བརྩམས་སྒྲུང་དེ།

    རྩོམ་པ་པོ། ཀླད་ཁུ།



བརྩམས་སྒྲུང་དེ།

 
                      
ཀླད་ཁུ།  ཡུལ་ཤུལ།  


དོ་ནུབ་ཁོ་ཚེས་རང་གིས་སྔོན་ཆད་བྲིས་ཟིན་པའི་བརྩམས་སྒྲུང་རྣམས་རིམ་གྱིས་ཀློག་བཞིན་འདུག དེ་ནི་ཁོ་རང་ལ་ཁོ་རང་གིས་མནར་གཅོད་གཏོང་བ་དང་ཁྱད་ཆེར་མེད་ན་ཡང་། དོ་སྣང་ཆེར་མི་བྱེད་པར་སྐད་ཅུང་མཐོ་བའི་སྒོ་ནས་ཀློག་བཞིན་འདུག ཁོའི་གྲོགས་པོ་མགོན་པོ་ལགས་ཁྱིམ་དུ་འབྱོར་མ་ཐག་རེད། སྤྱིར་ཁོ་ནི་བརྩམས་སྒྲུང་བལྟ་རྒྱུ་མི་དགའ་ཞིང་ཚོང་ལས་ཙ་ཙིག་སྒྲུབ་པ་ལས་བརྩམས་སྒྲུང་ཟེར་ན་ཞེན་ཁ་ལོག་འགྲོ་མཁན་ཞིག་ཡིན། མ་ཟད་ཁོ་རང་སྔོན་ཆད་སློབ་གྲྭར་འགྲོ་སྐབས་ཆེས་མགོ་གཟེར་བའི་སློབ་ཐུན་ཞིག་ཡོད་པ་ནི་སྒྲུང་རྩོམ་སློབ་ཐུན་དེ་རེད། ཉིན་ཞིག་ལ་བོད་ཡིག་དགེ་རྒན་གྱི་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་གྲགས་ཆེན་ཏོའོ་ཏུའུ་ལགས་ཀྱི་ཆེས་མཐའ་མཇུག་གི་སློབ་ཐུན་ཟེར་བའི་སློབ་ཐུན་དེ་ཁྲིད་སྐབས། མི་འདོད་པའི་རྣམ་འགྱུར་གྱིས་གཉིད་ལྕོག་རྒྱག་ཁུལ་བྱས་པས་དགེ་རྒན་དེས་གཅར་རྡུང་ཚབ་ཆེན་བྱས། དེ་ནས་བཟུང་དབང་མོ་ལགས་ཀྱིས་ཁོ་ལ་དོ་སྣང་མེད་པར་གྱུར་སོང་། དེ་ནི་སྐབས་དེར་ཁོས་བཤད་པའི་སྐད་ཆ་ཞིག་ཡིན་ལ། ཁོས་ཀྱང་གདེང་ཚོད་ཆེར་མེད་པའི་སྒོ་ནས་སྐད་ཆ་དེ་བཤད་ཡོད་ཚོད་འདུག  གང་ལྟར་ཁོས་དབང་མོ་རང་ཉིད་ལ་མ་དབང་བ་ཤེས་རྗེས་སྐད་ཆ་གཅིག་ལ་དོ་དན་བྱེད་ཀྱིན་མི་འདུག
 
“འཕྲིན་པ་འདི་ནི་ཁྱོད་ལ་བྲིས་པའི་ཆེས་ཐོག་མའི་འཕྲིན་པ་དེ་ཡིན་ལ། ངའི་མི་ཚེའི་ཆེས་མཐའ་མའི་འཕྲིན་པ་དེའང་ཡིན་”ཞེས་སྐད་ཆུང་མཐོ་ལ་དམའ་བའི་ཚུལ་གྱིས་ཀློག་བཞིན་འདུག མགོན་པོས་ཁོ་རེ་་་་ཁོ་རེ་་་ཁྱོད་ཀྱིས་ཅི་ཞིག་ཀློག་བཞིན་ཡོད།” ཅེས་བཤད་ཞོར་ཆེས་གཟབ་ནན་གྱིས་ཉམས་ཤིག་ཤར་འདུག དེ་ནི་ཁོའི་མི་ཚེ་གང་བོར་སྒྲུང་རྩོམ་ཀློག་པ་དང་ཉན་པར་དེ་ལྟར་གཟབ་ནན་ཞིག་བྱས་མ་མྱོང་བས་ཁོ་ཚེ་ཡང་ངོ་གདོང་དུ་མཚར་སྣང་ཞིག་ཁེངས་བཞིན། ཁྱོད་དེ་རིང་སེམས་ཁམས་མི་དྭངས་པ་རེད་དམ། ཁྱོད་སྒྲུང་རྩོམ་ལ་དགའ་བོ་མེད་པར་དེ་རིང་རང་གིས་རང་ལ་ཨུ་ཚུགས་བྱེད་དོན་ཅི་ཡིན་ཞེས་དྲིས། “ཧེ་ཧེ་ཧེ་ཧེ་་་  དེ་སྒྲུང་རྩོམ་ཨེ་རེད། ཁྱོད་ཀྱི་ལོ་རྒྱུས་ཤིག་མ་རེད་ནས།” ཞེས་ཚིག་ལོག་གིས་སྐད་ཆ་བཤད་ལོག་བྱས་པས། “ཧ་ཧ་ཧ་ཧ།”  ཁོ་ཚེས་བཅོས་འཛུམ་ཞིག་དང་ཅུང་དོགས་མི་བདེ་བའི་སྒོ་ནས་སྐད་ཆུང་དུ་བཏང་སོང་། མགོན་པོའི་སྐད་ཆ་དེ་ནི་ཁོ་ཚེའི་རྣ་བར་སོང་རྗེས་འཕྱ་སྨོད་རྣོན་པོ་ཞིག་ལ་གྱུར་ཅིང་། སྐད་ཆ་དེ་དགའ་ཕྱོགས་མི་གཅིག་ཀྱང་བསམ་པ་མཐུན་པའི་མི་འདི་གཉིས་བར་ན་ཚོད་མི་ཟིན་པའི་དོན་དག་ལྷག་མ་ཞིག་ལ་གྱུར་འདུག་ཅིང་། མགོན་པོས་སླར་ཡར་ཅི་ཡང་མི་བཤད་པར་ཁུ་སིམ་མེར་ཁོ་ཚེས་ཀློག་བཞིན་པའི་སྒྲུང་རྩོམ་ལ་ཉན་གྱིན་འདུག ཡིན་ན་ཡང་རྣམ་འགྱུར་དེས་ཁོ་ཚེ་སེམས་འཚབ་འཚབ་སེར་བཏང་ཞིང་། སྐབས་རེར་ཚིག་གི་སྒྲོས་མི་གསལ་བ། སྐབས་རེར་ཡིག་འབྲུ་འགའ་དོགས་མི་བདེ་བར་བསྐྱུར་བ་སོགས་བློང་བློང་བོར་བཀླགས་སོང་། མགོན་པོས་ཀྱང་ཚིག་སྒྲོས་གསལ་བོར་མི་གོ་བ་དང་འགའ་རེ་གོ་ཡང་སེམས་ཁམས་མི་བདེ་བར་གཏོང་བ་སོགས་རྐྱེན་གང་མང་ཞིག་མགོན་པོའི་ཕུ་ཚུགས་ཀྱི་རྣམ་འགྱུར་སྟེང་དུ་འདུས་འདུག ཁོ་ཚེས་ཅི་ཡང་མི་བཤད་པར་དོགས་མི་བདེ་བའི་རྣམ་འགྱུར་དེས་སྒྲུང་རྩོམ་མཇུག་བསྐྱངས་ནས་བཀླགས་ཚར་སོང་། མགོན་པོས་ཁོ་ཚེས་གོ་ཤོར་དོགས་ཀྱིས་ལག་པ་གཉིས་པོ་གླ་སྒྱིང་ཚུལ་གྱིས་མགོ་ཀླད་ནས་ཕར་བརྐྱངས་ཏེ་དབུགས་རིང་ཞིག་ལྐོག་གཏོང་བྱས། ཁོ་ཚེས་ཅི་ཞིག་བཤད་མ་ཚར་ཇི་བཞིན་སྒེའུ་ཁུང་བརྒྱུད་ཀྱི་གྱང་རྩར་གསལ་ལ་མི་གསལ་བར་འཁྱིལ་བའི་གློག་འོད་དེ་དག་ལ་མིག་བཙུམ་ཙམ་ཡང་མི་བྱེད་པར་ཅེར་འདུག ལོ་གཉིས་ཀྱི་སྔོན་ནས་མི་དེས་ཁོ་རང་ལ་ལག་རྟགས་སུ་བྱིན་པའི་ལག་ཁྱེར་རྩིས་འཁོར་དེ་སྒེའུ་ཁུང་དེའི་འགྲམ་གྱི་དཔེ་སྒམ་རྙིང་པ་དེའི་སྟེང་དུ་བཞག་འདུག རྩིས་འཁོར་དེའི་ངོས་སུ་བྲིས་མ་ཚར་བའི་བརྩམས་སྒྲུང་དེ་གསལ་བོར་འཆར་འདུག་ལ། མགོན་པོས་ནམ་རྒྱུན་གོོམ་གཤིས་ལྟར་ཉིན་གཅིག་གི་ཚོང་ལས་ལ་བསམ་བློ་གཏོང་མཚམས་བཅད་ནས་རྩིས་འཁོར་དེའི་ཕྱོགས་སུ་ཡང་ཡང་ལྟ་བར་བྱེད། ཁོ་རང་གཉིས་དེ་ལྟར་རང་རང་སར་གནས་པའི་ཚུགས་ཀ་དེ་ནི་ས་སྲོད་ཀྱི་མཚམས་སུ་བསླངས་ཡོད་པའི་གློག་གི་ཀ་བ་འདི་དང་འདྲ་ལ། ཁོ་གཉིས་ཀྱི་སྐྲ་ལོ་དང་མིག་ཟུང་དག་ཀྱང་ཀ་བ་དེའི་སྟེང་དུ་བྱེའུ་འགའ་བབས་ཏེ་བྱེའུ་སྐྱག་གཏོང་བ་ཇི་བཞིན་དོགས་མི་བདེ་བར་ངོ་དཀྱིལ་དུ་ཟགས། མགོན་པོར་མཚོན་ན་རྒྱུན་པར་སྐྲ་བཤད་རྒྱུ་དགའ་ཞིང་། ལྭ་བ་གྲ་དག་པོར་གྱོན་ནས་ཚོང་ལས་ལ་འགྲོ་རྒྱུར་བྱང་ཡོད། ཡིན་ན་ཡང་དོ་ནུབ་ཁོ་རང་སྣང་དོགས་ཅི་ཡང་མེད་པར་ཤུབ་ཤུབ་ཀྱིས་དབུགས་རིང་ཡང་ཡང་ལེན། དབུགས་རིང་དེ་ཁོ་ཚེས་གསལ་བོར་གོ་དཀའ་ན་ཡང་ཁོ་ལ་མཚོན་ན། དབུགས་རིང་དེས་ཁོ་རང་ལ་ཡང་སེམས་སུ་འཚང་བའི་དབུགས་རིང་དེ་དག་ཕྱིར་ལེན་པར་རོགས་འདེགས་བྱེད་ཀྱིན་པ་ཀུན་ནས་མཚུངས། 
 
ཕྱི་ཉིན་གཟའ་ཉི་མ་རེད། མདང་ནུབ་ཀྱི་སེམས་ཁམས་ལ་དྲན་གསོ་བྱེད་བཞིན་པ་དང་འདྲ་བའི་ཉི་འོད་མོག་མོག་པོ་དེ་སྒེའུ་ཡོལ་བརྟོལ་ཏེ་ཁོ་ཚེའི་མལ་འགྲམ་དུ་བརྒྱབ། མགོན་པོ་ཡང་ཉི་འོད་དེའི་ཟེགས་མ་རེ་རེ་ལ་བློ་ཐག་ཉེ་ཉེ་བྱེད་པ་བཞིན་ཁོ་རང་གི་སེམས་པའི་མདུན་རྒྱབ་ན་ལུས་པའི་སུན་སྣང་དེ་ལ་རྒྱབ་འགལ་བྱེད་ཀྱིན་འདུག དེ་རིང་མགོན་པོ་དུས་ལྟར་ཚོང་རར་འབྱོར་མ་སོང་། ཁོའི་ཚོང་རོགས་བདེ་སྒྲོན་ལགས་ལྷ་སའི་ཁྲོམ་གཟིགས་ཁ་ནས་སུ་ཞིག་ལ་སྒུག་བཞིན་པ་ཇི་བཞིན་གཅིག་པུར་བསྡད་འདུག སྤྱིར་ན་བདེ་སྒྲོན་ནི་ཚོང་ལས་པའི་ཁྲོད་ཀྱི་མཛེས་མ་ཡག་ཤོས་ཤིག་ཡིན་པས། ཚོང་ལས་པ་དང་ཁྲོམ་རའི་མི་རྣམས་ཀྱིས་ཆེས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་འདུག མི་རེ་གཉིས་ཀྱིས་མོ་ལ་མན་ཤིན་བདེ་སྒྲོན་ལགས་ཞེས་གཅེས་མིང་འདོགས། ཡིན་ན་ཡང་བདེ་སྒྲོན་རྒྱུན་པར་ཆེས་འགྲོགས་མང་ས་མགོན་པོ་ཡིན་ལ་མགོན་པོ་ཆེས་འགྲོགས་མང་ས་ཡང་བདེ་སྒྲོན་རེད། བདེ་སྒྲོན་གྱིས་སྐབས་རེར་ཁོ་ལ་ཁྱོད་ཀྱི་དབང་མོ་དྲན་གྱི་མི་འདུག་གམ། ཞེས་བཅོས་འཛུམ་ཞིག་སྟོན་བཞིན་བཅོས་གཏམ་ཞིག་བཤད། མགོན་པོར་མཚོན་ན་དེ་བཅོས་གཏམ་ཞིག་ཡིན་པ་གསལ་བོར་ཤེས་ལ། སྐད་ཆ་དེའི་ནང་དུ་སྐད་ཆ་གཞན་ཡོད་པ་ཡང་གསལ་བོར་ཤེས། ཡིན་ན་ཡང་ཁོས་སྐད་ཆ་དེ་ལ་ལན་འཐུས་ཚང་ཞིག་རྩ་ནས་སྤྲད་མ་མྱོང་། ཡིན་ཡང་བདེ་སྒྲོན་གྱིས་ཁོའི་ཡོལ་ཐབས་ཀྱི་སྐད་ཆ་དེ་ཐོས་ཡོང་དུས་སེམས་སུ་དོན་མེད་པར་དྲི་བ་ཇེ་མང་དུ་འགྲོ་བ་ལས་མགོན་པོའི་ཕྱོགས་སུ་བསྲིངས་བའི་སེམས་ཀྱི་ཐག་པ་མཛེས་པོ་དེ་རྩ་ནས་ལྷོད་མ་མྱོང་། བར་སྐབས་དེར་ཚོང་རོགས་རྣམས་ཀྱང་ཚོང་རའི་མཐའ་རུ་ལངས་བའི་བློང་བློང་བོར་གྱུར་བའི་བདེ་སྒྲོན་གྱི་ངང་ཚུལ་ལ་ཅེར་ནས་ལུས་འདུག 
 
        བདེ་སྒྲོན།  བདེ་སྒྲོན། གན་མགོན་པོ་རེད་དམ། ཞེས་ཚོང་རོགས་ཤིག་གིས་དྲིས། དུས་ཚོད་བཅུ་ཡར་མར་གྱི་ཁྲོམ་གཟིགས་ཁ་ནི་མི་ཚོགས་དུ་མ་འུར་འུར་གྱིས་འཚོགས་ཤིང་། གཡས་གཡོན་མདུན་རྒྱབ་ཁྱད་མེད་པར་མི་རྣམས་འཚང་ཁ་ཤིག་ཤིག་བྱེད། དེ་རིང་མི་ཚོགས་ཇི་ལྟར་ཇེ་མང་དུ་ཕྱིན་ན་ཡང་ཚོང་པ་རྣམས་ཀྱིས་མགོན་པོ་གཅིག་པུར་ཡོད་མེད་བལྟས་ཡོད་པ་འདྲ། བྱིས་པ། བུད་མེད། སྐྱེས་པ། ཚོང་པ། གྲྭ་པ་ཚོང་པ། ཇོ་མོ་གྲོང་ཆས་ཅན། རྒན་པོ་རྒན་མོ་སོགས་ཅི་ཙམ་ཇེ་མང་དུ་སོང་ན་ཡང་ཚོང་པ་འགའི་གདོང་ལ་རེ་བ་ཆད་སོང་བ་ལྟ་བུའི་ཉམས་ཤིག་ཤར་འདུག  བདེ་སྒྲོན་ཡང་དེ་ལས་འདའ་མི་སྲིད། དེ་ནི་དེ་རིང་གློ་བུར་ཁོ་ཚོ་གོམ་ལོབ་སོང་བའི་སྐད་ཆ་དང་ཁ་བརྡ་དམིགས་བསལ་བ་དེ་དག་མེད་སོང་བས་ཡིན་པ་འདྲ་ལ། བདེ་སྒྲོན་གྱི་མཛེས་སྡུག་གློ་བུར་རྒས་སོང་བ་ལྟར་བོར་སོང་བས་ཡིན་པ་འདྲ། བདེ་སྒྲོན་གྱིས་ཚོང་པ་དེས་བཤད་པའི་སྐད་ཆ་དེ་གོ་མ་ཐག་འཚབ་ཆ་སེར་མཛེས་ཤིང་ཡིད་དུ་འོང་བའི་མིག་ཟུང་གཉིས་པོ་ཕྱོགས་ཡ་མེད་དུ་བསྲིངས་སོང་། དེ་རིང་མིག་ཟུང་དེ་ལས་ཅུང་ངར་སྐྱོ་འདྲེས་མའི་ཉམས་ཤིག་ཤར་འདུག་ལ། ཉམས་དེ་མགོན་པོ་ལ་མཐོང་དུ་འཇུག་འདོད་པ་ལྟར་མིག་གིས་མི་ཟིན་པའི་མགོན་པོ་ལ་སྲིང་བཞིན་་འདུག  གློ་བུར་མགོན་པོ་གང་ནས་ཡོང་བ་ཇི་བཞིན་ཁོ་ལ་སྒུག་བཞིན་པའི་བདེ་སྒྲོན་དང་ཚོང་པ་དག་གི་ཟུར་དུ་ཐོན་སོང་། བདེ་སྒྲོན་ཅུང་དོགས་མི་བདེ་བའི་ངང་མགོན་པོ་ལ་བཅོས་འཛུམ་ཞིག་སྟོན། ཚོང་པ་རྣམས་ཀྱི་ཁྲོད་ནས་མི་ཞིག་གིས་ད་བར་དུ་ཁྱོད་ཀྱིས་ཅི་ཞིག་བྱས་བསྡད་པ་ཡིན། ད་བར་དུ་ང་ཚོས་ཁྱོད་ལ་སྒུག་བསྡད་པ་ཡིན། མགོན་པོས་སྐད་ཆ་དེ་དེ་སྔོན་དྲི་ཡོང་བར་ཤེས་པ་ཇི་བཞིན་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་བཅོས་མའི་ལན་ཞིག་བཏབ། ལན་དེས་ལྷག་པར་བདེ་སྒྲོན་བློང་བློང་བོར་བཏང་སོང་། 



ཁོ་ཚེ་ད་རུང་མལ་ལས་ལྡང་མི་འདུག  ཁོའི་སེམས་སུ་དོན་དག་མང་པོ་ཞིག་གིས་ཁོ་ཡར་ལངས་ནས་ལས་ཀར་འགྲོ་བར་སུན་སྣང་སྟེར་བཞིན་པའི་ངོ་ཉམས་ཤིག་གིས་མལ་ཁྲི་སྟེང་ནས་འགྲེ་ལོག་བྱེད་ཀྱིན་ཉལ་འདུག གློ་བུར་ཁོ་ཚེ་སོགས་སྡོད་སའི་གླ་ཁང་དེ་དང་ཐག་རིང་མ་ཐུང་ཞིག་ནས་བུད་མེད་ཀྱི་ངུ་སྐད་སྙོམ་པོ་ཞིག་གྲགས་སོང་། ངུ་སྐད་དེ་ནི་ག་ཤེད་གཅིག་ནས་གོ་མྱོང་བ་ལྟར་ཁོ་ཚེ་ཉལ་མ་བཟོད་པར་འཚབ་ཆ་དང་བཅས་ལངས་ནས་སྒེའུ་ཁུང་ནས་ཕར་བལྟས་པས། དེ་ནི་ཁྱིམ་ཚེ་བཟའ་མི་གཉིས་འཛིང་རེས་བགོས་ནས་སྐྱེས་པས་བུད་མེད་བརྡུངས་ཏེ་སྒོར་བསྐྲད་འདུག ད་རུང་སྐྱེས་པས་བུད་མེད་དེ་ལ་སྐད་ཆ་འདྲ་མིན་སྣ་ཚོགས་ཀྱིས་སྡིགས་མོད་བྱེད་ཀྱིན་འདུག ཁོའི་དེ་མཐོང་མ་ཐག་ངོ་གདོང་ཧ་ཅང་གཟབ་ནན་དུ་གྱུར་ནས་ཡིད་ཆད་པའི་འཁྱར་འཁྱོར་གྱི་གོམ་པས་རྩིས་འཁོར་དེའི་སྔས་སུ་བསྡད། མདང་ནུབ་ཀློག་ཚར་བའི་བརྩམས་སྒྲུང་དེ་སྒོ་ཕྱེས་ནས་ཅི་ཞིག་བཤད་འདོད་ཀྱང་མགྲིན་པ་གཅིག་གིས་བརྣངས་ནས་ལུས་པ་ལྟར་ཡིག་འབྲུ་གཅིག་ཀྱང་གཏག་མ་སོང་། ཚུགས་ཀ་དེ་ནི་རྒོད་པོ་ཞིག་གཤོག་པ་དུབ་ནས་དུར་ཁྲོད་ནས་ཁེར་རྐྱང་དུ་ལུས་པ་དང་ཨ་ན་མ་ན་རེད། 
 
སྐར་ཆ་ཁ་ཤས་རྗེས་ནས་ཤོག་གུ་སྟོང་བ་ཞིག་དང་སྣུམ་སྨྱུག་ཅིག་བླངས་ནས་ཁ་བྱང་ལ་<གྱེས་གཏམ་>ཞེས་པའི་ཁ་བྱང་ཞིག་གཏགས་སོང་། ཁོ་སེམས་སུ་ཁ་བྱང་དེ་ནི་ཧ་ཅང་གཟབ་ནན་ཅན་གྱི་ཚེག་ཁྱིམ་གཉིས་ཡིན་པར་སྣང་ལ། དེ་ནི་བརྩམས་སྒྲུང་རིང་མོ་ཞིག་གི་བརྗོད་བྱ་བྱེད་མྱོང་བའི་འཕྲིན་ཐུང་ཞིག་ཡིན་པར་སྣང་། ཉི་མ་དེ་ནས་བཟུང་ནས་ཁོའི་སེམས་སུ་མགོན་པོ་ཞེས་པའི་རུས་མིང་ཞིག་མེད་པར་གྱུར་འགྲོ་བ་དང་། བརྩམས་སྒྲུང་ག་གེ་མོའི་བརྗོད་བྱའི་ནང་དུ་དབང་མོ་ཞེས་པའི་བུད་མེད་ཅིག་མེད་པར་གྱུར་སོང་བ་ལྟར་སེམས་སྣང་བྱུང་། དེ་ནས་སྐར་ཆ་ཁ་ཤས་བརྒྱུད་དེ་སྔོན་ཤོག་བུ་སྟོང་བ་དེ་གྲ་དག་པོ་མིན་པའི་ཡིག་འབྲུས་གང་ཚར་སོང་། ཁོས་དབུགས་རིང་ལེན་གྱིན་སླར་ཡང་ཤོག་སྟོང་གསར་པ་ཞིག་བླངས་ནས་མུ་ནས་འབྲི་བཞིན་འདུག  ཅི་འདྲའི་གཟབ་ནན་གྱི་ཚུགས་ཀ་ཞིག་རེད་ཨང་། ཡིན་ན་ཡང་ཁོས་སྐད་ཆ་དེ་དག་བཤད་པ་འགྲིག་མིན་མི་ཤེས་ལ། ཡིག་འབྲུ་འདི་དག་གིས་སུ་དང་གང་ཞིག་ལ་དོན་དག་ལྷག་མ་ཞིག་དང་ལྷག་བསམ་གཙང་མ་ཞིག་ངོ་འཕྲོད་མིན་ཡང་གསལ་བོར་མི་ཤེས། དོན་གྱིས་ཁོས་བཤད་འདོད་པའི་སྐད་ཆ་དེ་ནི་ཧ་ཅང་གཟབ་ནན་ཅན་ཞིག་རེད། ཚགས་དོམ་པོ་ཞིག་རེད། དེ་ནི་སུ་ཞིག་གིས་ཁོའི་ཚུགས་ཀར་བལྟས་ན་ཏག་ཏག་ཤེས་ནུས། ཤར་མར་བྲིས་པའི་རྩོམ་དེར་ཤོག་བུ་བཅུ་ཡར་མར་ཞིག་འདུག  ཆེས་མཇུག་ཏུ་(རྩོམ་སྒྲུང་དང་)ཞེས་པའི་མིང་ཚིག་མངོན་ཆ་ཆེ་ཞིང་དོན་དག་ཅི་ཞིག་བརྗོད་འདོད་པ་ལྟར་བྲིས་འདུག 
 
མགོན་པོ་ཅུང་བཟི་བའི་སྒོ་ནས་སྒོ་ཕྱེས་ཏེ་བདེ་སྒྲོན་ཁྲིད་ནས་ཁྱིམ་དུ་འབྱོར། མགོན་པོ་སྒོ་ཡར་འགྲམ་དུ་ཐོན་མ་ཐག “ ཁོ་ཚེ་་་ཁོ་ཚེ་་་མདང་ནུབ་བརྕམས་སྒྲུང་དེ་ཡང་བསྐྱར་ཐེངས་ཤིག་ཀློགས་དང་”། ཞེས་བཟི་སྐད་འདྲེས་མ་ཞིག་གིས་ཤུགས་ཆེར་བོས། བདེ་སྒྲོན་གྱིས་ཅི་ཞིག་རྟོགས་འདོད་པ་ཇི་བཞིན་ཉམས་ཤིག་ཤར་ཏེ་མགོན་པོ་ཉལ་ཁང་དུ་བསྐྱལ་ནས་མོ་རང་ཁོ་ཚེ་འཚོལ་དུ་ཐོན་སོང་། ཁོ་ཚེ་མཐོང་རྒྱུ་མི་འདུག་ལ། སྔོན་མི་ཞིག་གིས་བྱིན་པའི་ལག་ཁྱེར་རྩིས་འཁོར་འཇོག་སའི་མདུན་ཅོག་སྟེང་དུ་རྩིས་འཁོར་མེད་པར་འཕྲིན་ཤུབས་འཐུག་པོ་ཞིག་བཞག་འདུག འཕྲིན་ཤུབས་དེའི་ཕྱི་རུ་<<གྱེས་ཁའི་ལེགས་སྐྱེས་>>ཞེས་པའི་རིག་ན་སེམས་འཁྱགས་སིམ་མེར་གཏང་འགྲོ་བའི་ཁ་བྱང་ཚུགས་བྲིས་ཤིག་བྲིས་འདུག བདེ་སྒྲོན་གྱིས་འཕྲིན་པ་ཁ་ཕྱེས་ནས་མགོ་ནས་རིམ་གྱིས་བལྟས་པས་འགྲམ་ཁུག་ནས་མིག་ཆུ་ལྷག་མ་ཞིག་བདེ་སྒྲོན་གྱི་མཆུ་མ་དང་འདྲེས་སོང་། གློ་བུར་དོན་དག་ཅི་ཞིག་ཤེས་སོང་བ་ལྟ་བུས་མགོན་པོ་བདེ་སྒྲོན་གྱི་ཕྱོགས་སུ་ཡོང་བཞིན་འདུག བདེ་སྒྲོན་གྱིས་མགོན་པོའི་རྡོག་སྒྲ་ཐོས་ནས་འཕྲིན་པ་དེ་འཚབ་ཆ་དང་བཅས་ནུ་ཤུབས་བར་དུ་བཅུག་སོང་། མགོན་པོ་དངངས་འཚུབ་དྲག་པོ་ཞིག་གིས་ཁྲིད་ནས་ཁང་པ་དེའི་སྟོད་སྨད་ཀུན་ཏུ་འཚོལ་དུ་ཕྱིན་ན་ཡང་རྙེད་མ་སོང་། དེ་ནས་མགོན་པོ་ལྷག་པར་འཚབ་ཆ་ཇེ་ཆེར་ཕྱིན་ཏེ། བདེ་སྒྲོན་གྱིས་མགོན་པོའི་ངོ་ལ་བལྟས་ན་དོན་དག་ཅི་ཞིག་བྱུང་ཚར་བ་ཤེས་ཡོད་པ་ལྟར་སྣང་ཡང་འཕྲིན་པ་ཡིན་ལ་མིན་པའི་རྩོམ་དེ་ཁོའི་ལག་ཏུ་མི་འཇོག་པའི་བློ་ཐག་བཅད་དེ་ལུས། གློ་བུར་མགོན་པོས་བདེ་སྒྲོན་ལ་དོ་སྣང་ཅི་ཡང་མི་བྱེད་པར་ཁོ་ཚེའི་ཉལ་ཁང་གི་ཕྱོགས་སུ་སོང་། དཔེ་སྒྲོམ་བརྔོགས་པས། ཁོ་རང་གི་ཟིན་བྲིས་འབྲི་དེབ་མི་འདུག  ཁོ་རང་ཆེས་ཀློག་རྒྱུ་དགའ་བའི་དཔེ་དེབ་གཅིག་ཀྱང་མི་འདུག ཁོ་རང་གིས་དཔེ་ཆར་དཔར་འཆར་བྱས་ནས་བསྡོམས་ཡོད་པའི་སྒྲུང་དེབ་མ་དཔེ་དཔར་མ་<<ང་རང་རྩོམ་པ་པོར་འགྱུར་དོན་>>ཞེས་པ་དེ་ཡང་མི་འདུག  ཆེས་ཡ་མཚར་བ་ཞིག་ལ་<<སྙན་ངག་པ་>>ཞེས་པའི་རང་མོས་སྙན་ངག་དཔེ་དེབ་དཔར་འཆར་གྱིས་དཔར་མར་བསྡོམས་པའི་དཔར་མ་དེ་དཔེ་སྒྲོམ་ལས་བཏོན་ནས་ཁོ་རང་རྒྱུན་པར་སྡོད་སའི་མདུན་ཅོག་སྟེང་དུ་བཞག་འདུག གསལ་བཤད་ཅི་ཡང་མེད་ན་ཡང་དཔར་མ་དེས་མགོན་པོ་ལ་དོན་དག་ལྷག་མ་ཞིག་སྐུལ་བཞིན་པ་ལྷག་པར་འདྲ་ལ། སྔོན་ཆད་ཁོས་མགོན་པོ་ལ་དཔེ་དེབ་དཔར་བར་ཁོས་སྦྱིན་བདག་བྱེད་པར་ཁས་བླངས་པ་དེ་ཡིད་ལ་དབང་མེད་ངང་ཤར། མགོན་པོ་ཡང་དཔེ་དེབ་ཀྱི་དཔར་མ་འཐུག་པོ་དེར་ཧད་ནས་ཡུན་རིང་ལུས། 
 
དོན་དག་ཚང་མ་ཤེས་ཟིན་པ་ལྟར་མགོན་པོ་ཉལ་ཁང་གི་སྒོར་བུད་སོང་། “ཉལ་ཁང་ནང་ཁོ་ཚེས་འཕྲིན་པ་གཞན་ཞིག་བཞག་ཡོད་དམ། ཡང་ན་དོན་དག་ཤེས་སླ་བའི་ཅ་དངོས་གཞན་ཞིག་ཡོད་དམ། ཡང་ན་ཁོ་ཚེ་ཉལ་ཁང་དུ་ཡོད་པ་ཡིན་ནམ།” བདེ་སྒྲོན་གྱི་སེམས་སུ་དེ་ལྟར་འགོག་མེད་ངང་སྣང་བ་སྣ་ཚོགས་བྱུང་། ཡིན་ན་ཡང་མོས་འཕྲིན་པ་དེ་ཁོའི་ལག་ཏུ་འཇོག་པའི་བློ་ཁ་རྩ་ནས་འཁོར་མི་སྲིད་པ་འདྲ། དེ་ནི་མོའི་ཚུགས་ཀ་དེར་བལྟས་པ་ཙམ་གྱིས་གསལ་བོར་ཤེས་ཐུབ་པ་བྱུང་ཡོང་། “མ་རེད་ཁོ་ཚེ་ཏན་ཏན་བུད་སོང་ཚར་ངེས། དེ་མིན་ན་འཕྲིན་པའི་ནང་གི་སྐད་ཆ་དག་འདི་ལྟར་གཟབ་ནན་ཡིན་མི་སྲིད།” སླར་ཡང་མོས་རང་གི་སེམས་ཁུར་ཞིག་ལ་རྒྱབ་འགལ་བྱེད་པའི་རྣམ་འགྱུར་གྱིས་བསམ་བློ་གཏོང་གིན་འདུག  དེ་ནི་མོས་རང་ཉིད་ལ་རེ་བ་ལྷག་མ་ཞིག་རྒྱས་བཞིན་པ་ཚོར་སྣང་སྐྱེད་པ་དང་། དོ་ནུབ་ནས་བཟུང་མགོན་པོ་ང་ལ་དབང་ངེས་སྙམ་པའི་བློ་སེམས་ཤིག་ཀྱང་མེ་ལ་རྡོ་སྣུམ་སྣོན་པ་ལྟར་འཁོར་ཡོང་། ཡང་ན་དེ་ནི་རང་གིས་རང་ལ་སེམས་གསོ་བྱེད་སྟངས་ཤིག་ཀྱང་རེད། འཕྲིན་པ་དེའི་ཕྱི་ནང་གསང་གསུམ་དུ་འདུས་པའི་གཏམ་རྒྱུད་དེ་དག་གིས་མོ་བློང་བློང་བོར་བཏང་ན་ཡང་མོས་རང་གིས་རང་ལ་དེ་ལྟར་སྤོབས་པ་དང་རེ་བ་སྩོལ་བཞིན་འདུག 
 
དེ་བས་བདེ་སྒྲོན་གྱིས་མགོ་ནང་དུ་བཀུག་སྟེ་“མགོན་པོ། མགོན་པོ། ཁོ་ཚེ་མི་འདུག་གམ། ཁོ་ཚེས་ད་ནངས་ཁྱོད་ལ་བུད་འགྲོ་བའི་སྐད་ཆ་ཅི་བཤད་མ་སོང་ངམ།” ཞེས་དྲིས་པས་མགོན་པོས་ཅི་ཡང་གོ་མེད་པར་ལྟར་གཡོས་ཁང་གི་སྒོ་ཁར་ཧད་འགྲོ་བྱས། བདེ་སྒྲོན་གྱིས་ཅི་བཤད་དགོས་པ་མི་ཤེས་པར་མགོན་པོ་ལ་ཅེར་ནས་སྡོད་སྐབས། མགོན་པོའི་སེམས་སུ་འཁྱགས་སིམ་སིམ་གྱིས་དྲན་འོང་བ་ནི་མདང་ནུབ་ཁོ་ཚེས་བརྩམས་སྒྲུང་ཀློག་བཞིན་པའི་ཚུགས་ཀ་དང་སྐད་གདངས་དེ་རེད། མ་ཟད་བརྩམས་སྒྲུང་དེ་ཡོངས་སུ་བཀླགས་གྲུབ་རྗེས་མདུན་ཅོག་རྙིང་པ་དེའི་སྟེང་གི་ཆ་རྒྱུས་ཡོད་ལ་མེད་པའི་རྩིས་འཁོར་དེས་ཁོ་རང་ལ་བཙན་ཚུགས་ཀྱིས་བལྟས་ཡོད་པ་ཇི་བཞིན་བཞག་ཚུགས་དེའང་སེམས་སུ་ལམ་མེར་ཤར་འོང་། ལུས་སེམས་དོ་མི་བསྙོམས་པའི་དོ་ནུབ་མགོན་པོ་ལ་བདེ་སྒྲོན་ལ་དམིགས་བསལ་ཀུ་རེ་རྕེེད་པའི་སེམས་ཁམས་མི་འདུག་ལ། མགོན་པོ་གློ་བུར་ཉལ་ཁང་གི་སྒོ་རུ་བུད་སོང་བ་དེས་འཕྲིན་པ་དེ་ཀློག་མཚམས་བཅད་པས། མོའི་སེམས་སུ་དོ་ནུབ་དོན་དག་མང་པོ་ཟུར་དུ་བསྐྱུར་ནས་འཕྲིན་པ་དེའི་ནང་དོན་ལ་སྟོང་བསམ་སྣ་ཚོགས་བྱེད་ཀྱིན་འདུག དེ་བས་བདེ་སྒྲོན་གྱིས་མགོན་གྱེས་ཕྱག་བཞག་ནས་རང་ཁྱིམ་དུ་བུད་སོང་། 
 
རང་ཁྱིམ་གྱི་ཉལ་ཁང་གྲུ་བཞི་མའི་སྒེའུ་ཁུང་འགྲམ་གྱི་མདུན་ཅོག་དེའི་སྟེང་དུ་མོ་རང་ཅུང་སྤུས་ལེགས་པའི་མིག་ཤེལ་ཞིག་བཞག་ཡོད་པ་ཡར་གྱོན་ནས་འཕྲིན་པ་ཀློག་མཚམས་ནས་ཀློག་མགོ་བརྩམས་སོང་། འཕྲིན་རྩོམ་དེ་ཀློག་གིན་ཀློག་གིན་མོའི་སེམས་སུ་ཁྲག་རྣག་ཐ་དག་རྩོམ་ཡིག་དེའི་ནང་གི་ཐ་སྙད་རེ་རེ་གྱུར་ནས་མིག་ཟུར་ནས་རྒྱང་དུ་བཞུར་ཡོང་བའི་སྣང་བ་ལྟར་མིག་ཆུ་ཆད་པ་མེད་པར་འཁུར་ཚོས་བརྒྱུད་ནས་བཞུར། མ་མཐའ་མཁུར་ཚོས་དག་ཀྱང་མིག་ཆུས་དེད་དེ་རྐེད་རྒྱུད་དུ་ཁུར་སོང་། མིག་ཆུ་དེ་ནི་དོན་དག་གང་མང་ཞིག་ལ་ལད་མོ་དང་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་པར་འདྲ་ཞིང་། ཡང་ན་མོའི་སེམས་ཀྱི་རེ་འདུན་ཞིག་ལ་རྒྱབ་འགལ་བྱེད་ཀྱིན་པ་དང་འདྲ། གང་ལྟར་མིག་ཆུ་དེས་ཏག་ཏག་མོའི་སེམས་ཁམས་ཤིག་ལ་རང་དབང་རྩ་ནས་སྤྲད་མ་སོང་། དེ་ནི་སུས་ཀྱང་དྲན་མི་བཟོད་པའི་གཏན་ཚིགས་གཞན་ཞིག་རེད་འདུག མཐའ་ན་མོ་ལ་མཚོན་ན་ཡང་བསམ་ཡུལ་ལས་འདས་པ་ཞིག་ཀྱང་རེད། མོས་དོན་དམ་པར་སྒྲུང་རྩོམ་ནང་གི་མི་སྣ་སུ་གཅིག་ལ་ཡང་བསམ་ཤེས་བྱེད་མི་འདོད་ན་ཡང་མི་སྣ་དེ་དག་གི་ཕྱི་ནང་གསང་གསུམ་ན་རང་ཉིད་ལ་ཏན་ཏན་འབྲེལ་བ་འདུག་སྙམ་པའི་ཐ་སྙད་གང་མང་ཞིག་རང་དབང་མེད་པར་མོའི་སྙིང་སྒྲོམ་དུ་ལྷུང་། མོས་དེ་ལྟར་འཕྲིན་རྩོམ་ཀློག་གིན་བསམ་བློ་གཏོང་ནས་ལུས་ཏེ་མཚན་ཕྱེད་ཀྱི་དུས་ཚོད་གཉིས་ཡར་མར་བསླེབས་སོང་། དེ་ནི་རྨི་ལམ་ཞིག་རྨིས་པ་དང་ཅི་འདྲའི་མཚུངས་ཨང་། ཕྱི་རོལ་དུ་རླངས་འཁོར་གྱི་ཆོམ་སྒྲ་ཧ་ཅང་འཇགས་ཤིང་། གློག་འོད་དག་ཀྱང་ཁུ་སིམ་མེར་བདེ་སྒྲོན་གྱི་སེམས་ཁམས་ལ་ལད་མོ་བྱེད་པ་ལྟར་གནས། དོ་ནུབ་མོར་གཉིད་ཡོང་ཐབས་མེད་པར་འདི་ལྟར་མཚན་ཕྱེད་བར་དུ་ལུས་འགྲོ་བ་ནི་མོ་རང་ལ་ཆེས་མ་ལབ་པའི་གཤིས་ཀ་ཞིག་རེད་འདུག 



རིམ་གྱིས་གྲོང་ཁྱེར་གྱི་འུར་ཟིང་ཇེ་ཆེར་ཕྱིན་ཏེ་ཉི་འོད་ཧ་ཅང་ཚ་ལ་རྣོ་བ་ཞིག་གིས་མི་ཞིག་གིས་ངོ་གདོང་ཆུ་ལ་བཀྲུས་པ་ལྟར་ལྷ་སའི་གྲོང་ཡོངས་སུ་གཡོགས་སོང་། མགོན་པོ་དང་བདེ་སྒྲོན་གཉིས་ནི་གཅིག་གིས་གཅིག་ལ་གྲོས་བཏབ་པ་ལྟར་མལ་ས་ནས་བསམ་བློ་སྣ་ཚོགས་གཏོང་གིན་གནས་འདུག མི་རེ་རེས་བསམ་བློ་གཏོང་སྟངས་སེམས་ཁྲེལ་བྱེད་སྟངས་མི་གཅིག་ན་ཡང་ཚུགས་ཀ་དང་རྣམ་འགྱུར་དག་ལ་ཁྱད་ཆེར་མེད་པར་མལ་སར་ལུས་ཡོད་པ་ནི་གནས་ཚུལ་ཅི་ཞིག་བྱུང་རྗེས་གཅིག་གིས་གཅིག་ལ་ཡོལ་ཐབས་བྱེད་བཞིན་པ་དང་ཧ་ཅང་འདྲ། མ་ཟད་ཚོད་ཀྱིས་བལྟས་ན་དེ་རིང་གཟའ་ཟླ་བ་ཡིན་ན་ཡང་ཁྲོམ་གཟིགས་ཁང་གི་ཚོང་པ་རྣམས་ལྷག་ཏུ་སུན་སྣང་ཆེན་པོ་སྐྱེ་བཞིན་པ་ཤེས་ཐུབ། ཚོང་པ་ཚོར་སུན་སྣང་དཀྲོལ་བའི་མགོན་པོའི་ཁ་བརྡ་མེད་ཅིང་། ཀུ་རེ་དང་དགོད་སྒྲ་བསུ་བའི་བདེ་སྒྲོན་གྱི་འཛུམ་མདངས་དང་མཛེས་པ་མེད་པས་ལྷག་ཏུ་སུན་སྣང་འཕེལ་བཞིན་པ་འདུག
 
དེ་རིང་ནི་ཁོ་ཚེ་ལགས་པེ་ཅིང་གྲོང་དུ་འབྱོར་བའི་ཉིན་དང་པོ་དང་མཚན་གཉིས་པ་རེད། ཁོས་ཕྱི་དྲན་དང་གདུང་བ་ལྕི་མོ་སྔར་ལྟར་ཁུར་ནས་རྒྱང་རིང་གི་གྲོང་ཁྱེར་པེ་ཅིང་དུ་འབྱོར་ན་ཡང་སེམས་ཀྱི་ཕྱི་ནང་ཡོད་ཚད་ལྷ་ས་ཟེར་བའི་གྲོང་ཁྱེར་གཞན་ཞིག་ལ་འཁོར་བཞིན་འདུག དེ་ནི་མཇུག་མ་གྲུབ་པའི་བརྩམས་སྒྲུང་དེ་ལ་འབྲེལ་བ་ཡོད་པ་ལྟར་སྒྲུང་རྩོམ་དེ་རྩིས་འཁོར་འཆར་ངོས་སུ་བཞག་ནས་རྒྱུན་པར་ཀློག་འདོན་བྱེད་ཀྱིན་འདུག ད་རུང་རྩིས་འཁོར་དེ་ལ་ཆེར་བལྟ་མི་འདོད་པའམ་སེམས་ཁམས་མི་དྭངས་དུས་ཁོ་པར་སྡོད་སའི་ཁང་པ་དེའི་གྲུ་ཟུར་གྱི་ཅོག་སྒམ་འོག་ཏུ་འཇོག་པར་བྱེད། ད་རུང་སུ་ཞིག་བརྗེད་ཐབས་བྱེད་དགོས་པ་ལྟར་གླེང་མོལ་འཕྲིན་ཕྲན་སོགས་བརྒྱུད་ནས་པེ་ཅིང་གི་རྒྱ་མོ་འགའ་ལ་དགའ་རོགས་བསྒྲིགས་ཤིང་། ཉིན་མཚན་མེད་པར་ཆང་བག་མེད་པར་སྤྱོད།  དེ་ནི་ཁོས་མི་ཞིག་བརྗེད་ཐབས་བྱེད་འདོད་པས་རེད་དམ། ཡང་ན་བརྩམས་སྒྲུང་ཞིག་བརྗེད་པར་བྱས་ཏེ་བརྩམས་སྒྲུང་གཞན་ཞིག་འབྲི་འདོད་པས་རེད། དེ་གཉིས་གང་ཞིག་ཡིན་པ་ཁོ་རང་ལ་གསལ་ཁ་མི་འདུག མ་མཐའ་ཉིན་གཅིག་ལ་ཡང་ཁོས་བསམ་བློ་ལྷོད་ལ་ཕབ་སྟེ་པེ་ཅིང་དང་ལྷ་སའི་བར་ཐག་བསམ་གཞིག་ཅིག་ཀྱང་བྱ་མ་མྱོང་།
 
ཡིན་ན་ཡང་ཁོས་སྔར་ལྟར་བརྕམས་སྒྲུང་དེའི་བརྗོད་བྱ་བརྗེད་ཐབས་བྲལ་ཞིང་། སྐབས་རེར་མཚན་ཕྱེད་དུས་ཚོད་གཉིས་གསུམ་ཡར་མར་ནས་གཉིད་མི་ཁུག་པར་ཡར་ལངས་ནས་བརྩམས་སྒྲུང་དེ་མུ་ནས་ཀློག་བཞིན་འདུག “འཕྲིན་པ་འདི་ནི་ཁྱོད་ལ་བྲིས་པའི་ཆེས་ཐོག་མའི་འཕྲིན་པ་དེ་ཡིན་ལ། ངའི་མི་ཚེའི་ཆེས་མཐའ་མའི་འཕྲིན་པ་དེའང་ཡིན་”ཞེས་ཧ་ཅང་རྒྱུས་མངའ་ཡོད་པའི་མིང་ཚིག་དེ་དག་ཤེད་ཀྱིས་ཁོའི་སྙིང་དུ་ལྷུང་འོང་། དེ་ནི་རྔ་ཆེན་ཤེད་ཀྱིས་བརྡུངས་ནས་རང་ཉིད་ལ་དོན་དག་གང་མང་ཞིག་གི་བྲེལ་ཟིང་སློང་གིན་པ་དང་འདྲ། ཁོ་ཚེ་ནི་དེ་ལྟར་ས་མཐའ་རུ་ལོག་ལམ་གྱི་ནམ་མཁའ་བོར་བའི་རླུང་བུ་ཇི་བཞིན་ལུས་སོང་། ལྷ་ས་ཟེར་བའི་གཏམ་རྒྱུད་གང་མང་ཞིག་གིས་སྨྱུ་གུ་འབུས་པའི་གྲོང་ཁྱེར་དེར་གཏན་ནས་ལོག་ཐབས་མི་འདུག  དེ་ནི་ཁོ་རང་བརྩམས་སྒྲུང་དང་སྙན་ངག་ལ་ཧ་ཅང་དགའ་ཞིང་མགོ་ཆད་གཞུག་དུམ་གྱུར་བའི་བརྗོད་བྱ་གང་མང་ཞིག་ལ་འཇིག་སྐྲག་སྐྱེ་བཞིན་པས་ཡིན་པ་རེད།
 
ལོ་འགའི་རྗེས་ནས་ཁོ་ཚེ་ཉིན་ཞིག་ལ་སྔར་མོར་མལ་ལས་ལངས་ནས་བྲེལ་སྟབས་ཀྱིས་དཔེ་སྐྲུན་ཁང་དུ་སྐྱོད་ཀྱིན་འདུག ཁོ་ནི་དཔེ་སྐྲུན་ཁང་དེར་ལས་ཀ་གཉེར་ནས་ཟླ་བ་ཁ་ཤས་འགོར་འདུག་ན་ཡང་རང་དོན་ལ་དམིགས་ནས་དེ་རིང་མ་གཏོགས་དཔེ་སྐྲུན་ཁང་དེར་འགྲོ་མ་མྱོང་བ་ནང་བཞིན། རྒྱུན་པར་གྱོན་པའི་ལྭ་བ་རྙིང་པ་ཞིག་གྱོན་ཏེ་མི་ཞིག་གིས་བྱིན་པའི་རྩིས་འཁོར་དང་བརྩམས་སྒྲུང་དཔར་མ་དེ་ལག་ཁུག་ཅིག་གི་ནང་དུ་བཅུག་ནས་ཁྱེར་འདུག དེ་རིང་ཁོའི་རྣམ་འགྱུར་ནི་ནམ་རྒྱུན་དང་གཏན་ནས་མི་འདྲ་བ་མ་ཟད། ཁྱིམ་མཚེ་རྣམས་ཀྱིས་དེ་རིང་ཁོ་ཚེ་ལས་རིམ་དཔར་ཡོད་པ་འདྲ་ཞེས་ལྗིད་ཚད་ཟབ་པའི་ཉིན་ཐོ་ཞིག་ཀྱང་རྩོམ་བཞིན་འདུག  ཁོ་རང་རང་གི་སྡོད་གནས་ཀྱི་གཞུང་ལམ་བརྒྱུད་ནས་རྐང་ཐང་ལ་འགྲོ་བཞིན་འདུག  ཁོས་དཔེ་དེབ་འདི་དཔར་ཚར་རྗེས་ཀྱི་རྣམ་པ་དེར་སྟོང་བསམ་སྣ་ཚོགས་བྱེད་ཀྱིན་ལམ་ཆེན་གཅོད་ནས་ལམ་ཕར་ཀར་བགྲོད་སྐབས་གློག་སྔོན་ཤར་ཡོད་མེད་ལ་དོ་སྣང་མ་བྱས་པས། གློ་བུར་རླངས་འཁོར་ཞིག་གིས་ཁོ་རང་བརྡུངས་སོང་། བྲེལ་སྟབས་ཀྱིས་འཕྱུར་བཞིན་པའི་མི་ཚོགས་ལམ་སུམ་མདོར་དེར་རྒྱ་མཚོ་འཁྱིལ་བ་ལྟར་འདུས་ནས་རང་རང་བསམ་བློ་ལས་ཐོན་པའི་སྐད་ཆ་སྣ་ཚོགས་རེར་བཤད་ཀྱིན་འདུག དེ་མ་ཉིད་དུ་མི་སྐྱོབ་རླངས་འཁོར། ཉེས་རྟོག་པའི་རླངས་འཁོར་སོགས་འུར་གྱི་ལེར་ལམ་སུམ་མདོ་དེའི་ལྟེ་བར་རུབ་སོང་། “རྡུང་མཁན་ནི་ཨོ་དྷི་གསར་པ་ཞིག་རེད། རླངས་འཁོར་ཨང་རྟགས་xxxxxxརེད། ཁ་ལོ་བ་མི་འདུག  རླངས་འཁོར་ནང་དུ་བུད་མེད་སྦྲུམ་མ་ཞིག་ལྷག་འདུག” ཅེས་གནས་ཚུལ་ལྟེ་བར་ཐོན་པའི་ཉེས་རྟོག་པ་དེས་སྤྱི་བདེ་ལས་ཁུངས་ལ་མཁོ་སྤྲོད་བྱས། “རྨས་པའི་མི་དེ་ནི་ལོ་བཞི་བཅུ་ཟིན་མ་ཟིན་ཙམ་ཞིག་རེད། རུས་མིང་ལ་ཁོ་ཚེ་ཟེར། ཁ་པར་ལས་དམིགས་བསལ་གཉེན་མི་སོགས་ཀྱི་འབྲེལ་ལམ་རྙེད་ཀྱི་མི་འདུག ད་ལྟ་རྒྱ་སྤྱི་སྨན་ཁང་ཆེན་མོ་རུ་བསྐྱལ་ཡོད།” ཅེས་ཡར་ཞུ་བྱས་སོང་། བུད་མེད་སྦྲུམ་མ་དེའང་སྨན་ཁང་དུ་ལྷན་དུ་བསྐྱལ་ཡོད། 
 
ཁོ་ཚེ་ཉལ་ཁྲི་སྟེང་དུ་དབུགས་ཆད་ལ་རན་ནས་སྐར་ཆ་ཁ་ཤས་འགོར་སོང་། དབུགས་ལོན་མི་ལོན་བྱེད་ཀྱིན་ཟུར་དུ་ལངས་ཡོད་པའི་བུད་མེད་སྦྲུམ་མ་དེར། “ཁྱོད་ཅག་ཚོས་ང་རང་བསྐྱོབ་མི་དགོས། སྐྱོབ་ཀྱང་ཐུབ་ཚོད་མི་འདུག ང་ལ་རེ་བ་ཆུང་ངུ་ཞིག་ཡོད།  དེ་ནི་ངའི་དཔར་མ་བརྩམས་སྒྲུང་འདི་དེབ་གཟུགས་སུ་བསྐྲུན་རྒྱུ་དེ་ཡིན། འདི་ནི་ངའི་འཆི་ཁའི་རེ་འདུན་ཡིན། འདི་དེབ་གཟུགས་སུ་དཔར་ཐུབ་ན་ཤི་སོང་རུང་ཞེ་འགྱོད་ཅི་ཡང་མེད། དཔེ་དེབ་འདི་ནི་ངའི་མི་ཚེའི་སྙིང་པོ་ཡིན། ངའི་ཕུགས་བསམ་གྱི་རྒྱ་ཁམས་ཡིན།”ཞེས་ལྡབ་ལྡིབ་ཀྱིས་བཤད་ཀྱིན་སྐད་ཇེ་དམའ་གྱུར་སོང་། ཉེས་རྟོག་པ་དང་བུད་མེད་སྦྲུམ་མ་དེ་གཉིས་ཀྱིས་སྨན་པར་འབོད་བརྡ་གཏོང་གྲུབས་བྱས་ན་ཡང་ཁོ་ཚེས་ལག་མགོ་ནས་བཟུང་སྟེ་གཏོང་དུ་མ་བཅུག དེ་བས་ཁོ་གཉིས་མིག་རྕ་མཆི་མས་ཡོངས་སུ་བརླན་ནས་མལ་ཁྲི་སྟེང་གི་ཁོ་ཚེ་ལ་ཅེར་ནས་ལུས། ཁོས་སྐད་ཆུང་ངུས་ཤོག་གུ་དང་སྙུག་གུ་ཆ་གཅིག་གཡར་རོགས་ཞེས་ལབ་སོང་། སྨན་གཡོགས་མ་དེས་འབྲི་དེབ་ཅིག་དང་སྙུ་གུ་ཞིག་ཁྱེར་ཡོང་ནས་སྨན་ཅོག་སྟེང་དུ་བཞག  མོས་ཁོ་ཚེ་རྒྱབ་ནས་བཅོལ་ཏེ་“ངའི་ཤ་ཁྲག་རྒྱུ་ལུས་ཀྱི་ཕུང་པོ་འདི་སྒྱུ་རྩལ་ལྷུ་ཆག་ཡིན་ཞིང་། ངའི་བརྩེ་དུང་གི་མིག་ཟུང་གཉོམ་པོ་འདི་མིའི་རིགས་ཀྱི་ཕུགས་བསམ་མཚོན་པའི་རི་མོ་ཡིན། ངའི་རྐང་རྗེས་རེ་རེ་ཁྲག་རྣག་གིས་བཙོ་སྦྱོང་བྱས་པའི་ཐ་སྙད་རེ་རེ་ཡིན། སྒྱུ་རྩལ་དང་ང་ནི། རྩོམ་རིག་དང་ང་ནི། བརྩམས་སྒྲུང་དང་ང་ནི། ང་དང་ལྷ་སའི་བར་ཐག་དང་། ང་དང་དབང་མོའི་བར་ཐག་ཡིན།”ཞེས་ཤར་མར་བྲིས་སོང་། དེའི་མཇུག་ཏུ་འཕྲིན་པ་འདི་སྤྲད་སའི་ས་ཚིགས་ཀྱི་མིང་དང་གློག་རྡུལ་ཨང་བཅས་གསལ་བོར་བྲིས་ཏེ་སྦྲུམ་མ་དེའི་ལག་ཏུ་བཞག སྦྲུམ་མས་བྱམས་བརྩེའི་ངང་འཕྲིན་པ་ལག་ཏུ་བླངས་ནས་མིག་ཆུ་ཐིགས་རེ་རེ་བཞིན་ལག་རྒྱབ་ཏུ་གཏོར། དེ་ནས་ཁོ་ཚེ་ནི་གདོང་དུ་གཟབ་ནན་གྱི་འཛུམ་མདངས་ཆུང་ངུ་ཞིག་བབས་ནས་དབུགས་ཇེ་ཉམ་ཇེ་ཉམ་གྱུར་ཏེ་དབུགས་ཆད་སོང་། 
 
བདུན་ཚིགས་དེའི་གཟའ་སྤེན་པ་ཉིན་དཔེ་དེབ་དཔར་དུ་བཏབ་ཚར་སོང་། ད་རུང་འགྲེམ་སྤེལ་ཅུང་གྲ་རྒྱས་པོར་བྱས་ཏེ་ས་ཆ་སོ་སོར་བཀྲམ། ཁོ་ཧྥེ་ཁང་གི་ཟུར་འགྲམ་ཞིག་ཏུ་ལྷོད་དལ་ངང་བསྡད་པའི་བུད་མེད་དེས་འགྲེམ་ནས་ཅུང་མ་འགོར་བའི་བརྩམས་སྒྲུང་<<གྲིབ་མ་ལྟར་འཁྱགས་པའི་མི་>>ཞེས་པ་དེ་ཀློག་བཞིན་འདུག  དེའི་ནང་གི་ཐ་སྙད་རེ་རེ་མོའི་སེམས་ཀྱི་རུས་པ་མུ་བའི་ན་ཟུག་རེ་རེ་དང་མཚུངས་ཤིང་། དེའི་ནང་གི་མི་སྣ་དབང་མོ་ཟེར་བ་འདི་ནི་སྔོན་ཆད་ལྷ་ས་ནས་ཡུལ་ཕ་མས་བཙན་དབང་གིས་པེ་ཅིང་དུ་ཡོང་ཞིང་། པེ་ཅིང་ནས་རྒྱ་མི་ཞིག་ལ་གཉེན་བསྒྲིགས་ནས་གཉེན་འཐོར་ཏེ་གཡུགས་མོ་ཞིག་ལ་གྱུར་སོང་བའི་བུ་མོ་དེ་ཡིན་པར་དྲན་གསོ་བྱེད་ཡོང་སྟབས་སེམས་མི་བདེ་བར་གཏོང་། དྲན་འཆར་དེ་བརྩམས་སྒྲུང་དེ་ཀློག་གིན་ཀློག་གིན་ཤུགས་ཇེ་ཆེར་ཕྱིན་པ་དང་། ལྷག་པར་དུ་དཔེ་དེབ་དེའི་རྒྱབ་ངོས་སུ་འོག་མཆན་དུ་ཁ་ཆེམས་ཞེས་ཁོད་པའི་“ངའི་ཤ་ཁྲག་རྒྱུ་ལུས་ཀྱི་ཕུང་པོ་འདི་སྒྱུ་རྩལ་གྱི་ལྷུ་ཆག་ཡིན་ཞིང་། ངའི་བརྩེ་དུང་གི་མིག་ཟུང་གཉོམ་པོ་འདི་མིའི་རིགས་ཀྱི་ཕུགས་བསམ་མཚོན་པའི་རི་མོ་ཡིན། ངའི་རྐང་རྗེས་རེ་རེ་ཁྲག་རྣག་གིས་བཙོ་སྦྱོང་བྱས་པའི་ཐ་སྙད་རེ་རེ་ཡིན། སྒྱུ་རྩལ་དང་ང་ནི། རྩོམ་རིག་དང་ང་ནི། བརྩམས་སྒྲུང་དང་ང་ནི། ང་དང་ལྷ་སའི་བར་ཐག་དང་། ང་དང་དབང་མོའི་བར་ཐག་ཡིན།”ཞེས་བྱང་ཆ་ལྡན་པའི་སྐད་ཆ་ཞིག་བྲིས་འདུག་པ་མཐོང་བས་སེམས་པ་ལྷག་པར་བློང་བློང་བོར་གྱུར།   དེ་བས་མོས་གློ་བུར་དཔེ་ཆ་ཁ་བརྒྱབ་ནས་འགྲམ་ཁུག་གི་མིག་ཆུ་རྣམས་ལག་པའི་ཕྱི་ངོས་ཀྱིས་ཕྱི་བཞིན་ཕྱི་རོལ་དུ་ཡར་མར་འཁྱམས་བཞིན་པའི་མི་ཚོགས་དེ་དག་ཅེར་ནས་མོའི་ཤ་ཁྲག་རྣག་གསུམ་མིག་ཆུས་དྲུད་དེ་ཕྱི་རོལ་དུ་ཡན། བར་སྐབས་དེའི་དུས་ཚོད་ནི་ཁོ་ཚེས་རྒྱུན་པར་ཁོ་ཧྥེ་འཐུང་དུ་ཡོང་བའི་དུས་ལས་ཡོལ་མི་འདུག
 
ཉིན་གུང་ཡོལ་མ་ཡོལ་མཚམས་ནས་“ཝེ།  ཝེ།   སྐུ་ཞབས་མགོན་པོ་ཡིན་ནམ། ཡིན། ཁྱེད་ལ་འདིར་འཕྲིན་པ་ཞིག་དང་ཅ་དངོས་ཤིག་འབྱོར་འདུག  ས་གནས་གསལ་བོར་བྲིས་མི་འདུག ཉིད་ཀྱིས་དངོས་སུ་ལེན་དུ་ཕེབས་རོགས་གནང་།” འོ་ཡ་ཡ་ཞེས་ལན་བཏབ་ནས་སྦྲག་སྲིད་ལས་ཁུངས་ཕྱོགས་གོམ་པ་སྤོ་མགོ་བརྩམས།
                        
  རྩོམ་སྒྲིག་པ། མྱི་གསར་བ།

         མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།