སྨན་ཁང་ནས་ཟླ་ཤས་ལ་བསྡད་པ་དང་། རྗེས་སུ་ཕྱིར་ཕ་ཡུལ་ལ་ལོག་རྗེས་ཁོ་རང་ཕྱིར་སློབ་གྲྭར་སོང་ན་སློབ་གྲོགས་ཚང་མའི་རྗེས་ལ་ལུས་སོང་སྙམ་སྟེ། སེམས་ཐག་གཙང་བཅད་སྒོས་སློབ་གྲྭར་མི་འགྲོ་རྒྱུ་བྱས་པ་དང་། ཁྱིམ་མི་དག་ཀྱང་འཐད་པ་བྱུང་སྟེ་རེ་ཞིག་ཁྱིམ་ནས་ལུས།

བཞི།
འཁོར་བ་ནི་མ་གཞི་ནས་ཡང་སྐོར་བསྐྱར་འཁོར་བྱས་ཏེ་མི་ཚེ་འདའ་བཞིན་པའི་སྙིང་བོ་མེད་པའི་འཚོ་བ་ཞིག་ཡིན་པས། རྡོ་བྷེ་རིམ་བཞིན་འཁོར་བར་ཞེན་པ་ལོག་སྟེ། ཁོ་རང་གྲྭ་བ་བྱེད་རྒྱུའི་ཐད་ལ་བསམ་བློ་ཕྱོགས་ཤིང་། ཁོ་རང་དགོན་པ་ཞིག་ནས་ཨ་ཁུ་ཞིག་གི་དྲུང་ནས་ཁ་ཏོན་དགེ་སྦྱོར་ལ་བརྩོན་པ་རྒྱ་ཆེར་བྱས་པ་དང་། དེར་ཡོད་ཀྱི་གྲྭ་བ་ཚང་མའི་མཐེ་བོང་བསྒྲེངས་བཞིན་བསྟོད་པ་བྱས། གཟའ་འཁོར་གཅིག་འགོར་བའི་མོད་ལ། རྡོ་བྷེས་བསམ་པར།རྗེས་སུ་སློབ་གྲོགས་ཚང་མ་དང་མཉམ་འཛོམས་རེ་བྱུང་ན་ཡང་ང་ཚོའི་གླེང་གཞི་དང་བྱ་སྤྱོད། ཐ་ན་ཁ་ལ་ཟ་རྒྱུའི་ཟས་སོགས་མི་གཅིག་པས། ཁོ་རང་གྲྭ་བ་བྱས་ན་འགྲིག་མི་འདུག་སྙམ་སྟེ། ཕྱིར་ཁྱིམ་ལ་ལོག་རྒྱུའི་སེམས་ཐག་བཅད་པ་རེད། ཁྱིམ་མི་ཚང་མ་ཁོང་ཁྲོ་རབ་ཏུ་འབར་ཞིང་། བློ་མང་གིས་དོན་ཆེན་མི་འགྲུབ་ཞེས་སྡིག་མོ་ཡང་བྱས། དེ་ལྟར་ཁོ་རང་སླར་ཡང་ཁྱིམ་ནས་རེ་ཞིག་ལུས། དེ་ནས་ཟླ་གཅིག་ཙམ་མ་འགོར་བའི་མོད་ལ། རྡོ་བྷེ་མག་པ་སློང་མཁན་མི་ཉུང་བ་ཞིག་བྱུང་བ་དང་། བུ་མོ་མི་ཉུང་བ་ཞིག་གི་སེམས་སུ་རྡོ་བྷེའི་བྱ་སྤྱོད་མཐའ་དག་ཀྱང་ཡིད་དུ་འོང་བར་གྱུར། ཡིན་ནའང་། རྡོ་བྷེའི་སེམས་སུ་འཁོར་བ་ནི་མ་གཞི་ནས་སྙིང་བོ་མེད་པས། ཁོ་རང་དེ་ལ་སུན་སྣང་ཚད་མེད་སྐྱེས་པ་དང་། སློབ་གྲོགས་དང་དགེ་རྒན་རྣམས་ཡང་ཡང་ཡིད་ལ་འཁོར། མ་འོངས་པར་ཞིབ་འདང་རེ་རྒྱབ་རྗེས། རང་ཉིད་འདི་ལྟར་འདུག་མི་འོས་སྙམ་སྟེ། འཛིན་བདག་ལ་རེ་བ་ཞུས་ཏེ་ཕྱིར་སློབ་གྲྭར་ལོག་པ་རེད། (གསལ་བཤད། རྡོ་བྷེ་དགོན་པ་ནས་བསྡད་པའི་ཉིན་ཤས་རིང་ལ་གྲྭ་ཆས་གྱོན་མེད་པ་རེད།)

ལྔ་།
རྡོ་བྷེའི་མི་ཚེ་ཐུང་ཐུང་ཞིག་ང་ཚོར་གླེང་བ་དེ་མཇུག་རྫོགས་པའི་དགོང་མོ་དེ་ཏག་ཏག་ང་ཚོ་མཐར་ཕྱིན་པའི་དགོང་མོ་དེ་ཡིན་ཞིང་། ཁོ་རང་ཧབ་རྒོད་ཅིག་བྱས་ཏེ། སྐབས་དེར་ང་རང་གྲྭ་བ་བྱང་དང་ན། ཡང་མིན་ན། སུ་ཚང་ལ་མག་པར་བུད་སོང་ན་ཞེས་སྐད་ཆ་རེ་ལབ་པའི་མོད་ལ། སྡོད་ཤག་དེའི་དགོད་སྒྲ་སྔར་ལས་ཆེ་ཆེར་གྱུར་འགྲོ། སྐབས་དེར་ང་ཚོའི་ལབ་གླེང་ལ་ལྐོག་ནས་སྒྲ་ཕབ་མཁན་གྱི་རྒྱ་མོ་གཟིག་མོ་འདྲ་བ་དེ་ཡང་སྔ་མོ་ནས་གཉིད་ལ་ཤོར་ཟིན།
                               རྩོམ་སྒྲིག་པ། མྱི་གསར་བ།