མིག་ཞར་མ་ཞིག་གསོས་པ།

    རྩོམ་པ་པོ། ཀུན་དགའ་དོན་གྲུབ།


མིག་ཞར་མ་ཞིག་གསོས་པ།
 
 
                     ཀུན་དགའ་དོན་གྲུབ། བླ་རུང་།



ང་རང་མགྲོན་ཁང་དུ་ལོག་སའི་གཞུང་ལམ་གྱི་གྲུ་ག་ཞིག་ན་ནམ་ནམ་བུ་མོ་ཆུང་ཆུང་ཞིག་བསྡད་འདུག ཁོ་མོས་སྐྲ་ལོ་ཕྱོགས་གཉིས་སུ་བགོས་ནས་བསྡམས་པས་གཅེས་རྟེན་གྱི་རི་བོང་ཞིག་དང་ཧ་ཅང་འདྲ། དང་པོ་ངས་མཉམ་མ་བཞག་མོད། ཅོར་ཅོར་གྱིས་བསྡམས་པའི་སྐྲ་ལོ་གཉིས་ཀས་ང་རང་ངོ་ཤེས་ཀི་ཡོད་པའི་ཚོར་སྣང་ཞིག་བྱུང་བས། རྗེས་སུ་ང་མགྲོན་ཁང་དུ་ལོག་སྐབས་ཀ་ར་སིལ་ཏོག་རེ་མ་བརྗེད་པར་ཉོས་ནས་འོངས་བ་ཡིན། ནམ་ཞིག་ངས་ཁོ་མོ་མིག་ཞར་མ་ཞིག་ཡིན་པ་ཤེས་བྱུང་མོད། ང་རང་ཁོ་མོའི་ཕྱོགས་སུ་ཉེ་སྐབས་མོའི་ཚོར་སྣང་གིས་ང་རང་ངོས་ཟིན་ཅིང་། ང་ཡི་རྡོག་སྒྲར་ཉན་ནས་ཆེས་སྙིང་རྗེ་བའི་ལག་ཟུང་ཆུང་ཆུང་དེ་ང་ཡི་ཕྱོགས་སུ་རྐྱོང་བར་བྱེད། 
 
གྲོང་ཁྱེར་ན་ཡར་འགྲོ་མར་འགྲོ་བྱེད་མཁན་གྱི་མི་ཧ་ཅང་མང་མོད། དེའི་ཁྲོད་ནས་ཁོ་མོས་ངའི་རྡོག་སྒྲ་གསལ་བོ་ཤེས་པ་དེས་ང་རང་མགྲོན་ཁང་ནས་ཉལ་ཟིན་ན་ཡང་འཇགས་ཐབས་མེད་པའི་སེམས་ཁུར་ཞིག་གཏད་བྱུང་། ངས་ཞིབ་འདང་མང་པོ་བརྒྱབས་ཀྱང་ཁོ་མོས་བདག་གི་རྡོག་སྒྲ་ཤེས་པའི་རྒྱུ་མཚན་མ་རྙེད། ནམ་ཞིག་བདག་གིས་ཀོ་ལྷམ་དེ་རས་ལྷམ་ཞིག་ཏུ་བརྗེས་ནའང་ཁོ་མོས་སྔར་བཞིན། ང་རང་འགྲམ་དུ་ཉེ་འོང་བ་ཚོར་གྱིན་འདུག དེ་ནས་བདག་གིས་ཁོ་མོས་རང་གི་ལུས་དྲི་མནམ་པར་བསམ་ནས་གོན་པ་ཆ་ཚང་བརྗེས་ཞིང་། ལུས་ཀྱང་གཙང་མར་བཀྲུས་ནས་ཁོ་མོའི་ཕྱོགས་སུ་བཅར་ཀྱང་། ཁོ་མོས་སྔར་བཞིན་མི་ཚོགས་ཁྲི་མ་འབུམ་ལས་ང་རང་ངོས་བཟུང་སོང་། དེ་ནས་བདག་གིས་ཟ་ཉལ་འགྲོ་འཆག་ཀུན་ལ་བུ་མོ་ཆུང་ཆུང་དེ་ཡིད་ལ་འཁོར་ཞིང་། སྐབས་རེར་དང་ཐོག་རང་གིས་ཀ་ར་ཉོས་པར་ཡང་འཁང་ར་ཤོར། བདག་གིས་བུ་མོ་དེ་དང་རང་ཉིད་ཀྱི་འབྲེལ་བར་ཇི་ལྟར་འདང་བརྒྱབས་ཀྱང་གསལ་བོ་ཞིག་ཤོད་ཐབས་བྲལ། འདང་རྒྱག་ས་གཅིག་ཡོད་པ་དེ་བུ་མོ་འདི་ནི་རང་ལ་འབྲེལ་བ་ཡོད་པའི་རྣམ་ཤེས་ཤིག་གི་ལན་ཆགས་ཡིན་ནམ། ངས་དེ་ལྟར་འདང་བརྒྱབས་ཤིང་། ང་རང་ཁོ་མོར་ཉེ་སྐབས་ཁོ་མོའི་ལག་ཟུང་ཆུང་ཆུང་གཉིས་རྐྱོང་ཚུལ་དང་། སྐྲ་ལོ་ཅོར་ཅོར་གཉིས་ཀྱི་ཚུགས་ཀ་སོགས་ལ་འདང་བརྒྱབས་ནས་ངས་ཁོ་མོར་གཡོལ་ཐབས་གཏན་ནས་མ་བྱས་པར་སྔར་བཞིན་རྒྱུན་བསྐྱངས། ནམ་ཞིག་ངེད་གཉིས་ཀས་ཁ་བརྡ་བྱས་ཤིང་། ངས་ཁོ་མོའི་ཕ་མ་གཉིས་རྩད་བཅད། ཡིན་ན་ཡང་བུ་མོ་ཆུང་ཆུང་འདིའི་ཕ་མ་སོགས་སུས་ཀྱང་མི་ཤེས་ཤིང་། ཐ་ན་མོ་རང་གིས་ཀྱང་ཤེས་མི་འདུག ངས་ཁོ་མོ་ད་བར་ཇི་ལྟར་འཚོས་པ་དང་སུ་ཡིས་བརྐྱངས་པ་ཧ་ཅང་ཤེས་པར་འདོད་ན་ཡང་། ཁོ་མོ་ནི་གནམ་རྒན་མས་བདག་ལ་ལན་ཆགས་སུ་བསྩལ་བ་དང་འདྲ་བར། སུས་ཀྱང་དོ་སྣང་མི་བྱེད་ཅིང་། གང་ནས་འོང་བ་མེད་པར་བདག་གི་འཚོ་བའི་མདུན་དུ་ལྷུང་སོང་། ངས་ཁོ་མོར་ད་བར་དུ་ཁྱོད་གང་དུ་འཚོས་པ་དང་། སུས་གཉོར་བ་སོགས་དྲིས་ཀྱང་ཁོ་མོས་གཅིག་ཀྱང་ཤེས་མི་འདུག ངས་ཁོ་མོ་གསར་དུ་དྲན་པ་ཉམས་པའམ། སྔར་ནས་ཉམས་པ་གང་ཡིན་ལ་འདང་བརྒྱབས་ཤིང་། གཅིག་བྱས་ན་ཁོ་མོར་གློ་བུར་དུ་དོན་རྐྱེན་བྱུང་ཞིང་། ད་ལྟ་ཁོ་མོའི་ཕ་མ་གཉིས་ཀས་ཧ་ཅང་དྲན་གྱིན་ཡོད་ངེས། བདག་གིས་དེ་ལྟར་འདང་ཡར་མར་མང་པོ་ཞིག་བརྒྱབས་རྗེས་ཁོ་མོ་རང་གི་མགྲོན་ཁང་དུ་བསུས། ང་རང་ནངས་མོ་དུས་ཚོད་བརྒྱད་པའི་སྟེང་ནས་ལས་ཚོགས་ལ་འགྲོ་དགོས་ཤིང་། ནུབ་མོ་དྲུག་པའི་སྟེང་ནས་ཁྱིམ་ལ་ལོག་ཐུབ། ཁོ་མོས་ཉིན་ཧྲིལ་བོར་མགྲོན་ཁང་མདུན་ངོས་ཀྱི་སྐས་ཐེམ་ལས་བདག་གི་རྡོག་སྒྲར་སྒུག་ཅིང་། བདག་ཐོན་མ་ཐག་བརྒྱུགས་ནས་པང་ལ་འཐམ་པར་བྱེད། གཟའ་སྤེན་པའི་དགོང་མོ་ཞིག་ལ་ང་དང་ལས་རོགས་གྲོགས་པོ་འགའ་ཇ་ཁང་ཞིག་ཏུ་སོང་ཞིང་། མཚན་མོ་དུས་ཚོད་བཅུ་གཉིས་པའི་སྟེང་ནས་གཟོད་ཁྱིམ་ལ་ལོག བདག་གིས་ད་ཅིའི་ལས་གྲོགས་དག་གི་སྐད་ཆར་འདང་རྒྱག་བཞིན་རྒྱག་བཞིན་མགྲོན་ཁང་སྒོ་འགྲམ་དུ་ལོག མཚན་མོ་མུན་རབ་ཏུ་ནག་ཀྱང་མགྲོན་ཁང་གི་སྐས་དང་སྒོ་སོགས་ང་ལ་ཧ་ཅང་ཆ་རྒྱུས་ཡོད་པས་གློག་མེད་ཀྱང་རྡོག་འདྲེད་ཙམ་ཡང་ཤོར་མི་སྲིད། ང་ཡིས་སྐས་ཐེམ་གཉིས་གསུམ་ཞིག་བརྒལ་བ་ན་གློ་བུར་དུ་ཅི་ཞིག་པང་ལ་འཁྱུད་བྱུང་བས། བདག་ལ་འཇིགས་སྐྲག་ཚད་མེད་པ་ཞིག་སྐྱེ་པས་ཕྱིར་བྲོས་པ་ཡིན། ཁོ་མོ་རྡོ་གཅལ་དུ་ཁ་སྦུབ་ལ་བརྒྱབས་བྱུང་བས་ང་རང་ཕྱིར་བརྒྱུགས་ནས་ཁོ་མོ་ཡར་བརྩེངས། དང་ཐོག་བདག་གི་སེམས་ནས་ཁོང་ཁྲོ་མེ་དཔུང་ལྟ་བུ་ཞིག་འབར་མོད། ཁོ་མོ་ཁ་སྦུབས་སུ་བརྡབས་ཀྱང་མི་ངུ་བར་སླར་ཡང་བདག་གི་པང་ལ་འཁྱུད་བྱུང་བ་དེས། བདག་གི་ཞེ་སྡང་གློ་བུར་དུ་ཞི་ནས་རང་ཉིད་ད་བར་ཕྱིར་མ་ལོག་པ་དང་ད་ལྟ་སེམས་ཆུང་མ་བྱས་པར་ཁོ་མོའི་ཁ་ཁྲག་སྣ་ཁྲག་བསྲེས་སོང་བར་གནོང་འགྱོད་སྐྱེས། ཉིན་དེ་ནས་བཟུང་ང་ལས་ཚོགས་གྲོལ་མ་ཐག་རང་ཁྱིམ་དུ་ལོག་གིན་ཡོད། ང་རང་ལས་ཚོགས་སུ་ཡོད་སྐབས་ཁོ་མོས་ཉིན་ཧྲིལ་བོར་རྡོ་གཅལ་ལས་ང་ཡི་རྡོག་སྒྲར་ཉན་ནས་སྒུག་པའི་བཟོ་ལྟ་དྲན་ཞིང་། ནུབ་མོ་ཕྱིར་འོངས་ནས་དགོང་ཟས་རོལ་རྗེས་ངས་ཁོ་མོ་རུམ་ནས་ཉལ་སྐབས། ད་དུང་ཁོ་མོའི་ཨོང་ཏོ་གཉིས་དང་རྐང་ཆུང་གཉིས་པོ་ལྕགས་འཁྱག་ཅིག་ལྟར་ཧ་ཅང་གྲང་བས་ང་ཡི་སེམས་སུ་བཟོད་ཐབས་མེད་པའི་གདུང་བ་ཞིག་སྐྱེས། དེའི་རྐྱེན་གྱིས་ངས་ཁོ་མོར་སྒྲ་ཉན་འཕྲུལ་ཆས་ཤིག་ཉོས་ནས"བྱིན་ཆད་ཁྱོད་ཀྱིས་ཁྱིམ་ནས་ང་རང་སྒུག་དང་། ང་རང་ལས་ཚོགས་གྲོལ་མ་ཐག་ཕྱིར་ཐོན། རྡོ་གཅལ་ནས་ཡུན་རིང་བསྡད་ན་ནད་ཀྱིས་ཐེབས་ངེས"ཞེས་བཤད་ཀྱང་། ཁོ་མོས་སྔར་བཞིན་ཉིན་ཧྲིལ་བོར་རྡོ་གཅལ་ནས་ང་རང་སྒུག་ཅིང་། ནུབ་མོ་བདག་གི་གྲུ་ཁུག་ནས་སྔུར་བ་ཆུང་ཆུང་འཐེན་ནས་ཧ་ཅང་ཡིད་ཚིམ་པའི་ངང་གཉིད། 
 
བདག་གིས་ཁོ་མོ་བྲང་ལ་སྦྱར་ནས་འདང་བརྒྱབས། ད་ནི་རང་ཉིད་ཕྱིར་ལོག་རན། ཁོ་མོ་ཇི་ལྟར་བྱེད། གལ་ཏེ་ང་རང་སོང་ནས་ཕྱིར་མ་ལོག་ན་ཁོ་མོས་རྡོ་གཅལ་དེ་ནས་མ་ཤི་བར་སྒུག་འདུག་པ་འདྲ་བས་བདག་གིས་སྐྱུར་ཐག་ག་ལ་ཆོད། ཡིན་ན་ཡང་དགོན་པའི་ནང་ཁོ་མོ་ཁྲིད་པ་ནི་ཧ་ཅང་དཀའ། ཁོ་མོས་སྔུར་བ་སྙན་མོ་ཞིག་འཐེན་ཞིང་། དབུགས་ཀྱི་རྒྱུ་བས་བདག་གི་བྲང་ལ་དྲོད་འཇམ་སྟེར། ངས་ཁོ་མོར་འོ་ཡང་མོ་ཞིག་བྱས་ཤིང་། བྲང་ལ་སྦྱར་ནས་མིག་ཆུ་ཞིག་མི་བཞུར་རང་དབང་མ་བྱུང་། 
 
ཁོ་མོ་ལོ་ན་བརྒྱད་ཀྱི་སྟེང་ནས་ང་དང་ཕྲད་ཅིང་ད་ལོ་མོ་ལོ་བཅོ་བརྒྱད་ལ་བུད་སོང་། ངས་ཁོ་མོའི་མིང་ལ་བསོད་ནམས་དཔལ་སྒྲོན་དུ་བཏགས། ད་ནི་ཁོ་མོའི་ལང་ཚོ་ཡང་རབ་ཏུ་སྨིན་འདུག མིག་དབང་གི་ནུས་པ་ཉམས་པ་མ་གཏོགས་ཆ་མེད་ཅིག་གིས་བལྟས་ན་ཧ་ཅང་མཛེས་པའི་ན་ཆུང་མ་ཞིག་རེད། ང་རང་གང་དུ་སོང་ན་ཡང་ངས་ཁོ་མོ་ཁྲིད་ནས་འགྲོ་བཞིན་ཡོད། རྒྱུ་མཚན། ང་རང་ག་ཤེད་དུ་སོང་ནས་ནུབ་མོ་ཕྱིར་མ་ལོག་པ་ཡིན་ན་མཚན་གང་བོར་ཁོ་མོས་སྒོ་གདན་ལས་ང་རང་སྒུག་ངེས་པས་ཡིན། མོ་རང་ལོ་བཅོ་བརྒྱད་དང་ང་རང་ལོ་ཉེར་བརྒྱད་དུ་བུད་པའི་དབྱར་ཟླ་ཐ་ཆུང་གི་ཟླ་དཀྱིལ་ཚེས་བཅོ་ལྔའི་ཉིན་ང་དང་སློབ་གྲོགས་སྐོར་ཞིག་དགོན་པ་དང་བར་ཐག་ལེ་བར་བཅུ་ཙམ་ཡོད་པའི་འབྲོག་ཚང་ཞིག་ལ་འབུམ་འདོན་དུ་སོང་། ནུབ་མོ་མུན་རུབ་ཁར་ང་ཚོ་ཕྱིར་སློབ་གླིང་དུ་ལོག ལམ་བར་ནས་རྩེ་ཞོར་དགོད་ཞོར་ངང་མུན་པའི་ན་བུན་གཤགས་ནས་འོང་། དུས་ཚོད་བཅུ་གཉིས་ཡས་མས་སུ་ང་ཚོ་སློབ་གླིང་གི་མར་ཕྱོགས་ཀྱི་ཟམ་ཆེན་ཁ་རུ་སླེབས་ཤིང་། ཟམ་ཆེན་གྱི་ཁ་རྡང་གི་རྒྱུད་དུ་ཇོ་དར་དཀར་དམར་སྔོ་གསུམ་ཕར་འཐེན་ཚུར་འཐེན་བྱས་འདུག་ལ། ང་ཚོས་ཟམ་ཆེན་གྱི་ཁ་རྡང་ལས་རྒྱང་རིང་ལ་བཞུར་གྱིན་པའི་གཙང་བོར་བལྟས། གློ་བུར་དུ་དགོན་པའི་ཉེ་གམ་ནས་ཨག་སྐད་རིང་ཐུང་འགའ་ཞིག་མུན་ནག་གཤགས་ནས་བདག་གི་སེམས་སུ་ལྷུང་སོང་། ངའི་རོགས་པ་ཚོས"ཅི་ཞིག་རེད་དམ། ཅི་ཞིག་རེད་དམ" ཞེས་ཟེར་ཞོར་ཕན་ཚུན་གདོང་ཕྱོགས་ནས་གཙང་བོར་ལྟ་མཚམས་བཞག ཡིན་ན་ཡང་བདག་གིས་བསོད་ནམས་དཔལ་སྒྲོན་གྱི་སྐད་ཡིན་པ་གསལ་བོར་ཤེས་པས་སྔངས་སྐྲག་ཚད་མེད་པ་ཞིག་སྐྱེས་པས་དེ་མུར་ཁོ་ཚོ་དང་ཁ་བྲལ་ནས་དགོན་པའི་ཕྱོགས་སུ་བརྒྱུགས། ཟམ་ཆེན་ནས་དགོན་པའི་བར་ལ་ཐུང་ཐུང་ཞིག་གིས་ཆོད་ཅིང་། མྱུར་མོར་བརྒྱུགས་འོང་ན་སྐར་མ་བཅོ་ལྔ་ཡས་ཡས་ཤིག་གིས་ཐོན་ཐུབ། བདག་གིས་ལམ་བར་ནས"ཁོ་མོར་ཅི་ཞིག་བྱུང་བ་ཡིན་ནམ། ཁོ་མོ་སུ་ཞིག་གིས་སྐྱབས་ཡོད་སྲིད་དམ།"སྙམ་བཞིན་དབུགས་སྟོད་ལ་འཚང་ནས་གློ་བ་ཡང་ཁ་ནང་ཐོན་སོང་སྙམ་པ་ཞིག་བརྒྱུགས་ནས་འོང་། དགོན་པའི་འགྲམ་གྱི་རི་ལྟེམ་ཆུང་ཆུང་དེ་རུ་གློག་འོད་ལ་མ་ལོང་ཞིག་མངོན་པས་བདག་གིས་དེ་རུ་ཁ་ཕྱོགས་ནས་འགོས། གམ་དུ་ཐོན་པ་ན་གྲྭ་བ་བཞི་ལྔ་ཞིག་ཐོན་ནས་ཡར་མར་ཅི་ཞིག་གླེང་གི་འདུག ངས"ཁོ་མོར་སྐྱོན་ཡོད་དམ"ཞེས་སྔངས་འཚབ་ཀྱིས་དྲིས། གྲྭ་བ་ཞིག་གིས་གློག་འོད་མགོ་བསྒུར་ནས་ངུ་བཞིན་པའི་ཁོ་མོར་གཅིག་བརྒྱབས་ནས"ཁྱོད་གང་དུ་སོང་བ་ཡིན"ཞེས་ཉེས་པ་ཡོངས་རྫོགས་བདག་ལ་ཡོད་པ་ལྟར་བཤད། བདག་གིས་ནམ་རྒྱུན་ལྟར་ཁོ་མོས་བདག་གི་སྐད་ཐོས་མ་ཐག་བདག་ལ་འཐམ་འོང་ངེས་སྙམ་ནས་རེ་སྒུག་འདྲེས་པའི་མིག་ཟུང་གིས་གློག་འོད་ནང་གི་ཁོ་མོར་བལྟས་ན་ཡང་བློ་ཡུལ་ལས་འདས་པ་ཞིག་ལ་སྔོན་ཆད་དང་མི་འདྲ་བར་ཁོ་མོ་བདག་ལ་མི་འཐམ་པར་མ་ཟད་ཐ་ན་བདག་ལ་ལྟ་ཙམ་ཡང་མི་བྱེད་པས་ཁོ་མོས་ཀྱང་ད་ཅིའི་གྲ་བ་དེ་ལྟར"ཁྱོད་གང་དུ་སོང་བ་ཡིན"ཞེས་ལས་འདེད་བྱེད་ཀྱིན་པ་འདྲ། ང་རང་ནམ་རྒྱུན་དང་མི་འདྲ་བའི་ཁོ་མོའི་སྡོད་སྟངས་དེས་ཡ་མཚན་པར་བྱས་པས་ཅུང་ཙམ་ཧད་དེ་ལུས་ཤིང་། དེ་ནས་ཁོ་མོའི་ཟུར་དུ་བརྒྱུགས་ནས་"དོན་དག་ཅི་ཞིག་བྱུང་སོང་ངམ"ཞེས་ཡང་དང་འོར་གྱིས་དྲིས་ཀྱང་ཁོ་མོས་མིག་ཆུ་གཏོང་བཞིན་ཅི་ཡང་མི་སྨྲ། གྲྭ་པ་ཚོས་གྲོང་ཁྱེར་དུ་རླངས་འཁོར་དོན་རྐྱེན་བྱུང་སྐབས་འབྲེལ་མེད་ཀྱི་མི་ཚོས་ཁ་བརྡ་གླེང་བ་དང་པར་བསྐྱོན་པ་སོགས་བྱས་ནས་ཉེ་འཁོར་དུ་འགྲེང་ནས་སྡོད་པ་ལྟར་ངེད་གཉིས་ཀྱི་ཀླད་ནས་ཁ་བརྡ་གླེང་ཞོར་བདག་གིས་ཁོ་མོའི་ངུ་མཚམས་ཇི་ལྟར་གཅོད་ལ་བལྟས་འདུག་པ་འདྲ། ང་རང་ཁོ་མོའི་འགྲམ་ནས་ཅི་བྱ་གཏོལ་མེད་ཀྱི་ངང་ཅུང་ཙམ་བསྡད་པ་ན། "ཕལ་ཆེར་གྲྭ་པ་ཡིན་རྒྱུ་རེད་འདོད" གོང་དུ་སྡོད་པའི་གྲྭ་བ་གཅིག་གིས་དེ་ལྟར་བཤད་པས་གཞན་ཞིག་གིས"ང་རང་ཐོན་སྐབས་ཁྱོད་ཚོ་སུ་ཡང་ཐོན་མི་འདུག དགྱ་ཆས་ཅན་གཉིས་འཕྲོ་རིམ་འཕྲོར་བྲོས་སོང" ཞེས་དེ་ལྟར་བཤད་པས་ད་གཟོད་བདག་གིས་དོན་དག་གི་ངོ་བོ་ལྷ་མ་ལྷུང་ཞིག་རྟོགས། དེ་མ་ཐག་ཏུ་བདག་གི་སེམས་སུ་ཁོང་ཁྲོ་དང་སྙིང་རྗེ་འགྲན་པ་བཞིན་དུ་བྱུང་ཞིང་། ཁོ་མོའི་འགྲམ་དུ་ནུད་ཡག་བྱས་ནས་ཁོ་མོའི་མགོ་རང་གི་པང་དུ་བླངས། ང་ཡི་རོགས་པ་གཞན་དག་ཀྱང་དབུགས་ཧར་ཧར་ངང་ཐོན་བྱུང་ལ། ཁོ་མོའི་ངུ་སྐད་ཇེ་ཆེར་ཕྱིན་ཏེ་བདག་གི་སྐེ་ལ་འཇུས་བྱུང་། ཁོ་ཚོས་ངེད་གཉིས་ཀྱི་ཕྱོགས་ལ་གློག་འོད་བརྒྱབས་པས་ཁོ་མོའི་གཡས་ཕྱོགས་སུ་བདག་གི་གསུམ་ཚོང་ཁང་ནས་ཉོས་པའི་སྐྲ་སྡོམ་དེ་དུམ་བུར་བཅག་ནས་གཡུགས་འདུག་ལ། ངེད་གཉིས་ལ་དང་པོར་འབྲེལ་བ་འཛུགས་པའི་ཁོ་མོའི་སྐྲ་ལོ་མིག་ཆུས་བངས་ཏེ་ངོ་གདོང་ལ་ནག་རབ་རིབ་ཏུ་ལྷུང་འདུག ཁོ་མོས་ཅི་ཡང་མི་སྨྲ་བར་ང་ཡི་སྐེ་ལ་འཐམ་ནས་ངུས་ཤིང་། གྲྭ་བ་དག་ཀྱང་གཅིག་འགྲོ་གཉིས་འགྲོ་བྱས་ནས་རང་ཁྱིམ་བསྙེགས་སོང་། ཚང་མ་སོང་ཟིན་རྗེས་ངས་ཁོ་མོ་ཁྲིད་ནས་རང་ཁྱིམ་དུ་ལོག ཁོ་མོ་མཚན་ཧྲིལ་བོར་ངུས་ཤིང་། བདག་ཀྱང་མ་གཉིད་པར་ཁོ་མོའི་ཟུར་ནས་བསྡད། ཡིན་ཡང་བདག་གིས་ཁོ་མོར་སེམས་གསོའི་ཚིག་གཅིག་ཀྱང་མ་འཁྱོངས། "ཁྱོད་རང་གང་དུ་སོང་བ་ཡིན"ཞེས་པའི་གོང་གི་གྲྭ་བ་དེའི་སྐད་ཆ་ཐུང་ངུ་དེ་སྤྱིར་བཏང་ཆེས་རྒྱུན་ལྡན་གྱི་སྐད་ཆ་ཞིག་རེད་མོད། ནུབ་མོ་དེར་བདག་ལ་མཚོན་ན་སྐད་ཆ་དེ་ནི་ཅི་འདྲས་ཚ་ཐག་ཆོད་པའི་སྐད་ཆ་ཞིག་རེད་ཨང་། བདག་གི་སེམས་སུ་སྐད་ཆ་དེ་ཡང་དང་བསྐྱར་དུ་འཁོར་ཞིང་། རང་གི་ཁོ་མོར་འགན་མ་ཁུར་བའི་རྣམ་པ་དེར་འཁང་ར་དྲག་པོ་ཤོར། མཐའ་མཇུག་ངས་ཁོ་མོར"ཚང་མ་ང་རང་ལན་པ་ཡིན། ངས་ཁྱོད་ལ་འགན་ཁུར་མ་ཐུབ། བདག་གིས་ཁྱོད་ལ་སེམས་གཏིང་ནས་དགོངས་དག་ཞུ། ད་ཕན་ང་ཁྱོད་ལ་ཉིན་ཕྱེད་ཙམ་ལ་ཡང་ཁ་མི་འབྲལ"ཞེས་མིག་ཆུ་གཏོང་བཞིན་བཤད། སེམས་སུ་ད་ཕྱིན་ཆད་རང་ལ་ལས་ཀྱིས་བསྐོས་པའི་བུ་མོ་འདི་དང་ཁ་བྲལ་ནས་ཆོས་ཞུ་ཙམ་ལས་ཚེས་བཅུ་གནམ་སྟོང་སོགས་ཀྱི་གདོན་བྱ་འཚོགས་སར་ཡང་མི་འགྲོ་སྙམ་བཞིན་དམ་བཅས། དེ་ནས་ཁོ་མོ་ངུ་བཞིན་བདག་གི་སྐེ་ལ་འཐམས་ནས"ཁྱོད་ཀྱིས་ང་གུ་ཡངས་ལ་གཏོང་རོགས། ཁྱོད་སྤོ་མ་ལངས"ཞེས་བཤད། བདག་གིས"ང་སྤོ་ག་ལ་ལངས། ངས་ཁྱོད་ལ་སྔར་ལས་ལྷག་པའི་བདག་སྐྱོང་བྱེད་ངེས"ཞེས་ལན་བཏབ། ངོ་མ་བཤད་ན་སྐབས་དེར་ངས་ཁོ་མོའི་སྐད་ཆའི་ནང་དོན་གཏན་ནས་གོ་མི་འདུག ཕྱི་ཉིན་སློབ་གླིང་ཧྲིལ་བོར་གསར་འགྱུར་དེས་ཁྱབ་ཅིང་། འཚོགས་ཁང་གི་མདུན་དུ་གྲྭ་བ་སྐོར་ཞིག་འགྲེང་འདུག་ལ། དེའི་ནང་གི་དཔེ་ཁང་དམར་སེར་གདོང་གི་སྦྲེལ་མཚམས་རེ་ལ་དངུལ་གྱི་ཕྲ་རྒྱན་འཛེར་འདུག་པའི་གྲྭ་བ་ལོ་ཅུང་ཆེ་བ་ཞིག་གིས"བརྒྱ་ཆ་བརྒྱ་རིན་ཆེན་སྤྲེའུ་ནག་དང་། ཕུན་ཚོགས་ཁ་ཤོ་སོགས་ཡིན་ངེས"ཞེས་བཤད་མ་ཐག བསེ་བསྡུས་གྲྭའི་དཔེ་དེབ་མགོ་མར་བསྟན་ནས་མཆན་ལ་བཙིར་ཡོད་པའི་གྲྭ་བ་ཞིག་གིས"ངས་གློག་འོད་ནས་གསལ་བོར་རིག་པ་ཡིན། ཁོ་ཚོས་སྐྱ་ཆས་སྤྲད་འདུག"ཅེས་བཤད། དེ་ནས་སྦྲང་ཆར་དུས་དེབ་དྲིལ་ནས་བཟུང་འདུག་པའི་གྲྭ་བ་སྤུས་དག་ཅིག་གིས"ང་ཚོའི་ཨ་ཁུ་ཞིག་གིས་སྐྲ་བྲེགས་འདུག་ཟེར། ཕལ་ཆེར་གྲྭ་བ་རེད"ཅེས་བཤད། འོན་ཏེ་དེ་མུར་ཁ་བརྡ་མེད་པར་"སྐྲ་བྲེགས་ཡོད་ན་གྲྭ་བ་ཡིན་པས་ཁྱབ་པར་ཐལ"ཞེས་གསེག་འདྲི་བའི་སྐད་ཆ་དེ་ཐལ་བས། ཁོས་ཀྱང་ཕ་རོལ་པོས་སྐད་ཆ་ལེགས་པོ་བཤད་ཀི་མེད་པར་བསམ་ནས་ཚ་མ་འུར་མར"ཁྱབ"ཅེས་ཤོར། དེ་ནས་གཅིག་ཤོར་གཉིས་ཤོར་གྱིས"ཇོ་མོ་ཆོས་ཅན"ཞེས་ཟེར་གྱིན་འདུག ནུབ་མོ་འཚོགས་གྲོལ་ལ་ཉེ་བ་ན་ཚོགས་ཆེན་ཞལ་ངོ་གདོང་ནག་རོག་གེར། ཐེར་ཤམ་ཆ་ཤིན་ཏུ་ཆེ་བ་ཞིག་གི་དཔྱི་ལྟག་གཉིས་ཚུར་ལ་བཀུག་པའི་མཚམས་ནས་ཐོན་སྣུམ་དམར་ནག་གི་གདན་ལ་གོས་ཆེན་དང་ཀོ་མར་གྱིས་རི་མོ་ཕབས་པའི་ཆབ་རིལ་གོམ་པའི་འདེགས་འཇོག་ལས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་གདོང་གྲལ་གྱི་དཀྱིལ་ཙམ་ལ་འོངས་ནས། ཕལ་ཆེར་འདོམ་པ་བཞི་ལྔ་ཙམ་ཡོད་པའི་ཐེར་མའི་གཟན་གྱི་སྣེ་མོ་ཕྲག་ཐོག་ནས་ཕབས་ཏེ་ཕྱག་གསུམ་མཚལ་ནས། "འོ་ལགས་སོ ད་རང་གིས་ཚིག་ཀ་འགའ་བཤད། བཤད་ཟེར་ནས་རང་ཉིད་ལ་མཚོན་ན་ཁ་ན་ཆོད་མེད་ཀི ཁོག་ན་ཤེས་མེད་ཀི ཁྱེད་རྣམ་པར་སེང་གེ་ངོ་ལ་ཁྱི་སྐད་ལྟ་བུ་ཞིག་རེད་མོད། ད་ཅུང་ཙམ་མ་བཤད་ན་མ་ལོ་ལོ། མ་སྤུར་ན་མ་འབར་འབར་ཞིག་རེད། དེས་རྐྱེན་གྱིས་ཁྱེད་རྣམ་པར་རི་མཐོན་པོའི་སྒང་གི་ཀི་དེ། ཐང་བདེ་མོའི་དཀྱིལ་ཀི་མ་གོ་མ་ཚོར་མེད་ནི་ཞིག་དགོས། དོན་དག་གང་རེད་ཟེར་ན་ཁ་སང་མཚན་མོའི་དོན་དག་དེ་རེད། ཁྱེད་རྣམ་པར་ལྟ་བ་ཐད་ཤར་རེད། མཐེ་དྲུག་ཀླད་ཤར་རེད། ངས་བཤད་མི་དགོས་བཤམས་ཡོད་ཀི འབྲི་མི་དགོས་དོད་ཡོད་ཀི དེ་ཡིན་ན་ངེད་དགེ་སྐོས་རྣམས་དང་། མཁན་པོ་ཨོ་རྒྱན་ཚང་དང་སྤྲུལ་སྐུ་མཁྱེན་རབ་ཚང་། ངེད་ཚོ་ལྷན་དུ་འཛོམས་ཏེ་སྒུར་བོ་དཀྱིལ་གི་བཞག དཔྱད་པ་མཐའ་ནས་གཅིག་གཏོང་གི་ཉིན་པར། དོན་དག་འདི་མོས་དགོན་པ་འདི་་་་་་་་་་ད་ཕྱིན་ཆད་སྲིད་པ་རྣམ་གསུམ་ནག་ཆགས་གཏན་ནས་དགོན་པ་འདིར་སྡོད་མི་ཆོག གལ་ཏེ་ཁྲིད་འོང་མཁན་ཡོད་ན་དེ་ཁོ་རང་ས་འདིར་འདུག་གི་རི་མོ་བྱང་ནི་ཡིན། ཀུན་དགའ་དོན་འགྲུབ་ལ་མཚོན་ན་དགོན་པ་འདིར་ནག་ཆགས་ཁྲིད་ནས་བླ་མ་གོང་མ་རྣམས་ཀྱི་གདན་ས་ཁྱད་པར་ཅན་འདི་བརྫད་པས་དམངས་སྒོར་སྟོང་གཉིས་ཀྱི་ཆད་པ་དང་། མིག་ཞར་མ་དེ་ཉི་མ་དེ་རིང་ནས་དགོན་པ་འདི་ནས་གཏན་ནས་སྡོད་མི་ཆོག ས་ཆ་འདི། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དང།། ལུང་དང་རྟོགས་པའི་བདག་ཉིད་དང།། དེ་འཛིན་བྱེད་པ་སྨྲ་བྱེད་དང་།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། (ཞལ་ངོའི་སྐད་ཆ་ལྟར་ཕབས)ཞེས་གསུངས་ཡོད་པ་རེད་མ་གཏོགས། འཁོར་བ་སྐྱོང་ས་དང་རྒན་མོ་གསོ་ས་མ་རེད། ཁྱེད་རྣམ་པར་གོ་བ་སྐེ་ཡིན། གོ་ལུང་རྣ་ཡིན་་་་་་་་"ཞེས་སྐད་མགོ་ཤིན་ཏུ་མཐོ་བའི་ངང་ཕལ་ཆེར་དུས་ཚོད་གཅིག་ལ་གཏམ་བཤད་འཐེན་ནས་མཇུག་མཐར"བཛྲ་ས་ཏྭ་ཧཱུྃ"ཞེས་ཟེར་ནས་གྲལ་རྔར་ལོག 
བདག་གིས་རིན་ཆེན་སྤྲེའུ་ནག་དང་ཕུན་ཚོགས་ཁ་ཤོ་སོགས་ནུབ་མོ་དེར་ཁྱིམ་དུ་མེད་པར་དགེ་སྐོས་དང་སྤྲུལ་སྐུ་ཚང་གིས་རྩད་གཅོད་ཞིབ་འཇུག་ཅིག་བྱེད་པའི་རེ་བ་ཆེན་པོ་ཞིག་བཅངས་ཡོད་ཀྱང་ཁོ་ཚོས་དེ་ལས་ལྡོག་སྟེ་ངེད་གཉིས་ལ་ཆད་པ་རི་འདྲ་བ་ཞིག་བཅད་སོང་བ་ནི་བདག་གི་བློ་ཡུལ་ལས་འདས་པ་ཞིག་རེད། ལག་དངུལ་བརྒྱ་ཁ་མི་གང་བའི་བདག་གིས་དམངས་སྒོར་དེ་འདྲ་ཞིག་གང་ནས་འཚོལ་ལམ། མིག་ཟུང་གི་ནུས་པ་ཉམས་ནས་ཟ་ཉལ་འགྲོ་འཆག་གི་བྱ་བ་ཡོད་ཅག་བདག་ལ་ཁེན་པའི་ཁོ་མོ་གློ་བུར་དུ་གནས་འདི་ནས་སྡོད་མི་ཆོག་ཟེར་བ་ནི་ཁོ་མོར་སྲོག་ཁྲིམས་བཅད་པ་དང་གཉིས་སུ་མ་མཆིས། བདག་གིས་དགེ་སྐོས་དང་སྤྲུལ་སྐུ་ལ་ཡང་དང་བསྐྱར་དུ་ཁོ་མོའི་གནས་ཚུལ་བཤད་ཀྱང་ཁོ་ཚོས། "འཇིག་རྟེན་ན་སྙིང་རྗེ་ཅན་ཁྱོད་གཅིག་པོ་ཡིན་ནི་མ་རེད"དང་། "རང་གིས་ཁོ་མོ་བློས་མི་ཐོངས་ན་དགོན་པ་བློས་ཐོངས"ལྟ་བུའི་སྐད་ཆ་རྩུབ་མོ་དང་སྦོམ་པོས་བདག་གི་སྙིང་ག་ཚལ་བར་གཤགས། 
 
བདག་གིས་བསམ་བློ་མང་དུ་བཏང་ཡང་ཁོ་མོ་མུན་ནག་གི་འཇིག་རྟེན་ཆེན་པོ་འདིར་གཏོང་མི་ཕོད། ང་རང་སྐད་ཅིག་ཙམ་ལ་བྲལ་ཡང་ཁོ་མོར་མཚོན་ན་མུན་ནག་གི་རྒྱ་མཚོར་ལྷུང་འགྲོ། ད་ནི་དངོས་གནས་ཁོ་ཚོས་བཤད་པ་ལྟར་བདག་གི་རྨི་ལམ་དང་ཕུགས་བསམ་མང་པོ་ཞིག་ཆམ་གྱིས་བཞག་ནས་དགོན་པ་འདི་བློས་གཏོང་མི་བྱེད་ག་མེད་རེད། དེ་བས་བདག་གིས་ཁོ་མོར"འུ་གཉིས་འཇིག་རྟེན་གཞན་ཞིག་ལ་བུད་འགྲོ"ཞེས་བཤད་དེ་བཅའ་ལག་ཙག་ཙིག་རྣམས་བསྡུ་གསོག་བརྒྱབས་ནས་གར་འགྲོ་འདིར་འགྲོ་གང་ཡང་མེད་ཀྱང་ངས་ཁོ་མོར་རང་གི་གོང་མཛུབ་འཛིན་དུ་བཅུག་ནས་དགོན་པའི་མར་ནང་གི་ཟམ་ཆེན་ལ་ཞུགས། ནུབ་མོ་ངེད་གཉིས་རྫོང་གི་མགྲོན་ཁང་ཞིག་ཏུ་བསྡད་ཅིང་། བདག་གིས་མཚན་གང་བོར་ཕྱི་ཉིན་གང་དུ་འགྲོ་དགོས་པར་འདང་བརྒྱབས་ཀྱང་ངེད་གཉིས་ལ་འཚམས་པའི་གནས་ཤིག་བདག་གི་ཡིད་ལ་གཏན་མ་ཤར། ཁོ་མོས་བདག་དགོན་པ་ནས་བསྡད་དེ་སློབ་སྦྱོང་བྱེད་པར་ཧ་ཅང་དགའ་བ་གསལ་བོར་ཤེས་པས་དགོན་པ་དང་བྲལ་དགོས་ཐུག་པར་སེམས་ཁྲལ་ཚད་མེད་བྱེད་ཀྱིན་འདུག ནངས་མོ་སྔ་སེ་ནས་ངེད་གཉིས་ཀྱིས་བཅའ་ལག་བསྡུ་གསོག་བྱས་ནས་འགྲོ་རན་ལ་ཐོན་ཡང་བདག་གི་སེམས་སུ་དམིགས་པའི་ཡུལ་ཞིག་མི་འཆར་བས་བདག་གིས་ཁོ་མོར"ད་འུ་གཉིས་གང་དུ་འགྲོ?"ཞེས་ཅི་བྱ་གཏོལ་མེད་ཀྱི་སྐད་ཆ་ཞིག་ཤོར་བས། ཁོ་མོ་བདག་ལ་འཐམས་ནས་ངུས་བྱུང་། དེ་མ་ཐག་བདག་གི་ཁ་པར་དིར་དིར་གྲགས་བྱུང་། འཆར་ཤེལ་ངོས་སུ་ཨང་གྲངས་ཆ་མེད་ཅིག་འཆར་མོད། "ཁྱོད་རང་གང་དུ་ཡོད"ཅེས་པའི་ཕ་རོལ་པོའི་སྐད་དེ་ནི་ཧ་ཅང་རྒྱུས་ཡོད་ཅིག་ཡིན་པ་འདྲ། "ང་རྫོང་གི་མགྲོན་ཁང་ཞིག་ཏུ་ཡོད། དོན་དག་ཅི་ཡོད། ཁྱོད་སུ་ཡིན"། "ང་རྒྱ་མཚོ་ཡིན། ང་ཚོ་ཡང་རྫོང་དུ་ཡོད"།  
 "ལགས་སོ།། ངས་ད་ཅི་མ་ཤེས་ལགས"
 "ཁྱོད་མགྲོན་ཁང་གང་དུ་ཡོད" 
"ང་བཀྲ་ཤིས་གཡས་འཁྱིལ་མགྲོན་ཁང་དུ་ཡོད"
 "ཡ དེ་ནས་ཐུག ཏིས་ཏིས" 
 
ཨ་ལགས་ཚང་གི་ཁ་པར་བཞག་བྱུང་། ཁོ་མོའི་མིག་ཆུའི་གཏོང་མཚམས་ད་དུང་ཆད་མི་འདུག བདག་གིས་ཁོ་མོའི་གནག་ཅིང་སྣུམ་པའི་སྐྲ་ལོ་ལ་བྱུག་བྱུག་བྱེད་ཀྱིན།
"ཁྱོད་མ་ངུ་། ངུ་དགོས་དོན་གང་ཡང་མི་འདུག འུ་གཉིས་ཀྱི་མ་འོངས་པར་བདེ་སྐྱིད་ལྡན་ཁོ་ཐག་ཡིན"།
ཞེས་བཤད་ནས་སྣ་གཤོང་དུ་བཞུར་བའི་ཁོ་མོའི་མིག་ཆུ་མཐེ་བོང་གིས་འཁུར་གང་དུ་དེད་ནས་མཚམས་བཅད། ཡིན་ན་ཡང་དེ་མུར་རང་གིས་མིག་ཆུ་ཤོར་སོང་། བདག་གིས་ཁོ་མོ་བྲང་ལ་སྦྱར་ནས་ཅུང་ཙམ་ངུས་པ་ན་སུ་ཞིག་གིས་མགྲོན་ཁང་གི་སྒོ་མོ་བརྡུངས་བྱུང་། ཁྱིམ་དུ་འཛུལ་འོང་བ་ནི་ཨ་ལགས་ཚང་། སྡེ་བའི་དཔོན་པོ་ཉི་མ། བདག་གི་ཨ་ཞང་དང་ཤ་ཉེ། ད་དུང་སྡེ་བའི་བསམ་དཀར་འགའ་ཞིག་བཅས་རེད། བདག་གིས་ངུ་མཚམས་རྦད་ཀྱིས་བཞག་ནས་འཚམ་འདྲི་ཞུས་ཤིང་ཁོ་ཚོ་ཉལ་ཁྲི་རུ་སྡོད་དུ་བཅུག རང་ཉིད་རྐུབ་སྟེགས་ཤིག་ཏུ་བསྡད། དེ་ནས་ཨ་ལགས་ཚང་དང་དཔོན་པོ་ཉི་མས་དབུ་བྱས་ནས་ཚང་མས"ཁྱོད་རང་དགོན་པ་ལས་འབུད་མི་ཉན། ང་ཚོའི་སྡེ་བར་མ་འོངས་པར་རེ་བ་བཅའ་ས་ཁྱོད་གཅིག་པོ་ལས་མེད། ཁྱོད་ངེས་པར་དུ་ཕྱིར་དགོན་པར་འགྲོ་དགོས། དམངས་སྒོར་སྟོང་གཉིས་པོ་སྡེ་བ་གཞུང་གིས་གྲ་སྒྲིག་བྱེད་ཆོག"།
ཅེས་ཞུ་བ་ནན་གྱིས་འཐེན་བྱུང་། ཁོ་ཚོས་སྐད་ཆ་བཤད་སྐབས་བསོད་ནམས་དཔལ་སྒྲོན་ནི་འགུལ་ཙམ་ཡང་མི་བྱེད་པར་མགོ་བོ་སྨད་ནས་བདག་གི་ཟུར་ནས་འགྲེང་ཚུགས་སུ་སྡོད། བདག་གིས་ཁོ་ཚོར་ལན་དུ།
"བདག་གིས་ཁོ་མོ་སྐྱབས་མེད་མགོན་མེད་དུ་མི་ཡུལ་འདིར་གཏོང་མི་ཕོད། ཁོ་མོར་སྐར་ཆ་ཙམ་ལའང་ང་མེད་མི་རུང་། ཁོ་མོ་ནི་བདག་ལ་ལས་ཀྱིས་གནང་བ་ཡིན་པས་ཁོ་མོའི་ཆེད་དུ་བདག་ལ་བློ་འགྱོད་མེད"།
ཅེས་བཤད་པ་ཡིན། ང་ཚོའི་སྡེ་བར་མཁན་པོ་ཟེར་བ་ཞིག་ཡོད་མྱོང་མེད་ལ། དཔེ་ཆ་ལེགས་པོ་ཤེས་མཁན་ཞིག་ཀྱང་ཡོད་མ་མྱོང་། དེའི་རྐྱེན་གྱིས་ཚང་མས་བདག་ལ་རེ་བ་ཆེན་པོ་བཟུང་ཡོད་པ་རེད། ཁོ་ཚོས་བདག་ལ་ཡང་དུ་བསྐྱར་དུ་བཤད་བྱུང་། ཤ་ཉེས་ཞི་འཇམ་གཉིས་ཀྱིས་བཤད་བྱུང་ལ། ཉི་མ་སོགས་ཀྱིས་ཞི་བ་ཁོ་ནས་བཤད། བར་སྐབས་དེར་བསོད་ནམས་དཔལ་སྒྲོན་གྱིས་མོ་རང་སྤྱོད་ཁང་དུ་འགྲོ་དགོས་ཟེར་བས་ངས་ཁོ་མོ་སྤྱོད་ཁང་དུ་བསྐྱལ། ནམ་རྒྱུན་ལྟར་ཁོ་མོ་ཕྱིར་ལོག་རག་བར་སྤྱོད་ཁང་སྒོ་ནས་སྒུག་པར་བསམ་མོད། 
"ང་རང་སྒུག་མི་དགོས། ང་གྱང་རྩ་དེེད་ནས་འོང་ཆོག"
ཟེར་བས་བདག་ཕྱིར་ལོག་པ་ཡིན། ཡུད་ཙམ་ནས་ཁོ་མོ་ཕྱིར་ལོག ཁོ་བོས་སྔར་བཞིན་ཁས་མ་བླངས་པར་ཡོད་ནའང་མོ་རང་གིས་ཅི་ཞིག་གསར་དུ་ཤེས་སོང་བ་ལྟར་བདག་གི་མདུན་དུ་པུས་མོ་བཙུགས་ནས།
"ཁྱོད་ཕྱིར་དགོན་པར་ལོག་རོགས། བདག་གི་ཆེད་དུ་ཁྱོད་ཀྱིས་ཡོད་ཚད་བློས་བཏང་ན་བདག་གི་སེམས་ནས་བཟོད་ཐབས་མེད། བདག་གིས་ཁྱོད་སློབ་མཐར་ཕྱིན་པར་སྒུག་ཆོག" 
ཅེས་ངུ་སྐད་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཏེ་བཤད། བདག་གིས།
"མིན། གཏན་ནས་མིན། ངས་ཁྱོད་རང་བསྐྱུར་ནས་གང་དུའང་འགྲོ་མི་ཉན། ང་མེད་ན་ཁྱོད་ཀྱིས་ཞག་མ་གཅིག་ཀྱང་མི་ཆོད་པ་མིན་ནམ" །
ཞེས་མཆི་མ་འཐོར་བཞིན་ཁོ་མོའི་གདོང་ལ་བལྟས་ནས་བཤད། དེ་དུས་དཔོན་པོ་ཉི་མས་ཀྱང་མིག་ཆུ་ལག་རྒྱབ་ཀྱིས་འཕྱིད་ཀྱིན་འདུག མགྲོན་ཁང་ནང་དུ་སྣ་སྐད་ཙམ་ལས་ཡུད་ཙམ་ལ་དབེན་འཇགས་འཇགས་བྱེད། ཅུང་ཙམ་ནས་སྡེ་དཔོན་ཉི་མས་བརྒྱ་ཁ་གཅིག་ཆོད་ཀྱི་ཚུལ་དུ།
" ཁྱོད་རང་ཕྱིར་ལོག་རྒྱུ་བྱོས། བསོད་ནམས་དཔལ་སྒྲོན་སྡེ་བའི་ཁྱིམ་ཚང་དག་གིས་རེས་བསྐོར་ནས་གསོ། རྒྱབ་འཁྱག་ཀི་མི་འཇུག ཁོག་ལྟོགས་ཀི་མི་འཇུག ངས་ཁག་ཁུར་ནི་ཡིན" །
ཞེས་བཤད་བྱུང་། ཁོ་མོས་ཀྱང"དེ་འགྲིག་ཀི"ཟེར་ནས་འཛུམ་མདངས་བཅོས་མ་ཞིག་གིས་བདག་ལ་བལྟས། མཐའ་མཇུག་དོན་དེ་ལ་ཐག་བཅད་ཅིང་། བདག་གིས་ཁོ་ཚོར་སེམས་གཏིང་ནས་བཀའ་དྲིན་ཞིག་ཀྱང་ཞུས། བདག་གིས་རྒྱབ་ཁུག་ལས་ང་རང་གི་དགའ་ཕྱོགས་ལྟར་ཉོས་པའི་སྟོད་ལྭ་ངང་སྐྱ་དེ་དང་། སྐྲ་སྡོམ་རིགས་འགའ་ཞིག་སོགས་ཡོད་པ་བླངས་ནས་རྩ་སྒྱེ་ཞིག་ཏུ་བརྫངས། སྡེ་དཔོན་ལ་ཁོ་མོའི་དགའ་ཕྱོགས་འགའ་ཞིག་བཤད་ཅིང་། ཁོ་མོའི་འཚོ་བར་དེ་དག་འཛོམས་ངེས་བྱེད་པའི་རེ་བ་ཞུས། དེ་ནས་ང་ཚོ་མགྲོན་ཁང་གི་ཐེམ་སྐས་ལས་མར་བབས། ལམ་ནས་ཁོ་མོས་བདག་གི་ལག་པར་དམ་པོར་འཁྱུད་ཅིང་དུས་ཚོད་ཐུང་ཐུང་དེ་དམ་འཛིན་བྱས་ནས་བདག་གི་བརྩེ་དུངས་ལ་རོལ་མྱོང་བྱེད་ཀྱིན་པ་འདྲ། ང་རང་ད་དུང་ཡང་མོ་དང་ཁ་འབྲལ་བའི་སྤོབས་པ་མི་འདུག་པས། ངས་ཨ་ལགས་ཚང་ལ་གདོང་ཕྱོགས་ནས།
"ང་ཚོས་ཟ་མ་བཟའ། དེ་ནས་ཁྱོད་ཚོ་ལམ་ལ་ལངས་ན་འཕྱི་མི་འདུག"
ཅེས་ལབ་ཀྱང་། ཁོ་ཚོས་ཚང་མས།
"མིན་མིན། ཟ་མ་མི་དགོས་ཀི"
ཟེར་ནས་མགོ་བོ་འཕྲེད་དུ་གཡུག བདག་གི་ཆེས་མཐའ་མཇུག་གི་རེ་བ་རྟ་རྔ་ཙམ་པོ་ཡང་དོན་ཐོག་ཏུ་འོངས་མ་བྱུང་། ཁོ་ཚོས་ཨ་ལགས་ཚང་གི་རླངས་འཁོར་དཀར་པོ་དེ་མགྲོན་ཁང་གི་མདུན་དུ་བཞག་འདུག ད་ངེད་གཉིས་ཀྱི་ལྷན་འཛོམས་ཀྱི་སྐལ་བ་ཅི་བས་ཉག་ཕྲ་བས།
"ད་ནི་ཁོ་ཚོའི་རླངས་འཁོར་ལ་ཉེ་བྱུང་། ཁྱོད་ཀྱིས་སྔོན་ཆད་ལྟར་ཕྱི་སོ་ནས་བདག་ལ་སྒུག་མི་ཉན། དོན་དག་ཡོད་ན་ང་ལ་ཁ་པར་ཐོངས་དང་ངས་ཉི་མར་དེ་དོན་གསལ་བོ་ཞུས་ཡོད། འུ་གཉིས་སླར་ཡང་འཕྲད་རག་བར་ཁྱོས་ངེས་པར་དུ་རང་ལུས་ལ་བདག་སྐྱོང་བྱེད་དགོས"
ཞེས་བདག་གི་མགྲིན་པ་མཆི་མས་བརྣངས་ན་ཡང་གཟབ་ནན་གྱིས་བཤད། ཁོ་མོའི་ནུས་པ་ཉམས་ཡོད་པའང་བཤད་དཀའ་བའི་མཐིང་མདོག་གི་མིག་ཟུང་ལ་ཆུ་འོད་བཀྲ་ཞིང་། ཁ་གཏད་དུ་ལངས་བའི་བདག་གི་གྲིབ་གཟུགས་ས་ལེར་ཤར་འདུག 
"ཡ ངས་ཁྱོད་ཀྱི་བཅོལ་གཏམ་ཁས་ལེན། ཁྱོད་ཀྱིས་དགོན་པ་ནས་བདག་ལ་སེམས་ཁུར་གཏན་ནས་མ་བྱེད་རོགས"
ཞེས་བཤད། ཨ་ཁུ་སྡེ་དཔོན་སོགས་ནི་ཉེན་རྟོག་པ་ཞིག་དང་འདྲ་བར། 
"ད་འགྲོ མྱུར་དུ་མ་སོང་ན་དོ་དགོང་ཡུལ་ལ་ཐོན་དཀའ"
ཟེར། སོ་སོའི་དམིགས་འབེན་འགྲུབ་རྗེས་ངེད་གཉིས་ཀྱི་བྲལ་གདུང་ལ་ཁ་ཡ་ཆེན་པོ་བྱེད་གྱི་མེད་པ་འདྲ། བསོད་ནམས་དཔལ་སྒྲོན་གྱིས་གློ་ཁུག་ལས་ངེད་གཉིས་ཐོག་མར་འཕྲད་པའི་ལོར་བདག་གིས་ཁོ་མོར་ཉོས་པའི་སྒྲ་ཉན་ཆས་དེ་བླངས་ནས་ཚུར་བསྲིངས་བྱུང་། 
"འདི་ཁྱོད་ཀྱིས་ཁྱེར་རོགས" ཟེར་བས།
བདག་གིས་དེ་འཕྲལ་ཚུར་བླངས། དེ་ནས་ཁོ་མོ་རླངས་འཁོར་དུ་བུད་སོང་། ཁོ་མོ་ནང་དུ་བུད་མ་ཐག་རླངས་འཁོར་གྱིས་དུང་བརྡ་རིང་ཐུང་གཉིས་བསྟུད་མར་བསྒྲགས་ནས་ཤར་སེ་བུད་སོང་། བདག་གི་སྙིང་ཁོང་ནས་ཅི་ཞིག་ཁྱེར་སོང་བ་དང་འདྲ་བར་ཡུད་ཙམ་ལ་རྗེས་སུ་ཅེར། ཡིན་ན་ཡང་རླངས་འཁོར་དེས་ནི་བདག་ལ་དོ་སྣང་ཙམ་ཡང་མེད་པར་ཅི་ཞིག་ཤོར་སོང་བ་ལྟར་འཚུབ་ཆ་དང་བཅས་ཏེ་བུད་སོང་། དེ་ནས་ཁོ་མོས་སྤྲད་པའི་སྒྲ་ཉན་ཆས་དེར་ལྟ་བཞིན་འཁོར་ལྷས་སུ་ལོག དང་ཐོག་སྒྲ་ཉན་ཆས་འདི་དམར་པོ་ཡིན། སྒྲ་དུང་དེ་ཁོ་ན་ལྕགས་ཁྲ་ནག་པོ་ཡིན། འོན་ཏེ་ད་ནི་ལྟག་མགོ་བཞི་པོ་དཀར་པོ་དཀར་རྐྱང་དུ་སོང་འདུག འབུར་འབུར་གང་ཡོད་ཀྱི་རྩི་ཤུན་དག་ནས་དཀར་པོར་ཆགས་འདུག ངས་ཁོ་མོར་དངོས་པོ་འདི་ཉོས་ནས་ད་ལོའི་བར་ལོ་ངོ་བདུན་བརྒྱད་ཅིག་འགོོར་ན་ཡང་ད་བར་དུ་མཐོང་མ་སོང་། ལོ་ངོ་དེ་དག་གི་རིང་ཁོ་མོ་ང་དང་ཁ་བྲལ་ནས་སྡོད་སྐབས་དེ་དག་ལ་ཁོ་མོས་སྐྱིད་སྡུག་གི་ལས་དབང་འདི་ལ་བཅོལ་ནས་སུན་སྣང་གི་མི་ལོ་བདུན་བརྒྱད་ཙམ་ཡུན་གྱི་བསྐྱལ་ཡོད་པ་འདྲ་བས་བདག་གི་སེམས་སུ་དངོས་པོ་འདིར་དུང་བ་བླ་ལྷག་ཅིག་འཕེལ་བས་དེ་མུར་དངོས་པོ་དེ་རུམ་ལ་བཅུག་ནས་འཁོར་ལྷས་སུ་བསྐྱོད། ནུབ་མོ་ང་རང་སྔར་གྱི་ཁང་ཆུང་དེ་རུ་ཉལ། ཁང་ཆུང་དེའི་གྲུ་ལོགས་ཤིག་ན་སྙིགས་ཟོམ་ཆུང་ཆུང་ཞིག་ཡོད་ཅིང་། བདག་གིས་ཁོ་མོའི་གནག་སྣུམ་གྱི་སྐྲ་ལོ་ཤད་སྐབས་སྐུ་ཚེ་རྫོགས་པའི་སྐྲ་ཉག་མང་པོ་ཞིག་ལྷུང་སོང་བའང་ད་ལྟ་སྙིགས་ཟོམ་དེའི་ཁ་ན་མཐོང་ཞིང་། བདག་གི་ཉལ་ས་ནས་མར་ཕྱོགས་སུ་བལྟས་ན་ཐད་ཀར་མཐོང་བའི་ལྡེབས་ངོས་ནས་འཐེན་པའི་ཐག་རྡང་དུ་ཁོ་མོའི་སྟོད་ལྭ་དམར་སྐྱ་ཞིག་འཕངས་འདུག སྟོད་ལེ་དེའི་ཕུ་ཐུང་གཉིས་ལ་ཚི་ནག་ཅུང་འདུག་ཅིང་། གཤམ་སྒང་གི་སྲུབ་ཆད་ནས་མཆན་ཁོང་བར་གཏུགས་འདུག་མོད། མངོན་ཆུང་གིས་ཐག་པ་དེའི་སྟེང་དུ་ཕུ་ཐུང་གཉིས་ལ་ཡོ་རིང་ཅུང་ཙམ་ཤོར་ནས་བསྣར་འདུག་པས་བདག་ལ་ཡི་མུག་ཅིག་སྟེར། ང་རང་ཕྱིར་ལོག་པའི་མཚན་མོ་དགོན་པའི་ཕྱི་རོལ་ན་ཁྱི་སྐད་རེ་ཟུང་གཏིང་ནག་པའི་མུན་ནག་གི་མཁའ་རུ་ཡལ་བ་སྐབས་སྐབས་སུ་ཚོར་བ་ལས། དགོན་སྡེ་འདི་སྟོང་འཇགས་འཇགས་ངང་གནས། ངས་སྟོང་འཇགས་དེ་དང་བསྟུན་ནས་ཁོ་མོའི་སྒྲ་ཉན་ཆས་ཀྱི་གློག་སྒོ་ཕྱེས། ཅུང་ཙམ་དུ་སག་སྒྲ་གྲགས་ནས་སྙིང་ལ་གཟན་པ་ལྟ་བུ་ཞིག་ཏུ་མངོན་ཡང་། དེ་ནས"་་་་་་་་"ཡུད་ཙམ་ལ་ཅི་ཡང་མི་གྲག་པར་གནས་མོད། དེ་མ་ཐག་ཁོ་མོས་ངུ་ཤུམ་དང་བཅས " ཁྱོད་ཀྱིས་ལོ་ངོ་བརྒྱད་ཀྱི་རིང་ལ་སུན་པ་མེད་པར་ང་རང་བསྐྱངས་པར་ཐུག་རྗེ་ཆེ།" ཆིག་ཆུས་ཁོ་མོའི་བཤད་མཚམས་བཅད་བྱུང་། དེ་ནས་སླར་ཡང་ངུ་སྐད་འདྲེས་མའི་སྐད་ཀྱིས"ཁྱོད་རང་་་་་་སྐར་ཆ་ཙམ་ལ་་་་་་མེད་ན་ཡང་འཇིག་རྟེན་འདི་ན་ང་གཅིག་པུར་ལུས་འདུག་པ་འདྲ། སྐབས་དེ་དག་ཏུ་ང་ལ་འཇིགས་སྐྲག་དང་སྐྱོ་ཡུས་བཟོད་བླགས་མེད་པ་འདུག ཡིན་ན་ཡང་ཁྱོད་ཀྱིས་ལོ་ངོ་བརྒྱད་ཀྱི་རིང་ལ་བདག་ལ་མགོན་སྐྱབས་གནང་བ་རེད། ཡིན་ན་ཡང་་་་་་་་། ངས་ཁྱོད་ལ་དྲིན་ལན་རྟ་ལྔ་ཙམ་ཡང་གསོད་མི་ཐུབ།" དེ་ནས་ཕལ་ཆེར་ཁོ་མོའི་སྐར་ཆ་གཅིག་ཙམ་ལ་ངུས་ནས་ཚིག་ཀ་རྡོག་གཅིག་ཤོད་མ་སོང་། སྐབས་དེར་བདག་གན་རྐྱལ་དུ་ཉལ་ཡོད་པས་མིག་ཆུ་མིག་ལྟག་ནས་བཞུར་ཏེ་སྔས་མགོར་འདྲེས། མུན་ནག་གི་ཁྲོད་ན་ཁོ་མོའི་ངུ་སྐད་ཁོ་ན་བདག་གི་སེམས་སུ་ལྷུང་། ཚོར་སྣང་ཞིག་ལ་ཁོ་མོ་བདག་གི་འཁྲིས་སུ་ཐོན་ནས་བཤད་ཀྱིན་པ་འདྲ། " ་་་་་་དགོངས་པ་མ་ཚོམས། དྲང་མོ་བཤད་ན་ངས་ཁྱོད་རང་གི་ཕ་མ་ལྟ་བུ་ཞིག་ཏུ་སེམས་དགོས་པ་རེད། ཡིན་ན་ཡང་་་་་་་་་་ངའི་སེམས་སུ་ཁྱོད་ནི་་་་་་་་་རང་གི་ཚེ་གཅིག་གི་བརྩེ་དུང་བཅོལ་ས་ལྟ་ཞིག་ཏུ་་་་་་་འདང་བརྒྱབས་འདུག ང་ཡི་སྙིང་ཉེ་བའི་མི" སྐད་ཆ་དེས་བདག་གི་སེམས་པ་བློང་བློང་པོ་གྱུར་ཅིང་། ཁོ་མོར་བཙན་གཡེམ་བྱས་པའི་དགོང་མོ་བཤད་པའི་སྐད་ཆ་དེར་གཟོད་གོ་བ་རྣལ་མ་ཞིག་སྤྲད་སོང་། བདག་གིས་མགོ་བོ་བཏུམས་ནས་ཅུང་ཙམ་ངུས་ནའང་སེམས་པ་དེ་བས་སྡུག་པས། བལ་ཕྱར་དམར་ཁྲ་དེ་གཡང་ཤམ་ལ་གྱོན་ནས་དགོན་པའི་ཡར་ནང་གི་རི་འབུར་དེའི་མགོ་རུ་བུད་པ་ཡིན། རྒྱང་རིང་ནས་ཁྱི་སྐད་རེ་ཟུང་མུན་ནག་གི་གཏིང་ནས་ཡལ་འོང་བ་ལས་ཡོད་ཚད་ཁུ་སིམ་མེར་འདུག རི་འབུར་དེའི་མགོ་ནས་མཚན་རླུང་གྲང་ཤུར་ཤུར་ཞིག་གཡུག་ཅིང་། དར་ལྕོག་དག་གིས"ཕུ་ཕུ་ཕུ"ཟེར་ནས་བར་མེད་དུ་གཡུག་གིན་འདུག བདག་གིས་རྒྱང་རིང་དུ་ལྟ་བར་འདོད་ཀྱང་མདུན་ཕྱོགས་ཀྱི་རི་བོ་མཐོན་པོ་དེས་ང་ཡི་མཐོང་ལམ་ཡོངས་སུ་བཀག་འདུག ངས་ཁོ་མོ་ཡོད་སའི་ནམ་མཁའ་མི་མཐོང་ཡང་རི་བོ་མཐོན་པོ་དེའི་སྒང་ནས་སྐར་མ་དག་གིས་བདག་ལ་སྙིང་ཉེ་ཉེ་ཡིས་ཟིམ་ཟིམ་ཟིམ་བྱེད། རི་འབུར་དེ་ནས་བདག་གིས་ངེད་གཉིས་ཀྱི་འཚོ་བ་མང་པོར་ཕྱིར་དྲན་བྱས་ཤིང་། ཁོ་མོ་འགྲོ་ཁའི་རྣམ་པ་དེ་དྲན་ཚེ་གཟོད་རང་ཉིད་འཇིག་རྟེན་འདི་ན་ཡོད་པ་ཚོར་བ་དང་འདྲ་བར་སྔམ་པ་རིང་མོ་ཞིག་འཐེན་པ་ན། ལུས་ཡོངས་མཚན་རླུང་གིས་གྲང་ཤུར་ཤུར་བྱེད་ཀྱིན་འདུག་ལ། རྒྱང་རིང་གི་ཁྱི་སྐད་རེ་ཟུང་ཧ་ཅང་ཐག་རིང་ན་གྲག་གིན་འདུག ནག་རབ་རིབ་ཀྱི་རང་བྱུང་ཁམས་ཁ་རོག་གེར་སྡོད་ཅིང་། མི་རྣམས་ནི་རྡུལ་ཕྲན་ཆུང་ངུ་རེ་རེ་དང་འདྲ་བར་དེའི་པང་ཁུག་ན་གཉིད་དུ་ཡུར་འདུག ཀུན་དགའ་དོན་གྲུབ་ཟེར་བའི་ཚེ་སྲོག་ཆུང་ངུ་ཞིག་རི་འབུར་འདི་ན་ཧ་ཅང་སྐྱོ་བཞིན་པར་སུས་ཀྱང་ཁ་ཡ་མི་བྱེད་ལ། སུས་ཀྱང་མཉམ་ཡང་བཞག་མེད་པ་འདྲ། ནངས་མོ་ནམ་ལངས་མ་ལངས་ཤིག་ནས་བདག་ཕྱིར་སྤྱིལ་ཆུང་དུ་ལོག་པ་ཡིན། ཉིན་གུང་ང་ཡི་སློབ་གྲོགས་ཉི་མ་ཟེར་བའི་ཕར་ཕྱིན་འཛིན་གྲྭའི་སྐྱོར་དཔོན་དེ་བདག་གི་མདུན་དུ་འོང་ནས། དགེ་སྐོས་ཀྱི་མདུན་དུ་འགྲོ་དགོས་ལུགས་མང་པོ་ཞིག་བཤད་མོད། ང་ལ་དེའི་ཡི་ག་མེད་པས་ཁོ་རང་ཕྱིར་བཏང་བ་ཡིན། ཡིན་ན་འང་ནུབ་མོ་ཁོ་ཚོ་ཚུར་ཐོན་བྱུང་། ང་ཡིས་ཆུ་འཁྱག་གི་རྩམ་པ་རྫི་བཞིན་པའི་སྒང་ལ་ཁོ་ཚོ་གློ་བུར་བདག་གི་ཁྱིམ་ལ་འཛུལ་བྱུང་། སྐྱབས་ལོ་ཟེར་བའི་དགེ་སྐོས་དེས "ཁྱོད་ཀྱིས་དགོན་པ་མིག་ཞར་མ་ལ་བརྗེས་ནས་བུད་སོང་བ་མིན་ནམ" ཞེས་ཟེར། བདག་གིས་ཟེར་རྒྱུ་མ་ཆུད་ནས་ཡོད་པའི་སྒང་དེར་དགེ་སྐོས་གཞན་ཞིག་གིས"ཁྱོད་ཕྱིར་ཐོན་ན་ཨ་ལགས་ཚང་གི་མདུན་དུ་སོང་ནས་སྙན་གསང་མི་ཕུལ་དོན་ཅི་ཡིན" དོན་གྱིས་ཁོ་ཚོའི་མདུན་དུ་དར་ཁ་བཟུང་ནས་འགྲོ་སྲོལ་ཡོད་པ་ལྟར་མ་སོང་བས་ཐུགས་རྒྱལ་བཞེངས་འདུག་པ་འདྲ། བདག་གིས"ངས་སྒྲིག་འགལ་གང་ཡང་བཟོས་མེད། ང་ཨ་ལགས་ཚང་གི་མདུན་དུ་འགྲོ་དགོས་དོན་ག་རེ་ཡོད་དམ"ཞེས་བཤད་ནས་ཅ་ནེ་ཡིག་ཅོག་ཏུ་བཞག སྐྱབས་ལོས་ཁྲོ་ཉམས་དང་བཅས"དགོན་པ་ནས་འགྲོ་བསམ་དུས་འགྲོ་བ་དང་། འདུག་བསམ་དུས་འདུག་ན་ཆོག་ནི་མ་རེད། ཁྱོད་ཡར་ལུང་ཁོག་གི་བསྡད་ན། ཡར་ལྷ་ཤམ་བྷ་མཆོད་དགོས་ནི་རེད" ཅེས་ཟེར། ང་རང་སེམས་གཏིང་ནས་ཁྲོས་ཏེ།
"དགོན་པ་འདི་ཁྱེད་ཀི་ཁྱིམ་མ་རེད། ཁྱོད་ཚོ་མྱེ་རུ་མཆུ་ནག་ཅིག་ཡིན་ན་ཅི་བརྫེ་ཆོག་ཀི་མ་འདོད། ཁྱོད་ཚོ་རང་ཉིད་ཀྱི་སྐྱོན་ཆོས་དང་། གཞན་གྱི་སྐྱོན་བཅོས་ཅན་པོ་ཡིན་ནི་མ་རེད"
ཅེས་ཤོར། དེ་མ་ཐག་སྐྱབས་ལོ་ཡར་ལངས་ཞོར།
 "ཡ ང་རང་གི་ས་ནས་འདུག ངས་དེ་རིང་ནས་འགན་མི་ཁུར"
ཟེར་ཞོར་ཤར་སེ་བུད་སོང་ལ། གཞན་དག་ཀྱང་དེ་རྗེས་སུ་བུད་སོང་། དེ་ནས་སྐྱབས་ལོས་ཁོས་འགན་མི་ཁུར་ཟེར་ནས་འཚོགས་གྲལ་དུ་མ་འོངས་བས་ཨ་ལགས་ཚང་གིས་ང་མདུན་དུ་བོས་བྱུང་། ང་ཡང་ཁོང་གི་མདུན་དུ་བཅར་བ་ན་སྐྱབས་ལོ་སྔ་ས་ནས་ཐོན་འདུག ཁོང་གི་མཆོད་སྒྲོམ་གྱི་དཀྱིལ་ལ་ཤཱཀྱ་ཐུབ་པའི་འདྲ་སྐུ་ཆེ་ཆུང་རན་ལ། ཁ་དོག་ལེགས་པ་ཞིག་བཞག་ཅིང་། དེའི་མདུན་དུ་ཤེལ་གྱི་བདུན་ཚར་ཞིག་ཏུ་ཆུ་གཙང་བླུགས་ནས་བསྟར་འདུག མཆོད་སྟེགས་ཀྱི་གཡས་ཕྱོགས་ཀྱི་བང་རིམ་དང་པོར་བར་མེད་དུ་འཁོར་བཞིན་པའི་མ་ཎིའི་ཤོག་འཁོར་ཞིག་གི་འོག་ན་མར་ཁུ་དམར་སེར་འཁྱིལ་བའི་མཆོད་མེ་ལམ་ལམ་འབར་ཞིང་། མཆོད་སྡོང་གི་རྩེ་ལ་སོལ་བ་ནག་པོ་ཞིག་དྲིལ་འདུག ཨ་ལགས་ཁོང་ཉིད་ཤིང་ལེབ་འཐུག་པོའི་ཉལ་སྒམ་གྲུ་བཞི་རུ་པགས་སྟན་ཞིག་བཏིང་ནས་དཀྱིལ་ཀྲུང་བརྟན་པོས་བཞུགས་ཤིང་། པང་ལ་སྤྱང་ལྤགས་ཤིག་གིས་གཅུད་འདུག རྡོ་སོལ་གྱི་མེ་ཕུང་དམར་བོང་བོང་ངང་ཡོད་པའི་མེ་ཐབ་ལ་བསྐྱོན་པའི་རྫ་མའི་མཆུ་ནས་ཁ་རླངས་འཕྱོ་ཞིང་། ཁ་རླངས་དྲགས་པས་ཁ་ལེབ་ཀྱང་སྤར་ཙམ་སྤར་ཙམ་བྱས་ཏེ་ཇ་གདུ་བཞིན་འདུག མདུན་ཕྱོགས་ཀྱི་གྱང་ལྡེབས་སུ་ཨ་ཙ་ར་གླང་ཁྲིད་དང་མཐུན་པ་སྤུན་བཞི་གྲ་དག་གིས་སྦྱར་འདུག་པས། ཨ་ལགས་ཚང་གི་ཁྱིམ་ནི་གྲ་དག་ལ་དྲོད་ཁོལ་ལྡན་པ་ཞིག་རེད། ང་སྐྱབས་ལོའི་མར་སྣེ་ནས་བསྡད་པ་ན། ཨ་ལགས་ཚང་གིས་མ་ཎི་བགྲང་བའི་མཐེ་བོང་བརྒྱ་དཔོན་རྩར་ཐོན་པར་ད་དུང་ཕྲེང་རྡོག་ཉི་ཤུ་སུམ་ཅུ་ཞིག་འདུག བརྒྱ་དཔོན་རྩར་སླེབས་མ་ཐག་ཨ་ལགས་ཚང་གིས་བཅུ་ཚར་སྣུད་ཀྱིན། 
"ཁྱོད་ཐོན་སོང་བ་བཟང་གི་སྐྱབས་ལོས་སྔར་ནས་བསྒུགས་ཡོད"
ཅེས་གསུང་བྱུང་། བདག་གིས་འཛུམ་ཙམ་བྱས་པ་ན་ཨ་ལགས་ཚང་གིས་སླར་ཡང
"ཁྱེད་གཉིས་ཀྱིས་ཁ་སང་ཁ་ནོག་བྱས་ཡོད་ས་རེད། ཡིན་ན་ཡང་ལས་སྣེ་པ་རྣམ་པ་དང་ཁྱེད་རྣམ་པ་དཔེ་ཆ་དགོངས་ནི་ཚོ་ཐུགས་མཐུན་དགོས། ཁྱེད་རྣམ་པ་གཙོ་བོ་མཐུན་ན་དགོན་པ་འདི་ཡུན་རིང་དུ་གནས་ཐུབ་རྒྱུ་རེད་། གལ་ཏེ་ཁྱེད་རྣམ་པ་ནང་མ་མཐུན་ན་ད་དགོན་པ་འདི་གནས་དཀའ་མོ་རེད"
ཅེས་གསུངས་ནས་ཅུང་ཟད་བཞུགས་ཤིང་། 
"ཁྱེད་གཉིས་ཀྱི་དོན་དག་ཐག་ཆོད་ང་ཚོས་ཡིག་ཐོག་ཏུ་ཕབས་ཡོད། སང་ཉིན་ཚོགས་ཐོག་ནས་བསྒྲགས་འོང་རྒྱུ་རེད་། ངས་དེ་རིང་འདི་ནས་བཏོན་མ་བཏོན་མེད་ཀི དེ་ནས་ཁྱེད་རྣམ་པས་མ་འོངས་པར་ཡིད་འཛིན་སེམས་འཛིན་མི་བྱེད་པར་དགོན་པ་འདིའི་ཆེད་དུ་མཐུན་སྒྲིལ་གྱིས" 
ཟེར། བདག་གིས
" ལགས་སོ"
ཞེས་བཤད་ནས་ཕྱིར་ལོག་པ་ཡིན། ཡིག་ཐོག་ཏུ་ཕབས་དགོས་པའི་ངེད་གཉིས་ཀྱི་དོན་དག་ཅི་ཞིག་ཡིན་ནམ་སྙམ་ན་ཡང་། ཨ་ལགས་ཚང་གི་ཁྱིམ་ལ་ཐོག་དང་པོར་ཐོན་པ་ཡིན་པ་དང་། ཉིན་འདི་དག་ལ་མི་སུ་ལ་ཡང་ཁ་ཡ་བྱེད་མི་འདོད་པས་ཐད་ཀར་རང་ཁྱིམ་དུ་ལོག ཕྱི་ཉིན་འདོན་པ་ཚར་མ་ཐག་ཚང་མ་འཇམ་ཅག་གེར་སོང་། དགེ་སྐོས་ཤིག་གིས་ཤོག་ལྷེ་ཞིག་བཟུང་ནས་གདུང་གྲལ་གྱི་སྐེད་ཙམ་ལ་འོང་བ་ན། ཚང་མས་ཤུབ་ཤུབ་ཅིག་སྨྲ་བཞིན་འདུག དགེ་སྐོས་ཀྱིས།
"འོ་ལགས་སོ་་་་་དོན་ཚན་ཉུང་ཉུང་ཞིག་ཞུ་རྒྱུ་ཡོད། དེ་གང་རེད་ཟེར་ན། ཀུན་དགའ་དོན་གྲུབ་ཀྱིས་དགེ་སྐོས་ལ་ལན་བྱས་པ་དང་། ཁོ་རང་བཤད་གྲྭ་འདིར་སྡོད་ཆོག་མི་ཆོག་ལ་དོགས་གཞི་འདུག་པས། ང་ཚོས་ཨ་ལགས་ཚང་དང་མཁན་པོ་ཚང་ལ་སྙན་ཞུ་ཕུལ་ནས་གཏན་འབེབས་གྲོས་ཆོད་ཡི་གེ་ཞིག་ཡོད། དེ་གཅིག་འདོན། ཕྱིན་ཆད་སྲིད་པ་རྣམ་གསུམ་ལ་སོ་སོས་གྲོས་ཆོད་གཏན་འབེབས་འདི་དང་མ་འགལ་བ་ཞིག་གམ། འགལ་ན་འདིའི་ནང་བཞིན་བཤགས་པ་ཕྱིར་བཅོས་བྱེད་དགོས"
ཞེས་བཤད་ནས་ལག་གི་ཡི་གེ་འདོན་འགོ་བརྩམས། ཚང་མས་རེ་སྒུག་གི་རྣམ་པས་གྲོས་ཆོད་ཡི་གེ་འདོན་པར་བསྒུགས་འདུག "ཀུན་དགའ་དོན་གྲུབ་ཀྱིས་དགེ་སྐོས་ལ་ལན་བྱས་པ་དང་དགོན་པ་འདི་ལ་ངན་སྨད་བྱས་པས་ཕྱག་བརྒྱ་འཚོགས་ཞབས་ནས་མཚལ་དགོས། ལོ་དགུའི་རིང་ལ་བཤད་དགོན་གཉིས་ཀའི་འགན་འཛིན་གྱི་ཁུར་ཆེན་པོ་བཞེས་པའི་དགེ་སྐོས་སྐྱབས་ལོ་མཆོག་ལ་ཚིག་རྩུབ་དང་ངན་སྨད་གང་མང་བྱས་པས་ཁོང་ལ་སྒོར་ལྔ་བརྒྱ་དང་དར་བཅས་ཀྱིས་བཤགས་དགོས། ད་དུང་མིག་ཞར་མ་དེས་བཤད་པ་ཚང་མས་གོ་བ་དང་། མདངས་ནུབ་ཁོས་སྒྲ་སྒམ་ཞིག་ལས་མིག་ཞར་མ་དེས་མོ་རང་གི་བརྩེ་དུང་ཁྱོད་ལ་བཅོལ་ཡོད་ཅེས་པའི་སྒྲ་གཏོང་བཞིན་པ་འགའ་ཞག་གིས་དངོས་སུ་ཐོས་པར་བརྟེན། དོགས་གཞི་ཆེན་པོ་ཡོད་པས་ལོ་ལྔ་ལ་ཁོ་རང་གཏན་ནས་མིག་ཞར་མ་དེ་དང་ཐུག་འཕྲད་བྱེད་མི་ཆོག ཕྱིན་ཆད་སུས་གོང་གི་གནད་དོན་དེ་ལྟ་བུ་བྱས་ན་ཐག་གཅོད་དེ་ལྟར་ཡིན། བཤད་དགོན་གཉིས་ཀྱི་ལས་འགན་ལྷན་ཚོགས་ནས།" 
ཞེས་བཏོན་ནས་མར་གྲལ་སྔར་ལོག ཚང་མས་ཅི་ཞིག་ཤུབ་ཤུབ་ཀྱིས་སྨྲ་བཞིན་བདག་གི་ཕྱོགས་སུ་ལྟ། ང་ནི་འཚིག་པ་གཏིང་ནས་ཟོས་ཏེ་ད་ནི་དགོན་པ་འདི་ནས་སྐར་ཆ་ཙམ་ལ་མི་འདུག་ཅེས་སྙམ་བཞིན་རང་ཁྱིམ་དུ་ལོག་ནས་ཕུ་བོར་ཁ་པར་བཏང་། གནས་ཚུལ་ཚང་མ་བཤད་ནས་ང་དགོན་པ་ནས་མི་སྡོད་ཅེས་ནན་གྱིས་བཤད་ནའང་། ཕུ་བོ་ནི་ང་ལས་ཀྱང་ཨུ་ཚུགས་ཆེ་བས་ངེས་པར་དུ་དགོན་པ་ནས་སྡོད་དགོས་ཞེས་བཤད་ལ། དེ་མ་ཐག་ཨ་མས་ཁ་པར་འོངས་ཏེ"གལ་ཏེ་ཁྱོད་དགོན་པ་ནས་མ་བསྡད་པར་འོང་ན། ད་ཕྱིན་ཆད་ང་ལ་ཁྱོད་ཟེར་བའི་བུ་ཞིག་མེད།" 
ཅེས་དང་། ཨ་ཞང་གིས་ཀྱང
" ཁྱོད་དགོན་ནས་སྡོད། ལོ་ལྔ་པོའི་རིང་ལ་བསོད་ནམས་དཔལ་སྒྲོན་ང་ཚོས་བདག་ལེགས་པོ་བྱེད། སྒོར་མོ་ལྔ་བརྒྱ་ངས་ཁྱོད་ལ་སྐུར་འོང་། ཁྱོད་ཀྱིས་བསམ་བློ་ཐོངས། ཁྱིམ་ཚང་གི་སེམས་མ་དཀྲུག དགོན་པ་དང་འགལ་ན་ཚེ་འདི་ཕྱི་གཉིས་ཀ་ཚར་ནི་རེད"
ཟེར་ཞིང་། ང་རང་ངེས་པར་དགོན་པ་འདི་ལས་འབུད་འདོད་ཡོད་ནའང་། ཁོ་ཚོའི་ངོ་མ་ཆོག ལྷག་ཏུ་ཨ་མའི་ངུ་སྐད་ཀྱིས་ང་རང་མི་སྡོད་ཐབས་མེད་བྱས་སོང་། དེ་ནས་ལོ་ངོ་གཉིས་གསུམ་ཞིག་ལ་ནམ་རྩ་སྐྱ་འགྲོ་སྔོ་འགྲོ་བྱས་ཤིང་། སྔོན་ཆད་ཀྱི་འཛིན་གྲྭ་ཆེས་མཐོ་བའི་སྐྱོར་དཔོན་ཀུན་དགའ་དོན་གྲུབ་ད་ནི་འཛིན་གྲྭ་ཆེས་དམའ་བའི་བརྡ་སྤྲོད་འཛིན་གྲྭའི་ནང་དུ་བསྡད་ནས་སྙན་ངག་དམ་དུམ་རེ་འབྲི་བཞིན་ལོ་ངོ་ལྔའི་ཕྱི་མཐའ་ལ་བསྒུགས་འདུག བཤད་གྲྭའི་རྩོད་ཆེན་སོགས་བྱེད་སྐབས་སྔོན་ཆད་ཀུན་དགའ་དོན་གྲུབ་རིགས་ལམ་དང་གོ་བ་གཉིས་ཆར་གྱི་བཤད་གྲྭའི་རྐང་འཛིན་པ་ཡིན་མོད། ད་ནི་རྩོད་ཆེན་སོགས་ཀྱི་སྐབས་སུ་རི་སྒང་དུ་ཁེར་རྐྱང་དུ་འགྲོ་བ་དང་ཁྱིམ་ནས་གཉིད་པ་སོགས་བྱེད། ལོ་ངོ་འདི་དག་གི་རིང་ལ་ཀུན་དགའ་དོན་གྲུབ་རི་སྒང་དུ་འགྲོ་བའི་འཚོ་བའི་གོམས་གཤིས་ཤིག་ཆགས་འདུག དེ་ནི་རི་སྒང་ནས་རྒྱང་རིང་རྒྱང་རིང་གི་སྤྲིན་པ་མཐོང་བས་རེད། རྒྱང་རིང་རྒྱང་རིང་གི་སྐར་ཚོགས་མཐོང་བས་རེད། རི་སྒང་དུ་སོང་ནས་རྒྱང་རིང་གི་སྐར་མའམ་སྤྲིན་པའི་འོག་ནས་ཁོ་མོ་ངུ་བཞིན་པའམ། ཡང་ན་རང་ཉིད་སྒུག་བཞིན་པའམ། ཡང་ན་གཉིད་ནས་སྔུར་བ་ཡང་མོ་འཐེན་གྱིན་པ་བློས་བསླངས་བྱས་ན་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ཡོད་པས། ད་ནི་ཚོར་བ་དེ་ལ་གོམས་ལོབས་སུ་ཕྱིན་འདུག  
 
ང་དང་ཁོ་མོ་བྲལ་ནས་ལོ་ངོ་བཞི་དག་དག་ཕྱིན་པའི་ཉིན་དེར་དགོན་པའི་ལྷ་ཁང་རྙིང་བ་བསྐྱར་གསོ་བྱེད་པའི་དགོས་མཁོར་དམིགས་ནས་དགྱ་བླ་ཞིག་ཁྲི་འདོན་བྱེད་པར་བྲེལ་ཞིང་། བན་ཆུང་འགའ་རེས
"དེ་རིང་སྒོར་མོ་འགྱེད་ན་ཐང་། གང་དུའང་མི་འགྲོ"
ཟེར་གྱིན་འདུག ནམ་རྒྱུན་དང་འདྲ་བར་ང་རང་རི་སྒང་དུ་སོང་ནས་རྒྱང་རིང་གི་སྤྲིན་དཀར་འོག་གི་ཁོ་མོ་བློས་བསླངས་བྱས། ལོ་ངོ་བཞིའི་རིང་ལ་ཁོ་མོ་དབྱར་དགུན་རེས་མོར་ཁྱིམ་ཚང་རེས་མོར་བྱས་ནས་སྡོད་གནས་ངེས་གཏན་མེད་པར་འཚོ་དགོས་པས་ཐ་ན་བདག་གིས་ཁ་པར་ཙམ་ཡང་མི་འཕྲོད། ལོ་ངོ་དེ་དག་གི་རིང་ལ་བདག་གི་འཚོ་བར་དྲན་གདུང་གི་ཁུར་བོ་རབ་ཏུ་ལྕི། ལྷག་ཏུ་དེ་རིང་སྤྲིན་དཀར་འོག་གི་ཁོ་མོར་འདང་རྒྱག་དུས་བདག་གི་མིག་ཆུ་དབང་མེད་དུ་བཞུར་བྱུང་། བདག་གིས་ཁོ་མོ་དྲན་སྐབས་རང་ཉིད་ཁེར་རྐྱང་དུ་སོང་ནས་ཁོ་མོའི་ཕྱོགས་ཀྱི་སྤྲིན་དཀར་དང་སྐར་མར་བལྟས་ནས་དྲན་གདུང་གཅོག་ཐབས་བྱས་ཆོག ཤིན་ཏུ་སྐྱོ་ཚེ་མིག་ཆུ་གཏོང་བཞིན་སྙན་ངག་དམ་དུམ་བྲིས་ནས་སྐྱོ་བ་བསང་ཆོག འོན་ཏེ་ཁོ་མོས་ཅི་ཞིག་བྱའམ། ཁོ་མོའི་མིག་ཟུང་ཞར་བས་འཇིག་རྟེན་གྱི་ཕྱེད་ཀ་སྔར་ནས་མེད། ཁོ་མོའི་འཇིག་རྟེན་གྱི་ཕྱེད་ཀ་ལྟ་བུའི་བདག་དང་བདག་གི་གོམས་སྒྲ་མེད་པས་ཁོ་མོ་འཇིག་རྟེན་དུ་ཁེར་རྐྱང་ཡིན། ཁོ་མོས་ང་རང་དྲན་ནས་བཟོད་ཐབས་མེད་པར་ངུ་བཞིན་ཡོད་པར་འདང་བརྒྱབས། བདག་རང་ཁོ་མོའི་སེམས་ཁམས་ལ་ཟབ་ཞུགས་ཐེངས་གཅིག་བྱས་རྗེས་ང་རང་བྱང་ཡུལ་ནས་དྲན་པ་གསར་དུ་སོས་པའི་གེ་སར་བཞིན་ཞེ་སྡང་དང་འགྱོད་པས་ཡ་ཁོག་བསྲེགས། དགོན་པའི་འགན་འཛིན་ལྷན་ཚོགས་དང་རང་ཉིད་ཀྱི་སྟེང་དུ་འཚིག་པ་གཏིང་ནས་ཟོས་ཤིང་། ཁོ་མོར་སྡུག་བསྔལ་དེ་ཙམ་གཏད་ནས་དོན་སྙིང་གང་ཡང་མེད་པར་ལོ་ངོ་བཞི་བསྐྱལ་བར་འགྱོད་གདུང་དྲག་པོ་སྐྱེས། ད་ནི་སྐར་ཆ་ཙམ་ལ་ཡང་མི་སྡོད་པར་ཁོ་མོའི་ཕྱོགས་སུ་ཆས་དགོས་ཞེས་དམ་བཅའ་བྱས། དེ་ནས་འདང་ཞིག་བརྒྱབས་ནས་བྲང་ཁུག་ཏུ་ལག་སྙོབ་ཅིག་བྱས་པ་ན་སྒོར་མོ་གང་ཡོད་བཟུང་འདུག དེ་ནས་ཁྱིམ་དུ་མཁོ་དངོས་རྣམས་ལེན་དུ་ཡང་འགྲོ་བཟོད་མེད་པར་དགོན་པའི་ཕར་ཕྱོགས་ཀྱི་རི་བོའི་གདོང་རྒྱུད་དེེད་ནས་རྦབ་རྡོ་འདྲིལ་བ་བཞིན་བརྒྱུགས་ཏེ་སོང་། རི་གདོང་ནས་ཚུར་བལྟས་ན་དགོན་པའི་མདུན་དུ་བསང་དུད་སྔོ་ལྷོག་ལྷོག་བྱེད་ཀྱིན་འདུག་ལ། གླིང་བུ་དང་ཇོ་བོ་རྗེ་བསུ་སྐབས་གསར་དུ་བཟོས་པར་གྲགས་པའི་དུང་ཆེན་གྱི་སྒྲ་དང་དེའི་དབྱངས་ལ་ཐིམས་པའི་རྔ་དང་ཆ་ལང་དྲག་ཏུ་རྡུང་བའི་སྒྲ་ཞིག་ཀྱང་ལྷ་མ་ལྷིང་དུ་ཐོས། གྲྭ་ཚང་རྣམས་ཀྱིས་ཆོས་གོས་མནབས་ནས་བསྟར་དུ་བསྒྲིགས་འདུག་པར་བལྟས་ན་ཕལ་ཆེར་དགྱ་བླ་དགོན་པར་ཐོན་ནས་བསུ་བཞིན་པ་འདྲ། ང་རང་མྱུར་བར་གྲོང་རྡལ་དུ་སོང་ནས་རྫོང་ལ་འགྲོ་བའི་རླངས་འཁོར་བཙལ་ཅིང་། རྫོང་གི་འཁོར་ལྷས་ནས་ཐད་ཀར་ཕ་ཡུལ་ལ་འགྲོ་བའི་རླངས་འཁོར་ཞིག་བཙལ་བ་ཡིན། ང་རང་གཅིག་པུར་འོང་བ་མཐོང་མ་ཐག་ཁ་ལོ་པ་ཞིག་གིས
"ཁྱུང་རི་ཁོག་ལ་མི་གཅིག ཁྱུང་རི་ཁོག་ལ་མི་གཅིག འགྲོ་རན། འགྲོ་རན་་"
ཞེས་བོས་པས་བདག་གིས་ཐད་ཀར་འགྲོ་ཕྱོགས་བསྒྱུར་ནས་ཁོའི་རླངས་འཁོར་དུ་སོང་བ་ཡིན། ཡིན་ན་ཡང་ང་ནང་དུ་བསྡད་ནས་དུས་ཚོད་གཉིས་གསུམ་ཞིག་ལ་ཁོ་པས་མི་བཙལ་ནས་འཚག་མ་སོང་། ངའི་སེམས་པ་སྐྱོ་ནས་དབུགས་རིང་ཡང་དང་ཡང་དུ་ཤོར་བ་དང་། སྐབས་ཤིག་མིག་ཆུ་ཡང་དབང་མེད་དུ་ཤོར་སོང་། སྐབས་དེར་བདག་གི་ཟུར་ནས་ཕོ་སར་དེས
"ཨ་ཁུ་གང་ནས་རེད། ཕ་ཡུལ་ལ་འགྲོ་བ་ཡིན་ནམ།" 
"འོ་་་ང་ཟེར་རམ། ཁྱུང་རི་ནས་ཡིན། ཕ་ཡུལ་ལ་མགྱོགས་པོར་ཐོན་དགོས་མོད། ཁ་ལོ་པ་མི་འགྲོ་འི" 
ཕོ་གསར་དེས་ཧ་ལས་པའི་ཚུལ་གྱིས།
"ང་ར་ཁྱུང་རི་ནས་ཡིན། ཁྱེད་ཀུན་དགའ་དོན་གྲུབ་ཡིན་ནམ" 
"ཡིན། ཁྱོད་སུ་ཚང་གི་ཡིན"
 "ང་པད་ལོ་ཚང་གི་ཡིན། གནའ་ང་ཚོ་བེའུ་ཡར་འཚོ་བར་ལྷན་དུ་སོང་བ་མིན་ནམ། ཧེ་ཧེ"
ཁོ་པས་ང་བྱིས་དུས་ཀྱི་བྲོ་བ་ཡོད་པའི་འཚོ་བ་ཞིག་ཏུ་ཁྲིད་པར་བརྩམས་ན་ཡང་། བདག་གིས་སེམས་པ་ནི་སྐད་ཅིག་ཙམ་ལ་མི་སྡོད་པར་ཁོ་མོའི་ཕྱོགས་སུ་ཤོར་འགྲོ།
 "ཁྱོད་ཀྱིས་བསོད་ནམས་དཔལ་སྒྲོན་བདེ་མོ་ཡིན་མིན་ཨེ་གོ། ད་ལྟ་མོ་སུ་ཚང་གིས་བདག་བྱས་ནས་ཡོད"
མིག་མཐར་མཆི་མ་འཁོར་བཞིན་དྲིས།
 "ཨ་་་་ཁྱོད་ལ་མ་བཤད་པ་ཨེ་རེད"
 "ཨ ཅི་ཞིག ང་ལ་ཅི་ཡང་བཤད་མ་ཐལ"
 "དེ་སྔོན་ཁོ་མོ་བོར་སོང་ཟེར་གྱིན་འདུག" 
ཅུང་ཙམ་བསྡད་ནས
"ཕལ་ཆེར་རྙེད་སོང་ནི་ཡིན་རྒྱུ་རེད། ང་ཕ་ཡུལ་ནས་ཡོང་ནས་ཟླ་ངོ་གཉིས་རེད་ལ་ཉེ" 
སྐད་ཆ་དེས་བདག་གིས་སྙིང་ལ་གྲི་ཡིས་གཙག་པ་ལྟར་བྱས་སོང་བས། བདག་གིས་ངུ་སྐད་འདྲེས་མས།
"ཁྱོད་ལ་སུས་ཟེར། ཇི་ལྟར་བོར་བ་རེད"
 " ཁྱོད་རང་མ་ངུ་དང་རྙེད་སོང་བ་ཁོ་ཐག་ཡིན། དེ་མིན་ན་ཁྱོད་ལ་བཤད་ནི་རེད། "
རླངས་འཁོར་ནང་གི་མི་ཚང་མས་བདག་གི་ཕྱོགས་སུ་ཧོབ་ཀྱིས་ལྟ། 
"ང་འདིར་མ་འོངས་གོང་རྫི་བོར་སོང་བ་ཡིན། དེ་དུས་ཉི་མ་ཚང་ན་ཡོད་ཀི ཉི་མ་ཚང་གི་རུ་རོགས་ཀྱི་རྫི་འུ་འགའ་ཞིག་གིས་བཤད་ན། ཉི་མ་ཚང་གི་མི་ཚང་མ་འབུ་རྐོ་བར་སོང་རྗེས་ཁོ་མོ་ཉིན་ཧྲིལ་བོར་ཕྱི་རོལ་ནས་སྡོད་ཅིང་། མཚན་མོ་མང་པོར་ཕྱི་རོལ་ནས་ལུས་ཤིང་། ཐེངས་རེར་མཚན་མོ་རེད་སྐབས་ཁོ་མོའི་ངུ་སྐད་རུ་རོགས་ཚོས་ཀྱང་ཐོས་འོང་ཟེར། ཡིན་ན་ཡང་མཚན་མོ་མོ་རང་ཕྱི་རོལ་ནས་ལུས་སྐབས་འབྲོག་ཁྱིའི་མི་རྨུགས་པར་མ་ཟད་ཁོ་མོའི་ངུ་སྐད་ལ་ཟུག་སྐད་ཙམ་ཡང་མི་འབྱིན། དེའི་རྐྱེན་གྱིས་སྡེ་མི་མང་པོས་མོ་རང་འདྲེ་མོ་རེད་ཅེས་ཟེར་བའི་ཁ་འཁྱམ་དེ་གྲག་པའི་སྒང་ལ། ཨ་ལག་ཚང་གིས་ད་ལོའི་འབུ་ས་བརྩད་ནས་སྡེ་བའི་གསར་བུ་གཉིས་ལ་གཞན་གྱིས་གྲིས་བསྣུན་པ་དང་། གསར་བུ་ཞིག་འཕྲུལ་རྟས་སར་བརྒྱབས་ནས་བསད་པ་ཚང་མ་ལྷ་འདྲེས་གནོད་པ་རེད། མི་མ་ཡིན་ཞིག་གིས་སྡེ་བ་འདིར་བསྐོར་ནས་གནོད་པ་སྐྱེལ་གྱིན་འདུག་ཅེས་གསུངས་པ་ནས་ཚང་མས་བསོད་ནམས་དཔལ་སྒྲོན་ལ་རྣམ་རྟོག་ངན་པ་ཟ་བཞིན་འདུག དེ་ནས་བཟུང་ཁོ་མོར་ཕལ་ཆེར་བདག་བྱེད་མཁན་མེད་པར་གྱུར། ཉི་མ་མང་པོ་ཞིག་ལ་བྲག་ཁུང་ཞིག་ཏུ་བསྡད་འདུག་པར་འབུ་རྐོན་འགའ་རེས་ཟ་ལྷག་འཐུང་ལྷག་ཙམ་སྟེར་མོད། རྗེས་སུ་འབུ་རྐོན་ཚོས་ཀྱང་ཁོ་མོར་ཟ་མ་བྱིན་ན་གྲོག་ཁ་བགག་གི་ཟེར་བའི་སྐད་ཆ་ཞིག་གཅིག་གིས་གཅིག་ལ་མཆེད་དེ། མཐར་དེ་ཡང་ཆད་སོང་། དེ་ནས་ཉི་མ་འགའ་ཞིག་སོང་བ་ན་ཤི་བོའི་རོ་དང་གསོན་པོའི་མྱི་མི་འདུག་ཟེར" “ ་་་་་་་་་་་་་་་་ ” 
 2016 6 20 ༤ ༡༥ ཉིན་ཕ་ཁྱིམ་དྲོན་མོར་ཨ་ཅེའི་ཁྱིམ་ལས་ཙག་ཙིག་ལས་བཞིན་པའི་སྣང་བའི་ཁྲོད་ནས་མཇུག་བསྐྱངས།

                                                  རྩོམ་སྒྲིག་པ། མྱི་གསར་བ།