མི་ལོ་ཉི་ཤུའི་རྗེས་སུ།

    རྩོམ་པ་པོ། དཀར་ལུང་པདྨ་རྡོ་རྗེ།


མི་ལོ་ཉི་ཤུའི་རྗེས་སུ།


                  དཀར་ལུང་པདྨ་རྡོ་རྗེ།
1
“ཁྱོད་བདེ་མོ”འཕྲིན་ཕྲན་གྱི་ཉེ་འཁོར་གྱི་མི་འཚོལ་བཤེར་མ་ལག་ལས་མཚོ་བྱུང་མར་འབོད་པའི་བུ་མོ་ཞིག་གིས་འཚམས་འདྲི་དང་བཅས་ནང་འཇུག་བྱེད་པའི་རེ་བ་བཏོན་བྱུང་།
“ཁྱོད་ལ་ཚོ་བུད་འདུག”མོས་མུ་མཐུད་དུ“ངས་ཁྱོད་ཀྱི་ནང་སེམས་སྙེག་གིན་ཡོད། ཁྱོད་ཀྱི་སྙན་ངག་ཀློག་གིན་ཡོད།”
དོན་ངོ་མར་མི་འདི་སུ་ཡིན་ནམ།འདིས་ང་སུ་ཡིན་ཤེས་ཀྱིན་ཡོད་པ་འདྲ། ཁོས་འཐད་ལ་མི་འཐད་ངང་ནང་འཇུག་བྱས།
“ནང་འཇུག་བྱས་པར་བཀའ་དྲིན་ཆེ།ངས་ཁྱོད་ཀྱིས་ནང་སེམས་མཚོན་པའི་སྙིང་གཏམ་མང་པོ་ཞིག་སྙན་ངག་ཏུ་བྲིས་ཏེ་ཚགས་དེབ་དང་དྲ་བར་བཀོད་པ་མཐོང་མྱོང་།”
“ཁྱོད་སུ་ཡིན།”“ང་ཟེར་བ་ཡིན་ནམ།ཁྱོད་ཀྱིས་སུ་ཡིན་པར་བསམས་ན་དེ་བྱས་དང་ཆོག ཡང་ན་ཁྱོད་ཀྱི་སྙན་ངག་ནང་གི་མཛེས་མ་དེ་ཡིན་ཡང་ཆོག ཧ་ཧ། ཀུ་རེ་ཡིན།”
“དོན་ངོ་མ། ཁྱོད་སུ་ཡིན། ”
“ང་ཡང་ཁྱོད་དང་འདྲ་བར་ཆུང་འདྲིས་བྱམས་པ་འཚོལ་མཁན་ཞིག་ཡིན”མོས་དྲི་བ་རྗེས་མར་ལན་མ་བཏབ། མུ་མཐུད་དུ“འོ་ན་ཁྱོད་ཀྱི་མི་སེམས་འགུལ་བའི་བརྩེ་བ་དེ་ང་ལ་ཐེངས་ཤིག་བཤད་ན་ཨེ་ཆོག”
“ངའི་སེམས་ཀྱི་དྲན་ཤིང་དེ་སུ་ལའང་བཤད་མ་མྱོང་བས། འདུ་ལོང་གི་གྲོང་ཁྱེར་འདི་ནས་མི་རྒྱུས་མེད་ཅིག་ལ་བཤད་དགོས་པའི་རྒྱུ་མཚན་ཡེ་ནས་མི་འདུག ང་ངལ་གསོ་རན་སོང་།”ཁོ་བོས་སྐད་འཕྲིན་དུ་གྱེས་བརྡ་བཏང་རྗེས་གཞི་ནས་མི་ལོ་ཉི་ཤུའི་ཡར་སྔོན་གྱི་སློབ་རའི་འཚོ་བ་དེ་དྲན་བྱུང་། མཁའ་འགྲོ་མཚོའི་ལྷད་མེད་ཀྱི་བརྩེ་བ་དང་དུངས་སེམས་ཀྱི་མྱུ་གུ་དེ་དྲན་བྱུང་།ལྷག་པར་དུ་གཟའ་ཉི་མའི་ངལ་གསོའི་སྐབས་དང་བསྟུན་ནས་དགུ་ཆུའི་འགྲམ་རྒྱུད་དུ་ཕྱིན་ཏེ་སློབ་ཐུན་གྱི་ལས་བྱ་དང་སྦྱང་གཞི་ལས་ཞོར་དུ་ལབ་གླེང་སྣ་ཚོགས་བྱས་པ་དྲན་བྱུང་།ཡུལ་ཕྱོགས་ནས་བསྐུར་འོངས་པའི་རྩམ་པ་དང་།མར་ཕྱུར། གོ་རེ། ཐ་ན་འཚོ་བའི་ཁ་སྣོན་དུ་བསྐུར་ཡོང་བའི་སྒོར་མོ་མཉམ་དུ་བཀོལ་བ་དྲན་བྱུང་ལ། སློབ་གྲོགས་ཚོས་ཀུ་རེའི་ཚུལ་དུ“བཟའ་ཟླ”གཉིས་སུ་བོས་པ་དག་ཀྱང་དྲན་བྱུང་།
“ཁྱོད་སློབ་མཐར་ཕྱིན་རྗེས་ཀྱི་འཆར་གཞི་ཅི་ཡིན”ཉིན་ཞིག་མོས་དེ་ལྟར་དྲིས་བྱུང་།
“ང་གོང་རིམ་གྱིས་ལས་བགོས་ལྟར་ཕྱིར་ཕ་ཡུལ་དུ་འགྲོ་རྒྱུ།”
“མཐར་ཕྱིན་རྗེས་འུ་ཅག་གི་འཚོ་བ་བར་ཐག་གིས་གཅོད་སྲིད་པས་ང་དངོས་གནས་མཐར་ཕྱིན་མི་འདོད”ཁོ་མོའི་མགོ་བོ་བྲང་ཁར་སྨད་སོང་།“ཨ་ཕས་ང་ལ་མུ་མཐུད་དུ་སློབ་གྲྭ་འགྲིམ་དགོས་ཟེར།”……
 

2
“ཁྱོད་ལ་དངོས་གནས་གུས་བཀུར་ཟེར་བ་ཞིག་མི་འདུག”སློབ་ཁྲིད་ཀྱི་སྐབས་སུ་མོས་འཕྲིན་པ་བཏང་བྱུང་། མུ་མཐུད་དུ“ཁ་བརྡ་བྱེད་དུས་བདེ་མོ་ཙམ་ཡང་གསལ་པོར་མི་འཇོག”ཟེར་བཞིན་མདང་དགོང་ཁ་བརྡ་བྱས་མཚམས་བཞག་པར་འཁང་ར་བྱེད་མགོ་བརྩམས།
“ངས་རྒྱུས་མེད་ཀྱི་མི་ལ་ཁ་བརྡ་མང་པོ་བྱེད་མི་འདོད།”
“མདང་ནུབ་ཞག་གང་པོའི་གཉིད་ཡལ་ཐལ། ཁྱོད་ངོ་མ་མི་སེམས་མེད་ཅིག་རེད།”
“ངས་ཁྱོད་ལ་སེམས་མེད་ཀྱི་ལས་བྱས་མ་མྱོང་།”
“ཡིན་ནའང་ཁྱོད་ཀྱིས་ངའི་མི་ལོ་འགའི་དྲན་པ་བསླངས་སོང་། ཁྱོད་འདིར་ཅི་བྱེད་དུ་ཡོང་བ་ཡིན།“གསབ་སྦྱོང་ལ་ཡོང་བ་ཡིན།”
“མ་སོང་གོང་མཉམ་དུ་ཟ་མ་ཞིག་ཟོས་ན”མོས་གློ་བུར་དུ་དུས་ཆད་བཏབ་བྱུང་།“ཡང་ན་འུ་གཉིས་ཀྱི་ཐུག་འཕྲད་ཀྱིས་ཁྱོད་ལ་སྤྲོ་བ་སྟེར་ངེས”མོས་མུ་མཐུད་དུ་ཀུ་རེའི་སྒོ་ནས་བཤད།
“ང་མི་ཁོམ། སང་ཉིན་ཕྱི་དྲོའི་དུས་ཚོད་གསུམ་གྱི་གནམ་གྲུ་ལས་ཕྱིར་ལོག་འགྲོ། དོན་ངོ་མར་ཁྱོད་སུ་ཡིན།”
“གནས་སྐབས་སུ་བདེ་མོ། ང་འདིར་བྱ་བ་ཕྲན་ཙམ་བྱུང་བས་དགོང་མོར་ཁ་བརྡ་བྱེད”མོ་དྲི་བ་འདིར་གཡོལ་བའམ་ཅི་ཡིན་མ་ཤེས་མོད་གཞི་ནས་འཕྲིན་པར་ལན་མ་བྱུང་། ཁོ་བོས་མུ་མཐུད་དུ་སློབ་མཐར་ཕྱིན་རྗེས་ཀྱི་བྱ་བ་ཕྱིར་དྲན་བྱས། བྱ་བའི་དགོས་དབང་གིས་རི་གྲོང་ཆུང་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བའི་ལོ་ཟླ་དེ་དྲན་པ་དང་། ས་བབ་ཀྱི་ཆ་རྐྱེན་སྣ་ཚོགས་དབང་གིས་མཁའ་འགྲོ་མཚོ་དང་འཕྲད་མ་ཐུབ་པའི་སྡུག་བསྔལ་དྲན་ལ། རྗེས་སུ་མོ་སློབ་གྲྭ་འགྲིམ་བཞིན་པ་ཐོས་འཕྲལ་རེ་ཐག་ཆད་པའི་སྡུག་བསྔལ་དེ་ཐེངས་མང་པོར་ཆང་ཕོར་ལ་བཅོལ་ཏེ་ལས་གྲོགས་དང་ཉེ་འཁོར་གྱི་གྲོགས་པོ་ཚོར་བཤད་པའང་དྲན་བྱུང་། ཁོ་བོས་རབ་ཏུ་དྲན་བྱུང་། དྲན་པའི་ངང་ཚུལ་དེ་ནི་ནམ་རྒྱུན་དང་འདྲ་བར་མོའི་གཡོ་ཟོལ་མེད་པའི་གཤིས་ཀ་དང་ངང་རྒྱུད་འཇམ་པའི་སྐད་ཆ། ད་དུང་ནམ་རྒྱུན་རང་ལ་འཚོ་བ་དང་སློབ་སྦྱོང་གི་ཐད་ནས་སེམས་ཁུར་གནང་བ་སོགས་ནས་བློས་བསླངས་ཏེ། སློབ་མཐར་ཕྱིན་ཁར་རླངས་འཁོར་ས་ཚིགས་སུ་སྐྱེལ་མ་གནང་བའི་རྣམ་པ་དང་། མི་ལོ་བཞིའི་རིང་གི་འབྲེལ་བ་སློབ་གྲོགས་ལས་བརྒལ་ཡོད་ནའང་བརྩེ་དུང་གི་སྐད་ཆ་བཤད་མ་ཐུབ་པར་ལུས་པའི་འགྱོད་སྣང་གི་ལེ་བདའ་དེའང་དྲན་བྱུང་། ད་ལྟ་མོ་གང་དུ་ཡོད་དམ། མོས་ཅི་ཞིག་བྱེད་བཞིན་ཡོད་དམ། མོའི་འཚོ་བ་ག་འདྲ་ཡིན་ནམ།ཡང་ན་མོའི་ད་ལྟའི་གནས་བབ་ལ་སློབ་གྲོགས་ཚོ་བརྒྱུད་དེ་རྒྱུས་ལོན་ཞིག་བྱེད་དགོས་སམ། མིན་མིན། ངས་མོའི་འཚོ་བ་ལ་བར་ཆད་བཟོས་ན་མི་འགྲིག
 

3
“རྒྱུས་མེད་ཀྱི་མི་ལགས། གསབ་སྦྱོང་རྫོགས་ལ་ཉེ་བས་བཀྲ་ཤིས་བདེ་ལེགས་ཞུ”མོས་ཡང་བསྐྱར་འཕྲིན་པ་བཏང་བྱུང་།
“ཁ་སང་ཁྱོད་ཀྱིས་ངའི་དྲི་བར་ལན་མི་འདེབས་དོན་ཅི།”
“ཁྱོད་ཀྱིས་ངོ་མ་ཤེས་འདོད་དམ། ཤེས་འདོད་ན་ཆུ་ཚོད་བཅུ་གཉིས་སྟེང་རྨ་ཆུ་ལམ་གྱི་ཐང་ཧྲུའུ་གསོལ་ཁང་ནས་ཐུག་རྒྱུ་བྱ། དུས་ལས་ཡོལ་མི་ཆོག ངས་དེར་བསྒུགས་ནས་འདུག ”
“ཡང་ན་ངས་ཁྱོད་ལ་བསམ་ཡུལ་ལས་འདས་པའི་སྤྲོ་སྣང་རེ་སྟེར་ཡང་སྲིད། ཕྱིར་ལན་བསློག་མི་དགོས”མོས་མུ་མཐུད་དུ་བསྐུར་བྱུང་།
ཁོ་བོར་ཞེད་སྣང་ཞིག་སྐྱེས་བྱུང་། ཞེད་སྣང་སྐྱེས་དོན་ནི་མི་ཚོགས་ཀྱི་འདུ་འགོད་རབ་ཏུ་འཁྲིགས་པའི་གྲོང་ཁྱེར་འདི་ནས་དྲ་རྒྱ་ལས་རྒྱུས་མེད་ཀྱི་མི་ལ་འདི་ལྟར་དུས་ཆད་བཏབ་ན་འོས་འཚམ་ཞིག་ཡིན་ནམ། མོས་ཉིན་གཉིས་ཀྱི་སྐད་འཕྲིན་ཁ་བརྡ་ལས་ངོ་འཕྲད་པར་གྲོས་འདེབས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁོ་བོ་བོད་པ་ཞིག་ཡིན་པར་དུངས་སེམས་ཆེ་བས་ཡིན་ནམ། མོ་རང་ཁེར་རྐྱང་གི་དྲན་གདུང་ཆེ་དྲགས་པས་ཡིན་ནམ། ཡང་ན……
རེད་རེད། ངོ་ཤེས་ཤིག་ཡིན་མི་སྲིད། གང་ལྟར་ཡིན་ཡིན་འདྲ་ལ་དོགས་གཞི་ཡང་བསླང་སླ་བའི་སྟབས་ཀྱིས་དུས་ཆད་འདི་ལ་འགྲོ་མི་འོས། ཡང་གཅིག་བཤད་ན་ཕྱི་དྲོའི་ཆུ་ཚོད་གསུམ་པར་ཕྱིར་ཟི་ལིང་ལ་འགྲོ་དགོས་པས་ཁོ་བོས་དངོས་པོ་དག་ལ་བསྡུ་གསོག་བརྒྱབ་ནས་ཕྱིར་ལོག་པར་གྲ་སྒྲིག་བྱས།
“སྐུ་མགྲོན་རྣམ་པ། ཁྱེད་ཚོ་བསྡད་ཡོད་པའི་ཤར་འགྲུལ་མཁའ་བསྐྱོད་ཀུང་སིསMU2188རྟགས་ཅན་གྱི་གནམ་གྲུ་མཇུག་མཐའི་འབབ་ཚིགས་ཏེ་ཟི་ལིང་ལ་ཐོན་བྱུང་བས་རྣམ་པ་ཚོས་རང་ཉིད་ཀྱི་རྒྱུ་རྫས་མ་ལུས་པར་ཁྱེར་ཏེ་གནམ་གྲུ་ལས་རིམ་པ་བཞིན་འབབ་རོགས”གནམ་གྲུའི་རྒྱང་བསྒྲགས་ལས་མཆེད་ཡོང་བའི་སྐད་ཆ་དེས་ཁོ་བོ་གཉིད་ལས་བསླངསཤིང་། མྱུར་དུ་རང་ཉིད་ཀྱི་འདྲུད་སྒམ་སར་བླངས་རྗེས་ཁ་པར་གྱི་ཁ་ཕྱེས་པ་ན་སྐད་འཕྲིན་ལས་འཕྲིན་གསར་འགའ་རིམ་པར་ཐོན་བྱུང་།
“དོན་གྲུབ་ལགས། ངས་བསམས་ན་ད་ལྟ་ཁྱོད་རང་གནམ་གྲུར་བསྡད་དེ་ཕྱིར་ཟི་ལིང་ལ་བསྐྱོད་པའི་མཁའ་དབྱིངས་སུ་ཡོད་ངེས།སྔ་དྲོའི་ཆུ་ཚོད་བཅུ་གཉིས་པ་ནས་ཕྱི་དྲོ་ཆུ་ཚོད་གསུམ་པའི་བར་དུ་ངས་ཐང་ཧྲུའུ་གསོལ་ཁང་ནས་ངང་སྒུག་དང་ཐོབ་ཤོར་འདྲེས་མའི་གཏམ་རྒྱུད་ཅིག་ལ་ཕྱིར་དྲན་བྱས་ཏེ་མིག་ཟུང་རབ་རིབ་ཏུ་གྱུར་སོང་།དོན་གྲུབ་ལགས།འུ་གཉིས་མཐར་ཕྱིན་པའི་ལོ་དེ་ནས་ང་རང་ཕ་ལགས་ཀྱི་རེ་འདུན་བཞིན་གྲོང་ཁྱེར་འདི་གའི་མི་རིགས་སློབ་གྲྭ་ཆེན་མོ་འགྲིམས་ཤིང་།སློབ་ཆེན་གྱི་ལོ་ངོ་བཞིའི་རིང་ལ་ངས་ཁྱོད་ཀྱི་ཡུལ་ཕྱོགས་ཀྱི་ས་གནས་ལྟར་འཕྲིན་པ་མང་དུ་བཏང་ཡང་ཨ་ལན་མེད་པས་ངའི་སེམས་ནང་གི་ལོ་ངོ་དེ་དག་ནི་མུན་ནག་གི་ལོ་ཟླ་ཞིག་ཡིན་པ་ཁྱོད་ཀྱིས་ཚོར་མི་སྲིད། ངས་དུས་རྒྱུན་འབྲིང་རིམ་སྐབས་སུ་ཁྱོད་དང་མཉམ་གཅིག་ཏུ་དགའ་སྤྲོའི་རྩེད་འཇོར་རོལ་བའི་ངང་ཚུལ་དྲན་བྱུང་ལ།ཞོར་དུ་ཁྱོད་ཀྱི་བརྩེ་འཕྲིན་ལ་རེ་བའི་ལོ་ཟླ་དེའང་ལྷག་ཏུ་དྲན་བྱུང་། དོན་གྲུབ་ལགས། ཁྱོད་ཀྱིས་ཤེས་མི་སྲིད་དེ། ང་རང་སློབ་ཆེན་ནས་མཐར་ཕྱིན་པའི་ལོ་སྟེ2006ལོར་ཨ་ཕས་གྲོང་ཁྱེར་འདིར་ལས་ཀ་གཉེར་བཞིན་པའི་ཡུལ་ཕྱོགས་གཅིག་པའི་མི་ཞིག་ལ་གཉེན་བསྡེབས་པའི་རེ་བ་བཏོན་པར་སེམས་ཀྱིས་མ་བཟོད་པར།ཐད་ཀར་ཁྲིན་ཏུའུ་ནས་ཟི་ལིང་དང་། ཟི་ལིང་ནས་ཁྱོད་སར་བསྙེགས་ཏེ་གནས་ཚུལ་གསལ་པོ་ཞིག་ཤེས་འདོད་དུ་ཡོང་བར་གཞན་གྱི་ཁ་ནས་ཁྱོད་རང་བཟའ་སྒྲིག་བྱས་ཟིན་པར་མ་ཟད། བྱིས་པ་གཉིས་ཀྱི་ཕ་རུ་གྱུར་ཡོད་པར་བཤད་པས་ངས་ཁྱོད་ལ་བར་ཆད་བཟོ་མ་འདོད་པར་མིག་ཆུ་དང་བཅས་ཁྱོད་ལ་སྨོན་འདུན་ཞིག་ཁེར་ལབ་ཀྱི་ཚུལ་དུ་ཞུས་རྗེས་ལྗིད་ཏིག་ཏིག་གི་གོམ་སྟབས་ཕྱིར་གྲོང་ཁྱེར་འདིར་བསྒྱུར་ཏེ་ཕ་ལགས་ཀྱིས་བཏོན་པའི་གཉེན་དོན་དེ་དང་ལེན་མི་བྱེད་ཐབས་མེད་བྱུང་།རེད་ཡ། ལོ་ཟླས་དེད་པའི་རྗེས་ཤུལ་དུ་ཡོད་པ་ནི་འགྱོད་གདུང་དང་འཁྲེང་སེམས་ཡིན་ལ།བརྩེ་བ་དང་སྡུག་བསྔལ་ཡང་ཅི་ལ་མིན། ལོ་ངོ་ཉི་ཤུའི་རྗེས་ཀྱི་ཁ་སང་ཡང་ལས་དབང་གིས་ཡང་བསྐྱར་ང་ལ་ཀུ་རེ་ཐེངས་ཤིག་བརྩེས་བྱུང་། ཁྱོ་ག་དང་གཉེན་འཐོར་བའི་ཁེར་རྐྱང་གི་ངས་སྐད་འཕྲིན་ནང་ཉེ་འཁོར་གྱི་མི་འཚོལ་བཤེར་བྱེད་པའི་མགོ་བརྙན་དང་འབྲེལ་ཏེ་ཁྱོད་རང་རྙེད་བྱུང་ལ། བར་སྟོང་དུ་ཁྱོད་ཀྱི་འཚོ་བའི་འདྲ་པར་འགའ་མཐོང་བས་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་དང་ཞོར་ལ་སེམས་ཁུར་ཞིག་ཀྱང་ཐོན་བྱུང་། ཐོག་མར་ངས་ཁྱོད་ལ་སུ་ཡིན་གསལ་པོ་ཞིག་བརྗོད་འདོད་མོད།ཡིན་ནའང་མི་ལོ་ཉི་ཤུའི་རིང་ལ་འབྲེལ་འདྲིས་མ་བྱས་པའི་དབང་གིས་རང་ཉིད་ཀྱིས་རང་ཉིད་ལ་ཚོད་འཛིན་བྱས་ཤིང་ཡོད་ཚད་ལས་དབང་དུ་བཅོལ་ཏེ་ཁྱོད་ལ་དུས་ཆད་འདི་བཏབ་པ་ཡིན་ཡང་། མཐའ་མར་ངས་སྐྱེ་བ་འདིར་འུ་གཉིས་ལ་ལས་དབང་ཟེར་བ་ཞིག་མེད་པ་གཞི་ནས་རྟོགས། ཉིན་འགའི་རྗེས་ནས་ང་རང་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་ཞིང་ཆེན་འདིའི་མཐའ་འཁོབ་ཀྱི་རྫོང་ཞིག་ཏུ་གནས་སྐབས་ལས་འགན་ཁུར་དུ་བུད་འགྲོ། གལ་ཏེ་གོ་སྐབས་ཡོད་ཚེ་དེར་གཞི་སྡོད་བྱེད་ཀྱང་སྲིད། མཐར་ཁྱེད་ཀྱི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ། དྲན་གདུང་དང་ཁྱོད་ཀྱི་འཚོ་བར་བར་ཆད་བཟོ་བར་དོགས་ནས་ངས་ཁྱོད་སྐད་འཕྲིན་ལས་གསུབ་དགོས་བྱུང་། གལ་ཏེ་ལས་དབང་ཞིག་གིས་ལོ་ངོ་ཉི་ཤུའི་རྗེས་སུ་ཐུག་ན་འུ་གཉིས་སྐྲ་དཀར་གཉེར་མས་ཁེངས་པའི་ལོ་ལོན་ཞིག་ཏུ་གྱུར་ཡོད་ངེས། ལོ་ཟླས་ང་ཚོ་མི་སུ་ལའང་སྒུག་མི་སྲིད།”
“མཁའ་འགྲོ་མཚོ། ཁྱོད་ཡིན་ནམ”ཁོས་འབབ་ཚིགས་ལས་ཕྱིར་འབུད་ཞོར་ངག་ལས་དེ་ལྟར་ཤོར་ཞིང་ལོ་ངོ་ཉི་ཤུའི་རིང་གི་དྲན་གདུང་གི་སྡུག་བསྔལ་ལ་གོ་སྐབས་ཡོད་ཀྱང་དམ་འཛིན་བྱེད་མ་ཐུབ་པར་སྡུག་བསྔལ་སྐྱེས་བྱུང་། ཁོ་བོས་ཡང་བསྐྱར་བྱ་བའི་ཁྲོད་ཀྱི་འཚོ་བར་ཕྱིར་དྲན་བྱས། ཨ་མས་བཙན་གྱིས་མོའི་ཉེ་མི་ཞིག་ལ་གཉེན་སྒྲིག་ཏུ་བཅུག་སྟེ་བུ་ཆུང་ཟླ་བ་སྐྱེས་ཚུལ་དྲན་ལ། ཉིན་ཐོ་དང་སྙན་ངག་ལས་བརྩེ་དུང་སྐོར་འབྲི་བ་མཐོང་ཚེ་བཟའ་འཁོན་མང་དུ་བྱས་པའང་གཅིག་འཕྲོ་གཅིག་ལ་དྲན་བྱུང་།ལྷག་པར་དུ་སློབ་གཙོ་ལགས་རྫོང་མཁར་ལ་ཚོགས་འདུར་སོང་སྟེ་ཕྱིར་ཡོང་ཁར་འཕྲིན་ཡིག་འགའ་ཁྱེར་ཡོང་སྟེ“ཁྱོད་ཀྱི་འཕྲིན་ཡིག་འདི་དག་རྫོང་སྦྲགས་སྲིད་ཁང་དུ་ལུས་འདུག”ཟེར་བཞིན་ངའི་ལག་ཏུ་འཇོག་དུས་ཆུང་མས“ཁྱི་མོ་དེ་མིན་ནམ་སུ་ཡིན་ཟེར་བཞིན”ལྟ་དབང་ཙམ་ཡང་མ་བྱུང་བར་ལྕགས་ཐབ་ཏུ་གཡུགས་པ་སོགས་འཕྲོ་རིམ་འཕྲོར་དྲན་བྱུང་། དོན་ངོ་མར་འཕྲིན་པའི་ནང་དོན་ཅི་ཡིན་ནམ།
“ཁྱོད་དོན་གྲུབ་ཡིན་ནམ། ཟླ་འདིའི་ཚེས26ཉིན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་ར་དང་པོ་རུ་ཁྱོད་བཟའ་ཟླ་གཉིས་ཀྱི་གཉེན་འཐོར་གྱི་གྱོད་དོན་བཤད་རྒྱུ་ཡིན་པས་དུས་ལྟར་ཞུགས་རོགས”ཁ་པར་དེས་ཁོ་བོས་རང་ཉིད་གནམ་གྲུ་འབབ་ཚིགས་ལས་ཇི་ལྟར་ཕྱིར་བུད་པའང་མ་ཤེས།
                        
རྩོམ་སྒྲིག་པ། མྱི་གསར་བ།