གྲྭ་གཞོན་རིག་དཔལ་དང་སྙན་ངག

    རྩོམ་པ་པོ། བཙན་ཞགས།


གྲྭ་གཞོན་
རིག་དཔལ་དང་སྙན་ངག  
 

                           བཙན་ཞགས།  ཀན་ལྷོ། 


 

       1970 ནང་ལ་སྐྱེས་པའི་ན་གཞོན་རིག་དཔལ་ནི། བྱིས་དུས་ཀྱི་ལང་ཚོ་ནོར་རྗེས་སུ་བསྟིམ་ནས་ལོ་རབ་ཁ་ཤས་ཀྱི་མཚམས་སུ་ནད་གཞི་ཞིག་ཐེབས་ནས་ཨ་ཕ་དང་མཉམ་དུ་ཡུལ་དེའི་དགོན་པར་ཁྲུས་དང་རུམ་གྲོ་རེ་ཞུ་སར་སོང་། ཕ་ཡིས་ཨ་ཁུ་རྒན་པ་ཞིག་གི་གྲོང་དུ་ཁྲིད་ནས་བྱིས་པ་འདི་རི་ཁ་ཞིག་ནས་གཉིད་བཞག་པས་ཅིག་ན་གི་འདུག་ཅེས་ཞུས། བླ་རྒན་གྱིས་སྐུ་ཞིག་མགོར་བཞག་ནས་གྲྭ་བ་བྱོས་དང་མི་སྐྱོན་གསུང་། ཉིན་འགའི་རྗེས་སུ་རིག་དཔལ་དགོན་པར་གྲྭ་པ་བྱེད་དུ་བསྐྱལ། ཁོ་ལ་རིག་པ་ཧ་ཅང་བཟང་བས་ཁོ་དང་མཉམ་དུ་ཡི་གེ་སློབ་མཁན་དང་ཡང་ན་ཁོའི་སྔོན་ལ་ཡི་གེ་སློབ་པའི་དགེ་ཕྲུག་འགའི་སྔོན་ལ་ཡིག་མཐར་ཕྱིན། དེ་ནས་རིག་ལམ་ཆུང་འབྲིང་གི་སྐབས་སུ་ཁོ་ལ་དམ་བཅའ་ཟིན་མཁན་གྱི་བྱིས་པ་ཧ་ཅང་ཉུང་ལ་པྲ་ཚགས་ཀྱི་ངོས་ནས་ཀྱང་ཁོ་ལ་འགྲན་ཟླ་མེད། སྐབས་ལན་རེར་དགེ་བཤེས་ཚང་དང་འཛིན་གྲྭ་གོང་མ་དག་གིས་ཀྱང་ཨ་མཚར་གྱི་ཚུལ་དུ་ཁོ་ལ་དམ་བཅའ་བཟུང་ནས་བཤད་རེས་བྱས་ཏེ་སྐར་མ་ཁྲ་ཆིལ་ལེར་གཏོང་། ཉིན་ཞིག་དྲི་མེད་དང་ཁོ་གཉིས་ཆུ་ལེན་དུ་འགྲོ་སྐབས་དགོན་པའི་གཡོན་ཕྱོགས་ཀྱི་རྩྭ་རའི་ནང་དུ་འཛུལ་བའི་མཛོ་མོ་ཞིག་ལ་རྡོ་དང་དབྱུག་པ་སོགས་གང་རྙེད་ཀྱིས་གཞིས་ཏེ་སྨྱོན་པ་ལྟ་བུ་ཞིག་ཏུ་བཏང་ཡོད་པ་དགེ་བསྐོས་ཀྱིས་མཐོང་ནས་འཛིང་དམོད་བྱེད་ཞོར་ལ་བདའ་ལུང་བདའ་བྱས། ས་ག་ཟླ་བའི་མཆོད་པ་རྫོགས་རྗེས་བན་ཕྲུག་ཚང་མར་ངལ་གསོ་བཏང་ནས་ཁྱིམ་ལ་སོང་། ཡར་ལ་ཐོན་དུས་རིག་དཔལ་ལ་དཔེ་དེབ་རིག་མ་མྱོང་བ་མང་པོ་ཡོད་ལ། ཁོས་བཤད་ན་ཁོང་ཚང་ལ་ཨ་ཅེ་སློབ་གྲྭ་ཞིག་ཡོད་པ་དེས་སྦྱིན་པ་ཡིན་ཟེར། དེ་ནས་ཉིན་བཞིན་དཔེ་ཁྲིད་ཀྱི་སྐབས་སུ་ཁོས་ཅི་ཡིན་མི་གོ་བའི་ཚིག་བཞི་རེ་བྲིས་ནས་རོགས་པ་ཚོ་ལ་འཕེན། ཉིན་ཞིག་ཆོས་ར་གྲོལ་རྗེས་རིག་དཔལ་གྱིས་བན་ཕྲུག་མང་པོའི་དབུས་སུ་ཁྱོད་ཚོས་སྙན་ངག་མི་ཤེས་མོ། ཨ་ཕོས་སྙན་ངག་ཤེས་ཟེར་ནས་སྐད་གསེང་མཐོན་པོས། ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསལ་ཟླ་བ་ཤར་བྱུང་།། མ་སྐྱེས་ཨ་མའི་ཞལ་རས།། ཡིད་ལ་འཁོར་འཁོར་བྱས་སོང་།། ཟེར་ནས་ཧ་ཅང་སྣང་བ་སྐྱིད་མདོག་གིས་འདུག།  ཉིན་དེ་ནས་རོགས་པ་བན་ཕྲུག་མང་པོས་རིག་དཔལ་ལ་སྙན་ངག་གི་དཔེ་ཆ་ཨེ་གཡར་ཟེར་ནས་རྗེས་དེད་དེ་ཁོ་ཚང་གི་གྲྭ་ཤག་གི་ར་སྣེར་སྒུག་མཁན་ཇེ་མང་ནས་ཇེ་མང་ལ་སོང་། ཕྱིར་ལོའི་ལྔ་མཆོད་སྐབས་ཤིག་ལ་གྲྭ་ཚང་ཡོངས་ཀྱིས་འདོན་པ་གསུང་བཞིན་པའི་སྐབས་ཤིག་ལ་ཕྱི་གྲལ་ནས་དགེ་བསྐོས་ཀྱིས་ལྕགས་ཚན་གྱི་སྒྲ་ཤུད་ཤུད་ཅེས་ཐེངས་འགའ་གྲངས་བྱུང་། དེ་མུར་འདོན་པ་མཚམས་ཤིག་ལ་སླེབས་འདུག་པས་སྒོ་བཞེངས་ལ་གྲོལ་སོང་། སྒོ་འགྲམ་དུ་ཚང་མས་ཕྱི་གྲལ་ནས་རྡུང་ས་དེ་སུ་ཡིན་དང་ཅི་ལ་བརྡུང་བ་ཡིན་སོགས་བཤད་ཀྱིན་འདུག་ལ། ཡར་འཚོགས་མ་ཐག་དགེ་བསྐོས་ཀྱིས་དབྱུག་པ་སྦོམ་པོ་ཞིག་དང་དཔེ་དེབ་ཅིག་བཟུང་ནས་གདོང་གྲལ་བར་དུ་འགྲེང་འདུག་ལ། ཡ་ད་དུང་འདོན་པ་ཅུང་ཙམ་མ་གསུང་ཟེར་ནས་ཞལ་ངོ་དམར་ནག་འཁྲུགས་སེ་ཡར་ལྟ་མར་ལྟ་འགའ་བྱས་ཏེེ་ཚང་མ་འཇམ་ཅག་གེར་བསྡད་པ་ན། ཡ་ད་ནི་ཐན་ལྟས་ངན་རེད་ཡ་དགོན་པའི་ལྷ་ཁང་ནང་ལ་འདི་མོ་ཁྱེར་ཡོང་གི་འདུག་ཟེར་ནས་རིག་དཔལ་གྱི་སྙན་ངག་གི་དེབ་དེ་ལག་མགོར་ཕྱར་འདུག་ལ། བསྟན་པ་བཤིག་མཁན་དེ་མར་གྲལ་སྔ་ལ་བུད་ཟེར། ཚང་མས་ཕན་ཚུན་ལ་མིག་བརྡ་དང་ལྕེ་ནར་རེ་བྱས་ནས་འདུག།  རིག་དཔལ་ཉམ་ཆུང་ཆུང་ངང་གྲལ་མཇུག་ཏུ་སླེབ་པ་ན་དགེ་བསྐོས་ཀྱིས་དབྱུག་པས་འགའ་གཞིས་ཏེ། ཕར་ཁ་ནས་བརྒྱ་ཕྱག་ཅིག་འཚལ་ཏུ་བཅུག་སོང་། ཉི་མ་དེ་ནས་རོགས་པ་ཚོས་གཞན་པའི་མི་གོ་ས་ནས་རིག་དཔལ་ལ་ཁྱོད་ཀྱི་ཐན་ལྟས་དེ་གཡོར་ཟེར་ནས་རྩེད་མཚར་དང་མཉམ་དུ་སྙན་དེབ་དེ་གཡར་ནས་འགྲོ་གི་འདུག་ལ། 1990 ལ་སླེབས་སྐབས་བོད་ལ་དུས་དེབ་དང་སྒེར་དེབ་ཀྱང་ཇེ་མང་དུ་སོང་བ་དང་བསྟུན་དགོན་པའི་ནང་དུ་ཡང་སྙན་དེབ་དང་སྙན་ངག་གླེང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག་གོ།
 

རིག་དཔལ་དང་ཁ་མཐུན་གྱི་གྲྭ་གཞོན་འགའ་རེ་མཉམ་དུ་འཛོམས་ནས་སྙན་དེབ་ཅོག་ཙེ་གང་རེ་མདུན་དུ་སྤུངས་ནས་སྙན་ངག་གྱེར་ཁུལ་དང་ཀློག་པ་སོགས་བྱས་ཏེ་མཚན་ཕུད་པ་ཡང་ཉུང་ཉུང་མིན། ལོ་མཇུག་ལ་ཐོན་དུས་རིག་དཔལ་དང་ཁོའི་ནམ་རྒྱུན་འུར་རྒྱག་རོགས་ཀྱི་རོགས་པ་འགས་གཞུང་རྒྱུགས་མ་འཕྲོད་པར་ཇ་གཡོག་ལ་བཞག་སོང་། ཚང་མས་རིག་དཔལ་དང་རོགས་པ་ཚོ་ལ་མཆུ་སྟོན་བྱས་ཏེ་ཤབ་ཤུབ་མང་པོ་སྨྲ། ཁོར་ཡུག་གི་གནོན་ཤུགས་ལྗིད་ཅིང་དགའ་ཕྱོགས་ཀྱི་ཚོར་བ་བཙན་པོ་གཉིས་ཀྱི་ངར་ཁའི་མ་བཟོད་པར། ཉི་མ་རི་རྩེ་ན་ལམ་ལམ་བྱེད་པའི་དགུང་མོ་ཞིག་ལ། རིག་དཔལ་གྱིས་ཁུག་མ་ཆུང་ཆུང་ཞིག་ཁུར་ནས་ཨ་མདོ་རྔ་བའི་ཕྱོགས་སུ་འགྲོ་བའི་རླངས་འཁོར་ཞིག་ལ་བསྡད་ནས་ཕ་ཡུལ་དང་ཁ་གྱེས་སོང་། སྐབས་དེར་ཁོ་རང་ལོ་བཅུ་བཞི་ཡིན། ཁོའི་ལག་ཏུ་དགོན་པའི་འདོན་ཡོན་གསོག་པའི་སྒོར་རྡོག་སུམ་བརྒྱ་ཙམ་ལས་ཅི་ཡང་མེད། ཉིན་གཉིས་ཀྱི་རྗེས་སུ་ཁོ་རང་ཁྲིན་ཏུའུ་ལྷ་ཡི་གྲོང་ཁྱེར་དུ་འབོད་པའི་གྲོང་ཁྱེར་ལ་ཐོན་ཞིང་སྐབས་དེར་ཁོ་ལ་ཁྲིན་ཏུའུ་ན་ངོ་ཤེས་གཅིག་ཀྱང་མེད། ཁོ་རང་བོད་ཁྲོམ་དུ་སླེབས་དུས་མགྲོན་བདག་མ་མང་པོས་རྩོད་ལེན་བྱས་ཏེ་མགྲོན་ཁང་ཨེ་དགོས་ཟེར་ནས་ཁྲིད། ཁོ་རང་ལོ་ན་ཆུང་བས་ཅུང་ཙམ་སྐྲག་སྣང་དང་བཅས་ཁམས་ཟ་མ་རྒས་པ་ཞིག་གི་མགྲོན་ཁང་དུ་སྒོར་བཅོ་ལྔ་སྦྱིན་ནས་བསྡད། མོས་ཁྱོད་ཅི་ལ་ཡོང་བ་ཡིན་རོགས་པ་མེད་ན་དཀའ་རབ་སོགས་བཤད། ཁོས་སེམས་ལ་ཧ་ཅང་བདེན་གི་འདོད་མོད་ཕྱི་ཚུལ་ནས་མི་སྐྲག་པའི་ཚུལ་ཏུ་བསྡད། ཉིན་དེ་ནས་རིག་དཔལ་ལ་ས་མཐའི་སྐྱོ་གདུང་གི་ཚོར་སྣང་གིས་སྟེར་བའི་སྙན་ངག་མང་པོ་ཡང་ཚོད་ཚོད་ལ་བཞུར་ནས་ཡོང་། ཕྱི་ཉིན་ཞིག་ལ་གནས་དེའི་དཔེ་ཁང་ཞིག་གི་ལས་མི་བསྡུ་བའི་བརྡ་ཁྱབ་ཅིག་བཟུང་ནས་ཁྱིམ་ལ་ཐོན། སྦྱིན་བདག་མའི་ཁ་པར་གཡར་ནས་དེ་གར་ཁ་པར་ཞིག་བཏང་ནས་ཕྱི་ཉིན་ངོ་ཐུག་རྒྱུ་བྱས། ཕྱི་ཉིན་ལྷོ་ནུབ་དཔེ་ཁང་གི་མདུན་དུ་ཅུང་ཙམ་བསྒུག་རྗེས་ལོ་ན་བཞི་བཅུ་ཡས་མས་ཅན་གྱི་མི་ཕོ་གྲ་དག་ཅིག་སླེབས་སོང་ལ་ཕར་བལྟས་ཚོད་ལ་རང་བཞིན་གྱི་མི་ཞིག་མིན་པ་ཤེས་ཐུབ། ཐག་ཉེ་སའི་ཇ་ཁང་ཞིག་ལ་ཁྲིད་ནས་ཁ་བརྡ་བྱེད་མགོ་བརྩམས།  མི་ཕོ་དེས་ཡ་དང་པོ་ཁྱོད་ཀྱི་ལོ་རྒྱུས་ཤིག་ཤོད་དང་ཟེར་ནས་ལྷོད་འཇགས་ངང་བསྡད་འདུག   རིག་དཔལ་ནི་ཚབ་ཚུབ་ངང་རང་ཉིད་ཁྲིན་ཏུའུ་ལ་ཡོང་ཚུལ་ཙམ་ལས་ལོ་རྒྱུས་ཟེར་བ་མང་པོ་ཞིག་བཤད་རྒྱུ་མ་རྙེད། ཁོ་ན་རེ་ཁྱོད་ཀྱིས་ཅི་ཞིག་ཤེས་ལས་རིགས་འདི་ལ་སུམ་རྟགས་དག་གསུམ་དང་ཡི་གེ་གཏག་རྒྱུ་ཙམ་མ་མཐའ་ཡང་ཤེས་དགོས་པ་རེད་གོ་ཟེར་ནས་ཅུང་ཙམ་དགོད་པར་བྱེད། ཧུ་ཧུ་ཅུང་ཙམ་ཞིག་ཤེས་ཞེས་ལན་བཏབ་མོད། དོན་ངོ་མར་ཁོ་བོའི་སེམས་སུ་རང་ཉིད་ལས་ཀ་དེ་འདྲ་འཚོལ་མཁན་ཞིག་ལ་མི་འཚམ་པའི་ཚོར་སྣང་བྱུང་། ཅུང་ཙམ་ནས་ཡ་ད་ང་འགྲོ་དགོས། སང་ཉིན་གཟའ་ཉི་མ་རེད་གནང་ཉིན་ཁྱོད་འདིར་ཤོག་དང་ལས་ཀ་ལ་ཚོད་ལྟ་རེ་བྱེད་དུ་འཇུག་ཟེར་ནས་ལག་ཏུ་ས་གནས་ཤིག་གི་མིང་བྱང་བཞག་སོང་། ཕྱིར་ཡོང་ནས་ཨ་ནེ་རྒན་མོ་ལ་ཁོ་བོར་ལས་ཀ་ཞིག་སྤྲད་ཟེར་ཀི་ཅེས་བཤད་ནས་གུང་ཟས་ཀྱང་དེ་ཚང་ནས་ཟོས། ཕྱི་ཉིན་གླ་བྱེད་རླངས་འཁོར་ཞིག་ལ་བསྡད་ནས་མིང་བྱང་སྟེང་གི་ས་དེར་སོང་།དེ་ནི་རང་ཉིད་སྡོད་ས་དང་ལེ་དབར་གསུམ་བཞི་ཙམ་ལས་མེད་ཀྱང་འགྲོ་ལུགས་སོགས་གཞི་ནས་ཧ་གོ་མ་སོང་། ཟླ་ངོ་ཁ་ཤས་ལ་དེ་གར་ཡིག་གཏག་གི་ལས་ཀ་ལས་བ་མ་ཟད།རང་ལ་དབང་བའི་བྱ་བ་ཞིག་རྙེད་སོང་བསམ་ནས་སེམས་པ་ཡང་ཧ་ཅང་སྐྱིད་པོ་ཞིག་བྱུང་། དེའི་ཕྱི་ཉིན་ཞིག་ལ་ལས་གྲོགས་ཤིག་གི་ཁ་པར་བཀོལ་ནས་ཕ་ཡུལ་ལ་ཁ་པར་ཞིག་ཀྱང་བཏང་། སྐབས་དེར་ཁ་པར་གཏོང་ས་ནི་སློབ་གྲོགས་དྲི་མེད་རེད། རང་གི་གནས་ཚུལ་རགས་ཙམ་བཤད་ནས་ཕ་མ་སོགས་ལ་སེམས་ཁུར་མ་བྱེད་དང་ཁོ་བོ་བདེ་མོ་ཡིན་ཟེར་ནས་སྐད་ཅིག་བཞག  ཉིན་ཁ་ཤས་འགོར་བའི་ནངས་མོ་ཞིག་ལ་རོགས་པའི་ཁ་པར་ཁྱེར་ནས་ཐོན་བྱུང་ལ་ཁྱོད་བཙལ་གྱིན་འདུག་ཟེར། འོ་རེད། སྐད་གསེང་མཐོ་ལུགས་ལ་ཉན་ན་ཁོ་བོའི་ཕ་རྒན་ཡིན་པ་ཚོར་ཐུབ། ཉན་པ་ན་ཁྱོད་དགོན་པ་ནས་ཡག་པོ་མི་འདུག་པར་འདི་ལྟར་བྲོས་སོང་ནས་ཟེར་ཏེ་ཤར་གཅིག་འཛིང་སོང་ལ། ཡང་ཁྱོད་རྙེད་པས་དགའ་སོང་ཟེར་ནས་ངུ་བཤད་འདྲ་ཞིག་ཀྱང་ཤོར། ཡ་ད་ཁྱོད་ནམ་ཡར་ཡོང་ནི་ཡིན་མི་ཡོང་ན་ཁོ་རྗེས་ལ་ཡོང་ནི་ཡིན་ཟེར། ཁོ་བོས་ཧ་ཅང་སྐྱིད་ཀི་ཡོད་རབ་དང་མི་རིང་བར་ཡར་ཡོང་ཟེར་ནས་ཁ་པར་འཇོག་ཐབས་བྱས། ཡི་གེ་གཏག་རྒྱུ་ལ་བྱང་ཆ་སོང་བས་ལས་ཀ་ཡང་ཇེ་ཡང་རེད། ལས་ཞོར་དུ་སྙན་ངག་འགའ་རེ་བྲིས་ནས་དུས་དེབ་དང་དྲ་ཚིགས་སོ་སོར་བསྐུར། ལོ་དེའི་ལོ་མཇུག་ཙམ་ལ་ཁོ་བོའི་སྙན་ངག་འགའ་དུས་དེབ་ཅུང་ཆེ་ཤོས་ཤིག་ཏུ་བཀོད་འདུག་ལ། རོགས་པ་འགས་ཀྱང་ཁ་པར་ལམ་ནས་རྟེན་འབྲེལ་ཞུས་སོང་བས་དགའ་སྤྲོ་ཡི་ཀློང་དུ་རེ་ཞིག་བཟི། འདི་ལྟར་ལོ་ཟླའི་ཆུ་བོ་མར་མར་བཞུར་བའི་ཁྲོད་དུ་གྲྭ་ཆུང་རིག་དཔལ་ནི་སྙན་ངག་གི་བསླུ་བྲུད་ཀྱིས་ཁྲིད་ནས་དགོན་སྡེའི་ལྷིང་འཇགས་ལ་གྱེས་ཏེ་གྲོང་ཁྱེར་གྱི་འུར་ཟིང་ལ་འཐབ་ནས་ཏག་ཏག་མི་ལོ་གཅིག་འགོར་ལ་རེེད། ཉིན་ཞིག་ལས་མཚམས་བཞག་ནས་ཅུང་ཙམ་རྗེས་ལ་ལྷག་སོང་ལ་མགོ་བ་ཚེ་བཀྲ་ཡང་གཞུང་ལས་ཁང་ནས་སྒོར་འབུད་པ་དང་འཕྲད་སོང་། ཁོའི་རླངས་འཁོར་ལ་བསྡས་ནས་ཡོང་སྐབས་རིག་དཔལ་ཁྱོད་ཀྱིས་སྙན་ཡག་པོ་འབྲི་གི་ཟེར་ག་མང་པོ་བྲིས་ཨེ་ཡོད་ཅེས་དྲིས་སོང་། ཁོ་བོ་སྙན་ངག་ལ་ཧ་ཅང་དགའ་རབ་སོགས་བཤད་ནས་ཡོང་། ཕྱི་ཉིན་གཞུང་ལས་ཁང་དུ་ཡིག་ཚགས་ཞིག་སྤྲད་སར་སོང་སྐབས་ཚེ་བཀྲ་ན་རེ་ཨ་རོ་ཁྱོད་ཀྱིས་སྙན་ངག་གི་དེབ་ཅིག་ཕུད་འདོད་ན་གྲ་སྒྲིག་བྱོས་དང་དཔལ་འབྱོརགྱི་རོགས་ངས་བྱེད་ཆོག་ཟེར། ཡ་ཡ་བཀའ་དྲིན་ཆེ་ཟེར་ནས་དགའ་སྤྲོ་དང་བཅས་ཕྱིར་ཡོང་། ཉིན་དེ་ནས་ལས་ཀའི་བར་གསེང་ནས་སྙན་ངག་དག་ལ་ཞུ་དག་བྱས་ཏེ་སྙན་དེབ་བཟོ་བའི་ལྟ་གོན་བྱས། ཕྱི་ལོའི་དབྱར་མགོ་ཙམ་ལ་སྙན་དེབ་ཆུང་ཆུང་སྤུས་དག་ཅིག་མི་ཡུལ་ལ་འཁྲུངས་ནས་ལས་མི་ཚོ་དང་མཉམ་དུ་མཛད་སྒོ་སྟབས་བདེ་ཞིག་ཀྱང་སྤེལ།
 

ལོ་ཟླ་ནི་ཆུ་བོ་བཞིན་ག་ལེར་བཞུར་འགྲོ་གིན་འདུག་ལ་རིག་དཔལ་གྱི་དྲན་འཛིན་ངོས་སུ་དྲན་གདུང་གི་ན་བུན་ཞིག་གར་ཡོང་འདིར་ཡོང་མེད་པར་སྐབས་སྐབས་སུ་འཁོར་གྱིན་འདུག་ལ། དེ་དང་མཉམ་དུ་དྲིན་ཕ་ལོའི་བཤད་པའི་སྐད་ཆ་རེ་ཡང་ནང་སེམས་ཀྱི་ཟབ་ས་ནས་དྲན་གྱིན་འདུག་པས། རིག་དཔལ་གྱི་ཟླ་གཅིག་གི་གནང་བ་ཞུས་ནས་ཕ་ཡུལ་ཕྱོགས་སུ་འགྲོ་མགོ་བརྩམས། རླངས་འཁོར་ས་ཚིགས་སུ་སླེབས་མ་ཐག་རང་དང་རི་སྡེ་གཅིག་པའི་ཕུར་ནག་སོགས་མི་ལྔ་དྲུག་ཞིག་ལ་ཐུག་སོང་ལ་ཁོ་ཚོས་ནད་པ་ཞིག་ཁྱེར་ནས་ཡོང་ཡོད་འདུག། དེ་ཚོར་རོགས་པ་བྱས་ཏེ་དཔའ་ཤིས་སྨན་ཁང་དུ་བསྐྱལ་ནས་ཉིན་དེར་འགྲོ་རྒྱུ་མ་བྱུང་། ཕྱི་ཉིན་ཞོགས་པའི་སྐྱ་རེངས་དང་ལྷན་དུ་ཕ་ཡུལ་ཕྱོགས་སུ་བསྐྱོད། དབྱར་གཞུང་གི་མེ་ཏོག་ཁྲོད་ན་ཁོ་བོའི་བྱིས་དུས་ཀྱི་རྨི་ལམ་དང་བརྩེ་བ་ཡོད་པས་རིག་དཔལ་ནི་རྩྭ་ཐང་དང་སྤྲིན་དཀར་ནོར་གནག་སོགས་ལ་ཇེ་ཉེར་སོང་བ་དང་ལྷད་མེད་དྭངས་གཙང་གི་སེམས་པ་དགའ་སྤྲོའི་ཀློང་དུ་འཁྱམས་ཏེ་ཨ་མདོ་རྔ་བའི་འཁོར་ཚིགས་སུ་ཇི་ལྟར་ཐོན་པ་ཧ་མ་གོ་བར་སླེབས་འདུག།  དེ་མུར་ཕ་ཡུལ་ཕྱོགས་སུ་འགྲོ་བའི་འབྲོག་པའི་རླངས་འཁོར་ཞིག་ཏུ་བསྡད་ནས་ལམ་ལ་ཆས། ལམ་འགྲམ་ལ་འཁོར་བའི་མིག་ཞགས་ཁྲོད་ན་སྦྲ་ནག་དང་རྟ་ནོར་ལུག་གསུམ་ལ་འགྲོགས་པའི་འབྲོག་པའི་འཚོ་བར་སྤྲོ་སྣང་དང་ཡིད་སྨོན་འཆོར་བཞིན་རང་ཁྱིམ་དུ་སླེབས། ཉིན་འགའི་རྗེས་སུ་འཕྲུལ་རྟ་ཞོན་པའི་གྲྭ་པ་གཉིས་ཀྱིས་ལམ་འགྲམ་ན་འབོད་ཀྱིན་འདུག་ལ། རིག་དཔལ་མར་སོང་བ་ན་སྔར་དགོན་པར་ཐན་ལྟས་ཀྱི་དཔེ་དེབ་ཀློག་རོགས་དྲི་མེད་དང་བྱམས་པ་གཉིས་རེད། ཁོ་གཉིས་ཀྱིས་ཁྱོད་ཐོན་ཡོད་པ་གོ་ནས་དབྱར་བྱིན་རླབས་བྱས་ཏེ་ཡོང་བ་ཡིན་ཟེར།  ཡར་ཁྱིམ་ལ་འགྲོ་ཁ་མ་ཉན་པར་ལམ་འགྲམ་དེར་བསྡད། རིག་དཔལ་སོང་བའི་གོ་རིམ་ཆ་ཚང་ཞིག་ལབ་ཞོར་འུར་ཞོག་རེ་རྒྱག་ནས་ཕྱི་དྲོའི་བར་དུ་ལྷག་སོང་། རིག་དཔལ་གྱིས་ཁོ་གཉིས་ལ་སྙན་དེབ་རེ་་ལེགས་སྐྱེས་སུ་སྦྱིན། དེ་ནས་ཁོ་གཉིས་ཡར་དགོན་པར་བུད་སོང་ལ་རིག་དཔལ་མར་མ་སོང་སྔོན་ལ་དགོན་པར་ཡོང་རྒྱུ་ཁས་བླངས། ཉིན་འགའི་རྗེས་སུ་རིག་དཔལ་དགོན་པར་འགྲོ་སྐབས་ལམ་བར་དུ་བསམ་པར་སྔར་ཁོ་བོས་དགོན་པར་གནང་ཞུ་སོགས་མ་བྱས་པར་ཐད་གར་བུད་སོང་བས་དགོན་དཔོན་དང་དགེ་བསྐོས་སོགས་སྤོ་ལངས་ཡོད་ན་ཡང་ཐང་ཆད་པ་རེ་ཡང་གཅོད་ན་ཐང་སྙམ་ནས་ཅུང་སྐྲག་སྣང་དང་བཅས་ཇི་ལྟར་བྱས་ཀྱང་ད་ལན་འཁུར་དགོས་སྙམ་བཞིན་དགོན་ནང་དུ་ཐོན། དགེ་རྒན་ཚང་གི་མདུན་དུ་འགྲོ་མ་ཕོད་པར་དྲི་མེད་ཀྱི་ནང་དུ་བསྡད། དགོན་པས་གྲྭ་བ་ཚོས་ཀྱང་རིག་དཔལ་ཐོན་འདུག་ཟེར་ནས་མཚར་མཚར་ངང་འགྲོ་ཞོར་ལ་ལྟ་ཙམ་རེ་བྱས་ནས་འགྲོ། ཕྱི་དྲོ་ལམ་ཁ་ཞིག་ནས་སྔར་གྱི་དགེ་བསྐོས་ཚང་ལ་ཐུག་པ་དང་ཁོ་དང་མཉམ་དུ་གྲྭ་བ་བཞི་ལྔ་ཞིག་ཡོད་ལ་ཁོས་རིག་དཔལ་ཐོན་བཏང་ནས་གང་ལ་སོང་ནི་སྐྱིད་པོ་ཨེ་བྱུང་ཟེར་ནས་དགོད་ཙམ་བྱེད། ཁོ་བོས་ཀྱང་ཁ་མཚར་ཞིག་ཡིད་ལ་འཁོར་ནས་ང་ནི་ཐན་ལྟས་ཀྱིས་ཁྲིད་ནས་རྒྱང་རིང་ཞིག་ལ་སོང་ནི་ཅེས་འཛུམ་ཙམ་བྱས། དེ་ནས་དགེ་བསྐོས་རྙིང་བ་ཚང་ཅུང་ཙམ་སྟབས་མ་བདེ་བར་ངས་ཁྱོད་ལ་བརྡུང་བ་སེམས་ལ་བཟུང་མེད་ད་མ་གནོད་ཨ་ཟེར་ཞོར་ཁོ་ཚོ་ཡར་ལ་སོང་། རིག་དཔལ་ནི་སྔར་བཞིན་ཆོས་ར་ལ་འགྲོ་བར་ཧ་ཅང་དགའ་བས་ཕྱི་དྲོ་ཆོས་རར་སོང་། རོགས་པ་ཚོས་ཁྲོད་དུ་དམ་བཅའ་རེ་བཟུང་ཡང་ད་ནི་གཞི་ནས་རིག་ལམ་གྱི་འགྲོས་ཙམ་ལས་དམིགས་བསལ་གྱི་དམ་བཅའ་མ་ནུས། དེ་གར་དགོན་དཔོན་དང་དགེ་བསྐོས་གསར་པ་སོགས་ལ་ཐུག་མོད་རིག་དཔལ་ཐོན་ཡོད་ནས་ཟེར་བ་ཙམ་ལས་བཟང་ངན་གང་ཡང་མ་གསུངས། མཚན་མོ་དེར་གྲྭ་གཞོན་མང་པོ་དྲི་མེད་ཚང་ལ་འདུས་ཏེ་སྙན་ངག་སྐོར་ནས་ཁ་བརྡ་མང་པོ་བྱས། ལྷག་པར་རིག་དཔལ་གྱིས་ཁོ་ཚོར་སྙན་ངག་གསར་མའི་ལྟ་གྲུབ་སོགས་བཤད་ནས་ཧང་སང་བར་བྱས་ལ། དེའི་མཚུངས་སུ་སྙན་ངག་གསར་མ་ལ་སྦྱང་དགོས་ཟེར་ནས་གྲྭ་གཞོན་ཚོས་རྨི་ལམ་ལ་ཤར་མ་མྱོང་བ་མང་ཙམ་གླེང་། རིག་དཔལ་གྱིས་ཁོ་ཚོར་སྒེར་གྱི་སྙན་དེབ་རེ་སྦྱིན། ཁོ་ཚོས་ཀྱང་ང་ཚོའི་དགོན་པར་དེབ་ཕུད་མཁན་ཐོག་མ་ཁྱོད་རེད་ངོ་མ་ཡིད་སྨོན་འཆོར་ས་རེད་ཟེར་ནས་སྟོད་ར་ཡང་འཐེན། ཕྱི་ཉིན་དྲི་མེད་ནང་འཚོགས་ལ་སོང་ནས་ཐོན་དུས་རིག་དཔལ་ད་དུང་གཉིད་ཀྱི་གཏིང་དུ་ཡལ་འདུག་མོད། དེ་མུར་བོས་ནས་ཁྱོད་ལ་དགོན་བདག་ཚང་གིས་ཁོང་གི་མདུན་དུ་ཤོག་ཟེར་གི་ཅེས་ལམ་ལ་ཕུད། རིག་དཔལ་གྱིས་བསམ་པར་ཡ་ད་ཚར་སོང་། ད་ནི་ཆད་པ་གཅོད་རྒྱུ་ལས་དགོན་བདག་ངེད་གཉིས་བར་ན་དོན་ཅི་ཡོད་ད་ནི་ཚར་སོང་སྙམ་ནས་ཡར་ཡར་སོང་། མདུན་འདུག་པས་ཅུང་ཙམ་ལ་སྒུག་ཟེར་ནས་ཡང་ནང་ལ་བུད་སོང་། རིག་དཔལ་གྱི་ཁ་བཏགས་ཉིན་མོ་བདེ་ལེགས་ཤིག་བཟུང་ནས་དགོན་དཔོན་གྱི་མདུན་དུ་གཅར། ཁོང་གིས་ཞལ་ཏ་མང་ཙམ་བྱས་རྗེས་རིག་དཔལ་ཁྱོད་ཀྱིས་རྗེས་མར་དགོན་པར་དཔེ་སྒྲིག་ཁང་ཡག་པོ་ཞིག་གི་ལས་ཀའི་འགན་ཁུར་དགོས། ཅི་མགྱོགས་ཀྱིས་དཔེ་སྒྲིག་ཁང་འཛུགས་རྒྱུ་ཡིན་དེ་དུས་ཁྱོད་ཐོན་དགོས་ནི་རེད་ཟེར་ནས་སྒོར་ལྔ་བརྒྱ་སྦྱིན་སོང་། རིག་དཔལ་ཕྱིར་ལ་ཡོང་སྐབས་ངུ་ཤུམ་ཞིག་ཀྱང་ཤོར། ཁོ་བོས་དགོན་དཔོན་གྱི་ཐུགས་དཀྲུག་ནས་ལོ་ངོ་གསུམ་བཞི་ཞིག་ལ་དགོན་པའི་འཚོགས་དང་ཆོས་ར་བཅད་ནས་སོང་ཡང་ཆད་པ་མ་བཅད་པར་མ་ཟད་སྒོར་མོ་ཡང་སྟེར་སོང་། ད་ནི་ཁོ་བོའི་སྟེང་དུ་འཇོན་ནུས་གཞན་མེད་མོད་དགོན་པའི་དཔེ་སྒྲིག་ཁང་ལ་ལས་ཀ་ཡག་པོ་སྒྲུབ་དགོས་སྙམ་བཞིན་ཕྱིར་ཐོན། དྲི་མེད་དང་བྱམས་པ་གཉིས་ཀྱིས་ཀྱང་ནང་ཇ་མེ་ཁོག་ཅིག་བསྐོལ་འདུག་པས་ཁོ་གསུམ་གྱིས་མི་ཚེའི་སྒང་ལ་ཕྱིར་དྲན་ཤོར་སའི་ནང་ཇ་སྐྱིད་པོ་ཞིག་འཐུང་། ཉིན་གསུམ་གྱི་རྗེས་སུ་རིག་དཔལ་སྔར་བཞིན་ཁྲིན་ཏུའུ་ལྷ་ཡི་གྲོང་ཁྱེར་གྱི་ཕྱོགས་སུ་བུད་སོང་ལ། ད་ལན་ནི་དམིགས་ཡུལ་དང་སེམས་དཔང་ཡོད་པའི་རྒྱང་བཞུད་ཀྱི་མལ་འགྲོ་བ་ཞིག་སྟེ། ལམ་བར་དུ་དགོན་དཔོན་གྱི་ཚིག་དེ་ཡིད་ལ་ལྗིད་ཏིག་གེར་ལྷུང་འདུག  རིག་དཔལ་གྱིས་ཡིག་གཏག་ཤག་ཆུང་ལ་རྡུལ་ཕྱག་ཅིག་བརྒྱབ་རྗེས་ཕྱིར་དྲན་གྱི་ཀློང་ནས་ཟད་བྱུང་ངོ་།།

                                        2018  10  22 མཇུག་གྲུབ།
                                        
རྩོམ་སྒྲིག་པ། འཕགས་མི།