ནག་པོ།

    རྩོམ་པ་པོ། གཡུ་རྔོག་ལུང་རྟོགས།

         
                             ནག་པོ།
སྒྲུང་ཐུང་།
                                          གཡུ་རྔོག་ལུང་རྟོགས། 

                        
    དེང་སང་ཧ་ཅང་དར་ཁྱབ་ཆེ་བའི་གླང་རྫིའི་དོར་མ་སྐྱ་བོ་པུས་མོའི་སྟེང་བསམ་གཟེས་ཏེ་ཐེད་པོར་བྱས་པ་ཞིག་གི་རྐང་ཤག་གཡོན་པ་ཡར་བརྫིས་ཤིང་། F4རྟགས་ཅན་གྱི་ནང་ལྭ་ནག་པོ་ཞིག་གི་གོང་ཁར་ཉི་འོད་འགོག་པའི་ཤེལ་མིག་ནག་པོ་སྟོབས་ཆེན་ཞིག་དཔྱངས། 
ཕྱིང་ཞྭ་རྙིང་བ་སྟེང་དུ་ཚི་སྟིག་སེ་ཡོད་པ་ཞིག་གྱོན་ཏེ་ནམ་རྒྱུན་མན་ཐའོ་ལིན(曼陀林)དཀྲོལ་བའི་མཚམས་རེར་སྤྲོ་སྣང་རིང་ལུགས་པ་ཞིག་གི་ཟོལ་བཏོད་ཅིང་། ལན་རེར་སྐྱོ་སྣང་རིང་ལུགས་པ་ཞིག་གི་ཚུགས་ག་སྟོན་པའི་གསར་བུ་ནག་པོ་དེའི་མིང་ལ་ནག་པོ་ཟེར་ཞིང་། དེ་ནི་མཚང་མིང་ནས་པུར་མིང་དུ་ཆགས་པའི་ཐ་སྙད་ཅིག་གི་གོ་ཐོབ་དང་མི་བུ་ཞིག་གི་སེམས་ཁམས་དང་མཛེས་རྩལ་ལྟ་ཚུལ་གྱི་གོ་རིམ་ཁྲོད་ཀྱི་འོད་སྣང་ཅིག་གི་འཕྲོ་སྟངས་ངོ་མ་དེའོ།།
 
མདང་དགོང་མཚན་གང་བོར་རི་ངོགས་འདིར་ཆར་བ་ཤུགས་འབབ་བྱས་པས་ཁོ་རང་གཉིད་སྐྱིད་པོ་ཞིག་གཏན་ནས་མ་བྱུང་། དེ་བས། ཁོས་རང་ཉིད་ཁོ་ན་ལ་དུས་སྐད་ཅིག་གཅིག་རེ་ལས་མི་དབང་བའི་རྟོག་དཔྱོད་ཀྱི་སྣུམ་སྒོ་འབྱེད་དེ་ཕྱིར་དྲན་དང་བསམ་གཞིགས་ཀྱི་རྒྱང་བསྐྱོད་བྱས། ད་ནངས་སྔ་མོ་རི་ངོགས་འདིའི་རོལ་དབྱངས་ཀྱི་རྒྱ་མཚོ་ལྟ་བུའི་བྱ་བྱེའུ་སྣ་ཚོགས་ཀྱི་འགྱུར་ཁུགས་མཉམ་སྒྲོག་བྱེད་དུས་ད་གཟོད་ཁོས་རང་ཉིད་ཀྱིས་མཚན་ཞག་གང་བོར་རྫི་མ་ཁ་མ་བཙུམ་པ་ཤེས་པ་རེད།
 
དེ་ནས་ཁོས་ནམ་རྒྱུན་མན་ཐའོ་ལིན་དང་མཉམ་ཏུ་ས་གོམ་པ་གང་ལ་འགྲོ་ནའང་ཁྱེར་ནས་འགྲོ་བའི《སྙིང་མའི་ཞལ་འདོན་ཕྱོགས་བསྒྲིགས》ཁ་ཕྱེས་ཏེ་ལག་པ་གཉིས་ཐལ་མོ་སྦྱར་ཞིང་ཁ་མུག་མུག་དང་མིག་བཙུམ་བཙུམ་བྱས་ཏེ་ཡུན་རིང་ཁ་བཏོན་བྱས་པ་རེད།
 
དབྱངས་ཅན་མའི་དོད་དུ་ཉར་བའི་མཁའ་འགྲོ་མ་གང་གི་འདྲ་པར་ཚོན་གང་མ་དེ་ནི་ཁོའི་དངོས་གྲུབ་ཞུ་ས་དང་སྙན་ངག་སློང་སའི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་གཅིག་པུ་དེ་ཡིན་པ་ཁོ་རང་ཉིད་ལས་གཞན་མི་ག་ཚོད་ཀྱིས་ཤེས་སམ། དེ་ནི་ད་གཟོད་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་སྤྱན་ཤེལ་མནབས་པའི་སྐྱེས་བུ་དམ་པ་ཞིག་ཁོ་ནའི་གཞལ་བྱ་ཡིན་ནའང་ཐང་། འོན་ཏེ། མ་གཞི་ཁོ་ནི་ཁོར་ཡུག་གི་མི་སུས་ཀྱང་དང་ལེན་བྱེད་མི་ཐུབ་པའི་སྣ་མང་ཤེས་ཡོན་པ་ཞིག་ཡིན་པ་ང་ཚོས་རྗེས་དཔག་གི་རིགས་པ་ལ་བརྟེན་ནས་ག་ལེར་རྟོགས་ཐུབ་བོ།།
  
ནག་པོའི་བློར་འཛོན་གྱི་ནུས་པ་ནི་མི་ཕལ་བ་དག་ཧ་ལས་ཤིང་ཧོན་འཐོར་ཏུ་འཇུག་པའི་རྦ་རླབས་ཤིག་གི་བརྡབ་གསིག་ཡིན། ཁོ་རང་ལོ་ཆུང་དུས་སྔགས་མང་ཕུར་ཐོགས་སྟོང་གི་ན་གཞོན་སྔགས་ཕྲུག་དག་གི་གྲས་སུ《ཡོན་ཏན་མཛོད》ཆ་ཚང་བློར་རྒྱུགས་སུ་སྤྲད་ཉིན་དེ་ནས་ཁོ་རང་ཁོ་རང་ཉིད་ལའང་ཧ་ལས་སོང་། རྒྱུ་མཚན་ཁོས་ཉིན་བཅོ་ལྔའི་ནང《ཡོན་ཏན་མཛོད》ཆ་ཚང་བློར་ཆགས་ཐོགས་མེད་པར་ཟིན་པས་སོ།། 
 
ལྷག་པར་ཏུ་ཡུལ་འདིའི་རིག་འཛིན་པུར་ཐོགས་ཡོངས་ཀྱི་རྡོ་རྗེ་སློབ་དཔོན་སྔགས་འཆང་མཁས་དབང་ཆེན་མོHཧེ་རུ་ཀ་ཚང་གིས་ཀྱང་ཚོགས་པ་སྟོང་ཕྲག་གི་གྲས་སུ་བསྟོད་པ་དང་སྐུལ་ལྕགས་བྱས་མྱོང་བ་ནི་ཀུན་ལ་མིག་མདུན་གྱི་རི་མོ་ཡིན་ནོ།། དེ་བས་ཁོའི་ཡིད་འཛིན་ཀྱང་ཧ་ཅང་བཟང་། 
 
མིའི་མདུན་ལམ་ནི་མཚམས་ལན་རེར་གཏམ་རྒྱུད་རྡོག་གཅིག་གིས་ཀྱང་བསྒྱུར་ཐུབ་ལ། ཐ་ན་རྣམ་འགྱུར་སྟོན་ལུགས་ཤིག་གིས་ཀྱང་བསྒྱུར་ཐུབ་པ་ནི་དངོས་གནས་གཏན་ཚུགས་མི་རྙེད་པའི་གསང་བ་ཞིག་མ་ཡིན་ནམ། 
ནག་པོ་ཡང་སློབ་འབྲིང་དུ་ཡོད་སྐབས་ཀྱི་ཉིན་ཞིག་ཁོའི་སློབ་གྲོགས་འབྲུག་ལྷ་མཁར་གྱི་པཱ་ལགས་ཀྱི་སྣང་བརྙན་དེས་རང་སེམས་སུ་བག་ཆགས་ཟབ་མོ་ཞིག་བཞག དེས་རྐྱེན་བྱས་ཏེ་ཁོ་རང་བློ་ཐག་རྦད་ཆོད་ཀྱིས་སློབ་གྲྭར་འགྲོ་མཚམས་བཞག་སྟེ་ཕ་མ་དང་དགེ་རྒན། ཕུ་ནུ་མིང་སྲིང་། སྙིང་ཉེ་བའི་འབྲོག་མོ་གཞོན་ནུ་མ་ཞིག་གི་བརྩེ་བ་བཅས་ཅི་ལ་མ་ཉན་ཞིང་སུ་ལ་མ་བསྟུན་པར་ཡོད་ཚད་ཆུ་ལ་བསྐྱུར་ཏེ། རྗེས་ཆགས་མཁའ་འགྲོའི་འདུ་གནས་གསང་སྔགས་དར་རྒྱས་གླིང་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་རྟེན་ཏུ་བསྒྲུབས་ཏེ་ལོ་ངོ་ལྔའི་རིང་སྔ་འགྱུར་རྙིང་མའི་གཞུང་ལུགས་དག་གཙོར་བྱས་པའི་མདོ་སྔགས་རིག་གཞུང་ལ་ཐོས་བསམ་འབད་བརྩོན་ཧུར་ཐག་བྱས་པས་གླིང་དེར་སྔགས་ཕྲུག་མཁས་པ་ཞིག་གི་ཆོ་ལོ་རྩོལ་མེད་དུ་མགུལ་བར་དཔྱངས།
 
ཁོ་རང་གིས་གླིང་དེ་ནས་གོམ་པ་གང་ཡང་གཞན་ཏུ་མ་གྱེས་པར་ལོ་ལྔར་སློབ་གཉེར་གནང་སྟེ། མཐར་ཕྱིན་ནས་རང་ཡུལ་ཏུ་ལོག་ཁའི་མཚན་མོ་དེར། ཁོ་རང་སྤྲོ་སྣང་ཅིག་གིས་བཟི་བར་བྱས་ནས་སྔ་མོ་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམས། དངོས་གནས་རྨི་ལམ་ཡིན་པར་ཁ་ཚོན་གཅོད་དཀའ་རུང་། ཁོའི་མི་ཞིག་མཐོང་བྱུང་། དེ་ནི་ཁོ་མོ་རེད། ཁོ་མོ་ལྕགས་རིའི་ཕྱི་ལོགས་སུ་རང་དབང་གི་ལྷ་མོ་ནང་བཞིན་མཛེས་སྡུག་དང་བརྟན་བརླིང་གིས་འགྲེང་སྟེ་ཁོ་ཡོང་བར་བསྒུག་འདུག དབུ་སྐྲ་རྒྱ་ལྕང་ལོ་མ། སྤྱན་ཟུང་ཐོ་རེངས་དཀར་ཆེན། སྐྱེ་གཟུགས་ཚུགས་དྲུག་སྨྱུག་མ། སྨིན་མ་བྱ་རྒོད་གཤོག་བརྒྱངས།…ཁོ་རང་ཧ་ལས་སོང་། 
ཁོ་མོས་དྲན་གདུང་གི་མཆི་མའི་མི་ཚོགས་ཀྱི་རྦ་རླབས་ལྟ་བུའི་ཀློང་དུ་ཆགས་པའི་ཟུར་མིག་གི་གྲུ་ཆུང་འདར་ཙམ་གཡོ། ཁོ་རང་ངོ་ཅུང་ཙམ་ཚ་སྟེ་བཞལ་བསམ་ནས་ཕྱིར་འཁོར་དུས། ཁོ་མོ་ཏག་ཏག་སྤྲུལ་བསྒྱུར་བྱས་པ་ནང་བཞིན་ཁོའི་མིག་མདུན་དུ་ལངས་འདུག
 
ཁོ་མོས་མིག་གིས་ཕུར་ཚུགས་སུ་ནག་པོ་ཡི་གདོང་དུ་གཏད་ནས། ཐོག་མའི་ཁམས་འདྲི་ཙམ་ཡང་མེད་པར། "ང་རང་ཡེ་ནས་ཁྱེད་དང་བྲལ་མ་མྱོང་མོད། ཁྱོད་ཀྱིས་ཁ་ནས་ང་རང་གླེང་ཙམ་ལས། ཡང་ན་རང་དོན་ཁོ་ནའི་ཆེད་དུ་ང་རང་དྲན་ཙམ་ལས། ནམ་རྒྱུན་ང་རང་ཡ་ཆུང་དཀྱིལ་གྱི་སྐྱེད་ཚལ་ནས་གཅེས་རྟེན་ཏུ་མི་ཉར་བ་ཅིའི་ཕྱིར་ཡིན། 'སྐྱེས་པ་ནི་མ་གཞི་ནས་ཁྲེལ་མེད་རེད'ཅེས་པའི་གློག་བརྙན་གྱི་འཁྲབ་ཚིག་དེ་དག་མ་གཞི་ནས་གནས་ལུགས་ཀྱི་ཟབ་སར་བརྙབ་པའི་གཏམ་ཡིན་འདུག་ཨང་། དཔེར་ན་ཁྱོད་བཞིན།"ཟེར་ཞོར་ཁ་ཕྱིར་འཁོར།
 
ཁོས་དེ་མིན་པའི་ཚུལ་གསལ་བཤད་ཅིག་བྱ་འདོད་དུས་ཁོ་མོ་འཇའ་ཚོན་ལྟ་བུའི་འོད་ཟེར་སྣ་ཚོགས་ཀྱི་གསེབ་ཏུ་བྱ་རྒོད་ནང་བཞིན་གཤོག་པ་བརྐྱངས་པའི་ཟོལ་དུ་ལག་པའི་ཕྱག་རྒྱ་སྣ་ཚོགས་བྱས་ཏེ་སྐད་ཅིག་གི་ཡུན་ཙམ་ལ་མཐོང་ལམ་ནས་བྲལ་བར་གྱུར། ཁོ་རང་དེའི་ཕྱོགས་སུ་ཧད་དེ་མིག་ཆུའི་གཙང་བོ་བྲུག་བྱུང་། སྣ་ཁུང་གཉིས་སུ་སྐྱུར་ཁུ་ཁ་བོ་འདྲ་ཞིག་འཁྱིལ་བས་ད་གཟོད་ཁོ་རང་གཉིད་ལས་སད། སད་དུས་ཁོས་མིག་ཆུའི་སྔས་འགོ་བརླན་འདུག་པར་མ་ཟད། དངོས་གནས་ཁ་ནང་སྣ་ནང་གཉིས་སུ་སྐྱུར་ཁུ་འདྲ་ཞིག་བྲོ་འདུག 
མདང་གདོང་ཡང་གཉིད་མི་ཡོང་བའི་དུས་སྐབས་དང་བསྟུན་ཏེ། ཁོས་ཕྱིར་དྲན་ཁྲོད་ཀྱི་ཡི་དམ་དེའི་ཞལ་མཇལ་ཐེངས་གཅིག་བྱས་པའི་བརྒྱུད་རིམ་ཡང་བསྐྱར་ཐེངས་གཅིག་བསྒོམ་པ་རེད། 
 
 
ལོ་ངོ་བཅུའི་རྗེས་ཀྱི་ཉི་འོད་ཀྱིས་མི་དང་སྲོག་ལྡན་ཀུན་རྡོ་བ་དག་དང་ལྷན་ཏུ་བསྲེགས་ལ་ཉེ་བའི་དབྱར་གཞུང་གི་ཉིན་ཞིག ཁོ་མོ་གློ་བུར་ཏུ་ཕྱིར་ཕ་ཡུལ་ལ་སླེབས་བྱུང་། དེ་ནི་བསམ་ཡུལ་འདས་པའི་དོན་དག་ཅིག་ཡིན་ཏེ། ཁོ་མོའི་ཕ་མ་གཉིས་ཀྱིས་ཀྱང་ཁོ་མོ་འཇིག་རྟེན་དཀར་ངོགས་སུ་ཡོད་པའི་རེ་འདུན་ཆད་པས། དེ་དུས་ནས་ཁོ་མོར་འདས་མོ་ཞིག་ལ་བསྒྲུབ་དགོས་པའི་དགེ་རྫོགས་ཡོད་ཚད་ཨང་དང་པོ་ཞིག་བསྒྲུབས་ཏེ་སོ་སོའི་སེམས་ཀྱི་སྡུག་བསྔལ་ཞི་བར་བྱས་སོ།།
 
ནག་པོ་ཁོ་ནས་ནམ་ཡང་ཁོ་མོ་འཇིག་རྟེན་འདིར་གསོན་ཡོད་པར་ཡིད་ཆེས་ཤིག་བཅངས་ཡོད། དེ་ཡང་ནམ་རྒྱུན་ཁོ་མོར་རྨི་ལམ་ནང་འཕྲད་ཅིང་ཚོར་སྣང་དེ་འདྲ་ཞིག་གི་དབང་གིས་ཁོའི་དེ་འདྲའི་ཡིད་ཆེས་ཤིག་བྱས་པ་རེད། དེ་བས། དོན་དངོས་སུ་ནག་པོ་གསང་སྔགས་དར་རྒྱས་གླིང་ནས་ཕྱིར་ཕ་ཡུལ་ཏུ་ལོག་པའི་ལོ་ངོ་འདི་དག་གི་རིང་ལ་ཁོའི་སེམས་ཁོང་ནས་ནམ་ཡང་ཁོ་མོ་བརྗེད་མ་མྱོང་ལ། ས་ཕྱོགས་གཞན་དང་གཞན་དུ་ཁོ་མོའི་གནས་ཚུལ་ལ་རྒྱུས་ལོན་ཀྱང་མི་དམན་པ་བྱས་ཡོད་ཚོད་འདུག 
 
དེ་ལས་ཀྱང་བསམ་ཡུལ་ལས་འདས་ཤིང་ཡིད་སྐྱོ་བའི་གནས་ཤིག་ནི། ཁོ་མོ་ཕ་ཡུལ་ཏུ་ཕྱིར་ལོག་དུས་ནག་པོ་ཕ་ཡུལ་དང་ཁ་གྱེས་ནས་དབུས་གཙང་ཕྱོགས་སུ་གནས་འགངས་ཆེན་དག་ལ་གནས་འབྲེལ་འཇོག་ཏུ་སོང་ནས་མི་འདུག་པ་དེའོ།།
 
འདི་ནི་ཡུལ་འདིའི་སྐྱེ་བོ་ཕོ་མོ་དག་ལ་མཚོན་ཏེ་བརྗོད་ན། རྒན་རྒྱའི་སྐར་མ་དང་སྨན་འཚོང་ཚེ་སྐྱིད་སོགས་ཀྱི་གཏམ་རྒྱུད་ཐོས་པ་ཙམ་མིན་པར། དོན་དངོས་སུ་མིག་གིས་མཐོང་སར་བཞེངས་བའི་བརྩེ་དུང་གི་སྐྱོ་གར་ཞིག་ཡིན། ཡུལ་མི་རྣམས་ཀྱིས་དེ་འདྲའི་སྐྱོ་གར་འདི་ནམ་ཞིག་ན་ཤེས་ཡོན་པ་ཞིག་གི་སྨྱུག་ཁ་ནས་ཡང་བསྐྱར་བཞེངས་ཏེ་ཚེ་རབས་ནས་ཚེ་རབས་སུ་བརྩེ་དུང་གི་སྐྱོ་གར་འདི་ནུབ་པ་མེད་པར་ཡིད་ཆེས་ཀྱིས་བརྟས་ཡོད།
 
ད་ཐེངས་ཁོ་མོ་ཡུལ་མི་ཀུན་གྱི་མིག་ལམ་ཏུ་མངོན་དུས་དངོས་གནས་འགྱུར་འདུག་སྟེ། དེ་དུས་ཀྱི་མེ་ཏོག་ལྟ་བུའི་བུ་མོ་དེ། ད་ནི་ངོས་མི་ཟིན་པའི་སྤྲང་མོ་ལྟ་བུ་ཞིག་ཏུ་གྱུར་ནས་ཡོད། རྔུལ་ཆུའི་སྦགས་པའི་སྐྲ་ལོ་དང་མགོ་དཀྲིས་ཀྱི་གསེབ་ན་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་དེས་གཞི་ནས་ཡུལ་མི་རྣམས་ལ་ཁོ་མོ་ངོ་སྤྲོད་བྱས་འདུག
 
ལོ་ཟླ་ནི་དུས་ཀྱི་མྱུར་ལམ་སྟེང་ན་ཆུ་བོས་ཁུར་བ་ནང་བཞིན་མར་མར་འབབ་གྱིན་མཆིས། ཁོ་མོ་ཕྱིར་ཐོན་ནའང་། ད་ནི་ནག་པོ་གར་སོང་གར་འདུག་ཙམ་ཡང་མ་གོ་བར་ལོ་ངོ་གསུམ་ཙམ་འགོར་སོང་།
 
ལོ་འདི་དག་གི་རིང་ལ་ནག་པོས་ཨ་སྐྱོ་བ་ཞིག་གི་ཚུལ་གྱིས་དབུས་གཙང་གི་གནས་འགངས་ཆེན་དག་ལ་གནས་འབྲེལ་བྱས་པར་མ་ཟད། ད་ནི་བལ་བོ་དང་འབྲུག་ཡུལ་ཕྱོགས་ཀྱི་གནས་དག་ལའང་ཕལ་ཆེར་གནས་འབྲེལ་བཞག་ཟིན་ལ་ཉེ་བ་ནི། ཁ་སང་སྔ་མོར་ཁོའི་དགེ་རྒན་ཏེHཧེ་རུ་ཀ་ཚང་ལ་སྤྲིངས་བའི་འཕྲིན་ཡིག་ཏུ་གསལ་ལོ།།
 
ད་ལྟའི་དུས་རབས་ལ་མཚོན་ནས་བརྗོད་ན། ནག་པོ་ལྟ་བུ་ནི་མི་ལ་རས་པ་ཞིག་གི་དོད་དུ་བརྩི་བར་འོས་ཏེ། ཆོས་ཕྱིར་དཀའ་བ་སྤྱོད་ཞེས་པ་དཔེ་ཐོག་ནས་བླངས་ཏེ་ལག་ལེན་དུ་འདེབས་ཀྱིན་པས་སོ།། དེ་མིན། ཁ་ནས་རྒྱུ་འབྲས་དང་ཟབ་ཆོས་ཅི་ཙམ་གླེང་བ་དེ་ཙམ་གྱིས་དོན་ལ་རྒྱུ་འབྲས་མི་བརྩི་ལ་དོན་གྱིས་སྟོང་བའི་སྣང་ཚུལ་ཞིག་སྤྱི་ཚོགས་ཀྱི་མིག་མལ་ཏུ་མངོན་བཞིན་ཡོད་པ་མིན་ནམ། འདི་དག་ལ་བསམ་བློ་རེ་བཏང་ན། རང་གཞན་གཉིས་ཀ་ཡིད་སྐྱོ་བའི་གནས་སོ།།
 
ཉེ་ལམ་ཁོ་མོས་བྲིས་པའི་སྙན་ངག"དགེ་མ་ཞིག་གིས་བརྩེ་དུང་གླེང་བ"ཞེས་པའི་ནང་འདི་ལྟར་བརྗོད་ཡོད་དེ།
"བརྩེ་དུང་གིས་བདེ་སྐྱིད་འཛིན་འདོད་པ་ནི་བྱིས་པའི་འཇའ་ཚོན་འཛིན་འདོད་ཀྱི་ཧམ་སེམས་ཏེ
རྟ་དམག་ཁྲི་ཕྲག་གི་བརྗིད་རྔམ་ངོམས་ཀྱང་དམག་རྒྱགས་ཆུད་ཟོས་སུ་བཏང་བའི་ནག་ཉེས་ཤིག་ལས་ཅི་ཡང་མིན
 
བརྩེ་དུང་ཅེས་པ་ནི་ལྷན་འཛོམས་ཀྱིས་གྱེས་བྲལ་ལ་སྨོན་པའི་གནམ་གྱི་གཤོག་པ་ཡིན་ལ
བརྩེ་དུང་ཅེས་པ་ནི་གྱེས་བྲལ་གྱིས་ལྷན་འཛོམས་ལ་རེ་བའི་ས་གཞིའི་མིག་ཆུ་ཡིན
དེ་བས 
བརྩེ་འཛིན་གྱི་རོལ་དབྱངས་ནི་གྲིམ་ལྷོད་རན་པའི་ལྷ་ཡི་ས་ཁི་སིའི་རོལ་དབྱངས་ཁོ་ན་ཡིན་འོས"
 
སྙན་ངག་འདི་ལས་ང་ཚོས་རྣ་བས་ཐོས་ཤིང་མིག་གིས་མཐོང་ལ། ལག་པས་སྙོབ་པ་ནི་"འཇའ་ཚོན"དང“ཧམ་སེམས" རྟ་དམག"དང"དམག་རྒྱགས" "ནག་ཉེས"  བརྩེ་དུང"དང" ལྷན་འཛོམས" "སྨོན་པ"དང"གནམ་གྱི་གཤོག་པ"  "རེ་བ"དང"ས་གཞིའི་མིག་ཆུ" ད་དུང"བརྩེ་འཛིན"དང"རོལ་དབྱངས" "ས་ཁུ་སུ"དང"རོལ་དབྱངས"བཅས་པའི་ཡིད་བརྙན་གྱི་ཚོགས་པ་ཞིག་གིས་གྲུབ་པ་ཡིན་ལ། ཡིད་བརྙན་འདི་དག་ནག་པོ་དང་ཁོ་མོ་གཉིས་ཀྱི་བརྩེ་དུང་ལ་རྒྱུས་ལོན་ཡོད་མཁན་ཞིག་ཡིན་ཚེ། ཁྱད་མཚར་བའི་གློག་གི་ནུས་སྟོབས་ཤིག་ཅི་བཞིན་ཕན་ཚུན་སྦྲེལ་བྱེད་ཀྱི་ཡི་གེ་དང་ཕྲད་རྣམ་དབྱེའི་ཚོགས་པ་དེ་དག་ལ་བརྟེན་ནས་རོལ་དབྱངས་གྲགས་ཤིང་ཚོན་མདོག་བཀྲ་བའི་སྐྱོ་གར་བརྩེ་དུང་གི་བརྙན་ཐུང་ཅིག་མིག་ལམ་དུ་འཆར་ངེས་ལ། དེང་རབས་སྙན་ངག་ལ་རོལ་མྱོང་བྱེད་ཤེས་པའི་ཀློག་མཁན་ཞིག་ཡིན་ཚེ། རྐང་ལག་གཡུག་གཡུག་དང་མཆི་མ་གཙང་ཤོག་ཏུ་བསྒྲིལ་ངེས་སོ།།
 
ལོ་ཟླའི་འཁོར་འགྲོས་ཀྱི་འགུལ་བསྐྱོད་ཆེན་མོའི་ཁྲོད་ན་མི་དང་བཅས་པའི་བྱ་དངོས་མཐའ་དག་ནི་ཧ་ཅང་ཉམ་ཆུང་བ་ཞིག་སྟེ། སྐད་ཅིག་མའི་གློག་འགྱུ་འཁྱུགས་ཐེངས་རེ་ལ་འཕོ་འགྱུར་གྱི་བྱེ་མའི་རྡུལ་འཚུབ་དུ་དཀྲིས་ཤིང་ཤི་གསོན་གྱི་བར་དོ་གཞན་ཞིག་ཏུ་སྐྱེལ་བཞིན་པས་སོ།།
 
ལོ་ངོ་དུ་མའི་རྗེས་ཀྱི་དཔྱིད་རླུང་གཞོན་ནུས་རང་བྱུང་ཁམས་ཀྱི་མཛེས་མའི་མཆུ་སྒྲོས་ལས་སྦྲང་རྩི་གཞིབས་པར་བྲེལ་བའི་སོས་འབུད་སྔ་བའི་དཔྱིད་ཀ་ཞིག་ལ། ནག་པོ་ལྷ་སའི་གནས་ཆེན་གྲགས་ཅན་ཞིག་ཏུ་ངོ་མཚར་བའི་ལྟས་དང་བཅས་སྐུ་གཤེགས་སོ།།
 
དེ་དུས་ཁོའི་མཚམས་ཁང་དུ《ཡོན་ཏན་མཛོད་རྩ་འགྲེལ》ཞིག་དང《དཔལ་སྤྲུལ་སྔོན་འགྲོ》ཞིག ད་དུང་རྒྱུད་སྐུད་ཆད་པའི་མན་ཐའོ་ལིན་ཞིག རྩམ་པ་ཉུང་ཙམ་དང་ཉེར་མཁོའི་ཅ་ལག་ཁ་ཤས་ལས་ཅི་ཡང་མེད་པ་ནི་གནས་ཆེན་དེར་སྒྲུབ་པ་ཚེ་དང་མཉམ་པར་བྱས་ཏེ་ཐར་བ་དོན་གཉེར་གྱི་བློས་འཇིག་རྟེན་གྱི་ལྟོ་གོས་གཏམ་གསུམ་གྱོང་ལ་བསྐུར་བའི་མཚམས་པ་ཉམ་ཆུང་གཡོ་དང་རྫུན་མི་ཤེས་པ་དག་གིས་གླེང་ལ། དེ་དུས་ཏག་ཏག་ནག་པོ་ཕོ་ལོ་བཞི་བཅུ་རེད་ཟེར།
 
"ཁོ་མོ་ནི་ནག་པོ་ལ་མཚོན་ཏེ་བརྗོད་ན་ཐར་བ་བྱང་ཆུབ་བསྒྲུབ་པའི་གྲོགས་བཟང་པོ་ཞིག་ཡིན་པར་སེམས་ཏེ། གལ་ཏེ། ཁོ་མོ་གློ་བུར་ནག་པོའི་འཚོ་བའི་ནང་འཇའ་ལྟར་ཡལ་མེད་ཚེ་ནག་པོས་ཀྱང་རྐྱེན་དེ་ལ་བརྟེན་པའི་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བཅོས་མིན་ཞིག་སྐྱེ་བ་ཁེགས་ཤིང་། བརྒྱ་ལ་དེ་མེད་ཚེ་ནག་པོའི་ཚེ་མཇུག་ལ་དབེན་རིར་སྒྲུབ་པ་ཚེ་དང་སྙོམས་ཐུབ་པའི་ངེས་པ་མེད་ལ། དེ་མེད་པས་ནག་པོ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་མེད་པས་སོ།།" སྐད་ཆ་འདི་ནི་ནག་པོ་འཇིག་རྟེན་མི་ཡུལ་དང་གྱེས་ནས་ཟླ་འགའི་རྗེས་སུ་ཕ་ཡུལ་ཕྱོགས་ཀྱི་ནག་པོའི་དེ་སྔའི་ཆོས་གྲོགས་འཇིགས་བྲལ་ཟེར་བའི་སྔགས་པ་ཞིག་གིས་དགོང་ཁའི་མཚམས་སྤྲིན་གྱི་ཀློང་ལ་ཅེར་ཏེ། གྲོགས་པོ་དྲན་ནས་རང་བྱུང་ཁམས་ལ་ཁེར་ལབ་བྱས་པའོ།།
 
"ནག་པོ་ནི་བལྟས་ཚོད་ལ་སྔགས་ཕྲུག་སྤྱོད་ལོག་ཅིག་ཡིན་ནའང་། ཁོས་དེ་དུས་ཉིན་བཅོ་ལྔའི་ནང་ཡོན་ཏན་མཛོད་ཀྱི་རྩ་བ་ཧྲིལ་པོར་བློར་འཛིན་ཚུལ་དང་། H ཧེ་རུ་ཀ་ཚང་གིས་དེ་ལྟར་བསྟོད་ཚུལ་དང་ཐུགས་བརྩེ་ཚུལ་ལ་བལྟས་ན་རང་ག་བ་ཞིག་མིན་པ་ཁོ་བོས་དེ་དུས་ནས་ཚོད་དཔག་བྱས་ཡོད་ལ། ད་ཆ་ངའི་ཚོད་དཔག་དེ་ལ་རྗེས་འབྲས་དོན་མཐུན་ཞིག་ཡོད་སོང་།"སྐད་ཆ་འདི་ནག་པོའི་མ་ཡུམ་སློབ་གླིང་སྟེ། རྗེས་ཆགས་མཁའ་འགྲོའི་འདུ་གནས་གསང་སྔགས་དར་རྒྱས་གླིང་གི་སྔགས་པ་རྒན་པ་རལ་བ་ལ་སེ་ཐིག་ལྷུང་ཡོད་པ་ཞིག་གིས་འདུ་ཁང་གི་མདུན་དུ་ཉི་མ་ལ་ལྡེ་ནས་བསྡད་ཡོད་པའི་སྔགས་རྒན་དག་ལ་བཤད་པའི་སྐད་ཆ་ཞིག་གོ།
 
"ནག་པོ
ཆང་དང་མན་ཐའོ་ལིན་གྱི་སྨུག་པ་འཐིབས་པའི་ནགས་ཚལ་ཞིག་ན
སྐྲ་ལོ་དང་སྨྲ་ར་ནགས་ཚལ་ལ་བསྲེས་ཏེ་ནགས་ཀྱི་གཅན་གཟན་རྔོན་པའི་མདའ་པ་ཞིག
 
ནག་པོ
སྤྱོད་ལོག་ཅིག་གི་ཚུགས་ཀ་བསྟན་ནས་ཀུན་གྱི་མིག་ཞབས་སུ་འཛུལ་བ་ནས
ཉི་འོད་ཀྱི་གཟི་བྱིན་འབར་བའི་ཉིན་གོང་དག་ཏུའང་མཆོད་མེ་བཏེགས་ཏེ་རི་ལུང་ཉུལ་བའི་གླེན་པ་ཞིག
 
འཁོར་བའི་རྟེན་ཕུར་བོར་བའི་ཉིན་དེ་ནས་བཟུང 
རྒྱང་རིང་གི་ཨ་མ་ཞིག་ལ་སྟེས་དབང་གིས་བརྩེ་བ་རྒྱས་པས
ཅ་ཙི་ཞིག་ཁུར་ཏེ་ས་ཡི་དཀྱིལ་འཁོར་ལ་རྐང་བའི་སྒྲུང་བྲིས་ཤིང
མན་ཐའོ་ལིན་ཞིག་ཁུར་ཏེ་དབེན་པའི་རི་སུལ་ཏུ་དབྱངས་ཀྱི་མཛོད་བསྐྱིལ
 
དུས་དེ་ནས་བཟུང
ཁྱེད་ཀྱིས་སྙན་ངག་ཡོད་ཚད་མན་ཐའོ་ལིན་གྱི་དབྱངས་དང་སྦྱར་ཏེ་ཁེར་རྐྱང་གི་སྐྱོ་བ་བསལ
ཁྱེད་ཀྱིས་རེ་སྨོན་ཡོད་ཚད་དག་ཞིང་གི་སྒོ་སྟེགས་སུ་བཅོལ་ཏེ་གྱེས་བྲལ་གྱི་ཨམ་གཙིགས་བསྡམས
 
དུས་དེང་སང
ས་སྒང་གིས་སྐྱོ་ངལ་གྱི་ཤུགས་གླུ་གྱེར་བ་ནི་ཁོ་མོས་རི་སུལ་ནས་ཁྱེད་ལ་བྲིས་པའི་སྙན་ངག་ཅི་བཞིན
འཁྱགས་སིབ་སིབ 
འཁྱགས་སིབ་སིབ་གྱི་ཚོར་བ་འདིའི་ཕ་རོལ་ན་ཁྱེད་ནི་སྤྱན་གསུམ་པ་ཞིག་གི་བླ་སྲོག་ཏུ་བཞེངས་ཏེ
ང་དང་ཁོ་མོའི་འཇིག་རྟེན་དུ་བརྩེ་བའི་འཁྱུད་པའི་རྡོ་རྗེ་ཕ་ལམ་ལྟ་བུའི་སྐར་མ་འོད་ཆེན་ཞིག་ཡིན་པར་སྨོན"
འདི་ནི་ནག་པོ་དང་ཕ་ཡུལ་གཅིག་ཅིང་ནག་པོའི་རྩོམ་གྲོགས་སུ་གྱུར་བའི་སྙན་ངག་པ་ཞིག་གིས་ནག་པོའི་རྗེས་དྲན་ཆེད་དེབ་ཏུ་བཀོད་པའི་ནག་པོ་གློ་བུར་ཏུ་འཇིག་རྟེན་དང་ཁ་གྱེས་པ་ལ་ཕུལ་བའི་སྙན་ངག་ཅིག
 
ཁ་བའི་མེ་ཏོག་གིས་མཐོ་སྒང་གི་རི་ལུང་ཀུན་ལ་མཚར་སྡུག་འབུམ་གྱིས་སྤྲོས་པའི་དངུལ་མདོག་གི་ལྭ་བ་ཆེན་པོ་ཞིག་བསྣབས་ཤིང་། ཆུ་བོ་ཀུན་གྱིས་དར་གྱི་སྦུག་ན་ཤི་མ་གསོན་ཏུ་ལུས་པའི་དགུན་ཉལ་སྲོག་ཆགས་རྣམས་ཀྱི་རྣ་ལམ་དུ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་བའི་གླུ་དབྱངས་གཉོམ་ཆུང་ཞིག་སྐྱེལ་བཞིན་པའི་དགུན་ཁ་ཞིག་ལ། ཁོ་མོས་རི་སུལ་གྱི་དབེན་དགོན་ཞིག་ནས་ནག་པོ་འཇིག་རྟེན་དང་ཁ་བྲལ་བ་གཞི་ནས་ཤེས། དེ་དུས་ཁོ་མོས་སྡུག་བསྔལ་ཅི་ཡང་མི་བྱེད་པར་མ་ཟད། ད་དུང་ནག་པོ་ཞེས་པའི་སྔགས་པ་སྤྱོད་ལོག་དེ་ལ་སྙིང་ནས་གུས་པ་དང་ཡི་རང་བྱས།
 
ནག་པོ་ནི་རྟོག་དཔྱོད་ཀྱི་ཤེས་རབ་རབ་ཏུ་འབར་ཞིང་བདེན་འཚོལ་གྱི་མིག་ཟུང་ལ་འོད་ཞགས་འཁྱུག་པའི་ན་གཞོན་རང་རློམ་ཅན་ཞིག་ཡིན་ལ། ཆོས་དང་བླ་མ་ལ་དད་པ་དང་དམ་ཚིག་གི་སེལ་གོས་མ་མྱོང་བའི་གཞོན་ནུ་བསྒྲུབ་བརྩོན་པ་ཞིག་ཡིན་པ་ནི་སྨོས་མ་དགོས་མོད། འོན་ཏེ། ཁོ་རང་འཇིག་རྟེན་ན་འཚོ་དུས་ཡུལ་མི་ཚོས་ནམ་ཡང་ཁོའི་བླ་བཙག་རྒྱུ་ལས་ཁོའི་ལེགས་ཕྱོགས་ཀྱི་ཆ་ཤས་གང་ལ་ཡང་གདེང་འཇོག་བྱེད་མྱོང་མེད། དེ་ནི་ཁོའི་སྤྱོད་པ་ཚུལ་འཆོས་མེད་པ་དེ་དང་སེམས་ལ་བསམ་ཚོད་ཁ་ནས་བཤད་ཅིང་ལག་ནས་བསྒྲུབ་ཕོད་པའི་སྙིང་སྟོབས་དེས་བསྐྱེད་པའི་གྱོང་གུད་རེད་ཅེས་བཤད་ནའང་རྫུན་ཏུ་མི་འགྲོ། 
 
ནག་པོ་འདི་ལྟར་བཞུད་རྗེས། "ནག་པོ"ནི་ནག་པོ་མ་ཡིན་པར"དཀར་པོ"ཞིག་ཡིན་པ་གཟོད་ཡུལ་སྡེ་འདིའི་རྩྭ་ལྗང་ཉག་མ་རེ་རེ་དང་ཆུ་ཕྲན་ཐིགས་པ་རེ་རེས་ཀྱང་ཤེས་ཡོད་ཚོད་རེད། རྒྱུ་མཚན་ནི། ནག་པོ་མི་ཡུལ་དང་གྱེས་ནས་བགྲང་བྱ་གསུམ་འགོར་བའི་དབྱར་གཞུང་ཞིག་ལ་ནག་པོའི་ལྟེ་མཚལ་གྱི་མེ་ཏོག་གིས་སྙན་ངག་ཐོག་མ་ནོར་འཛིན་བུ་མོའི་ལྟོ་བར་བྲིས་པའི་ས་ཚིགས་དེ་རུ། དཀར་བོང་བོང་གི་མཆོད་རྟེན་སྙིང་རྗེ་ཤིག་བརྩིགས་ཤིང་དེའི་ནང་དུ་ནག་པོའི་བེམ་པོ་སྦྱིན་བསྲེགས་བྱས་རྗེས་སུ་བྱུང་བའི་རིང་བསྲེལ་ཡིན་ཟེར་བ་མང་པོ་ཞིག་གཟུངས་འཇུག་ཏུ་བཞག་པས་སོོ།། 
 
ད་དུང་། དུས་དེང་སང་དེ་དུས་ཀྱི་སྤྱོད་ལོག་ནག་པོ་ཡི་རྒྱུད་སྐད་ཆད་པའི་མན་ཐའོ་ལིན་དེ་ལའང་མིག་བཙུམས་ཤིང་ཐལ་མོ་སྦྱར་ནས་མཇལ་ཁ་ཞུ་བའི་ཡུལ་མི་དག་གི་ཕྲེང་བསྒྲིགས་ཏེ་ཡོད་ལ། དེ་ལས་ཀྱང་ཡ་མཚར་བའི་བྱ་བ་ཞིག་ཡོད་པ་ནི། ནག་པོ་འཇིག་རྟེན་འདིར་གསོན་དུས་ཁོ་ཐན་ཏུ་སྒྲོག་ཅིང་དམ་ཉམས་དང་ལྟ་ལོག་པ་ཟེར་མྱོང་བའི་མི་བུ་ཙམ་པོ་བ་མང་པོ་ཞིག་གིས། རང་གི་བཟའ་ཟླའམ་བུ་མོ། ཡང་ན་མནའ་མའི་མངལ་ཏུ་ཞུགས་པའི་རྣམ་ཤེས་དེ་དག"ནག་པོའི་སྤྲུལ་སྐུ"ཡིན་པར་རེ་བའི་ཏིང་འཛིན་ལ་ཞུགས་ཏེ། ཉིན་དཀར་ཟས་བརྗེད་ཅིང་དགོང་མོ་གཉིད་མ་ཁུགས་པར་རང་ཉིད་འོད་སྟོང་ལྡན་པའི་འཇིག་རྟེན་འདིར་གསོན་བཞིན་དུ་མུན་ནག་གི་འཇིག་རྟེན་ཞིག་ཏུ་གཡོ་སྒྱུའི་རྡོག་བྲོ་ཞིག་འཁྲབ་པར་བརྩོན་བཞིན་གདའ་བའོ།།
 
མི་ཟེར་བའི་སྲོག་ཆགས་འདི་ལ་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི་བྱ་དངོས་ཀྱི་བདེན་པ་བདེན་པ་རང་ངོས་ནས་མི་མཇལ་བར་ལོ་རྒྱུས་ཞེས་པའི་ཐ་སྙད་ཀྱི་སྡོམ་སྐམ་ཞིག་ལས་ཕྱིར་བྱ་དངོས་ཀྱི་བདེན་པ་འཚོལ་བ་དེའོ།།