རྒྱ་ལམ།

    རྩོམ་པ་པ། ཀླད་ཀོར།

          
 རྒྱ་ལམ།

                      རྩོམ་པ་པོ། ཀླད་ཀོར།



ཟླ་བ་བཀྲ་ཤིས་མེ་ཏོག་སྒྲོན་གྱི་མལ་ཁྲི་ནས་མགོ་བོ་ཡར་བཀྱགས་ཏེ།  ཕྱི་རོལ་དུ་ལྟ་དུས་ཁ་བ་འབབ་ཡོད་པ་རིག  མདང་དགོང་ནི་མཚོ་མོའི་སྐྱེས་སྐར་རེད།
 
   ཁོ་རང་གྲོགས་པོ་ཁ་ཤས་དང་མཉམ་དུ་ཇ་ཁང་ནང་ཤ་འབྲས་ཀར་ཡོལ་གང་དང་ཚྭ་ཁ་ལྷོའི་རྒུན་ཆང་པེ་ཙི་ཁ་ཤས་འཐུང་རྗེས། ཕྱི་རོལ་ཐོན་པ་ན་མུན་རུབ་འདུག་ཅིང་མིའི་གྲིབ་མ་ཙམ་ཡང་ལྷག་མེད་པའི་སྲང་ལམ་དུ་རླུང་འཁྱག་པ་ལྡང་། ཁོ་ལ་བྱ་སྤུ་སྟོད་ཐུང་མཐུག་པོ་ཞིག་གྱོན་རྒྱུ་ཡོད་ཀྱང་གྲང་འདར་ཤོར། ཁོས་མགྱོགས་པོར་ཉལ་ཁང་དུ་སོང་སྟེ་ལྕགས་ཐབ་ཏུ་མེ་འབུད་རྗེས《ཁྲོས་པའི་རྒུན་འབྲུམ》ཞེས་པའི་བརྩམས་སྒྲུང་དེ་ཁ་ཉིན་ཀློག་མཚམས་ནས་མུ་མཐུད་དུ་ཀློག་དགོས་བསམ། ལམ་བར་དུ་གྲོགས་པོ་ཚོ་ཡང་རང་ཉིད་ཀྱི་སྟོད་ཐུང་གིས་མགོ་བོར་བཏུམས་ཅི་ཐུབ་བྱས་ནས་ཉལ་ཁང་ཕྱོགས་སུ་རྒྱུགས་འགྲོ་བ་ལས་འཁྱགས་དྲགས་ནས་བདེ་མོ་འཇོག་པའི་སྐད་ཆ་གང་ཡང་བཤད་ཐུབ་ཀྱི་མི་འདུག 
  ཁོ་རང་ཁང་པའི་ནང་དུ་འཛུལ་རྗེས་ཚགས་ཤོག་ཅིག་ལ་མེ་སྤར་ཏེ་ལྕགས་ཐབ་ནང་དུ་བཅུག་པ་དང་དེའི་ཐོག་ཏུ་ཤིང་སྤུངས་ཅི་ཐུབ་བྱས། ཤིང་ལ་མེ་མ་འབར་གོང་དུ་ཚགས་ཤོག་ཟད་སོང་བས་དྲོད་མེད་པའི་དུ་བ་སྔོན་པོ་ཞིག་ལས་ལྷག་མི་འདུག
དུ་བ་དེ་ལ་དྲོད་གང་ཡང་མེད་ཀྱང་ཁོའི་ཁ་ནས་རླངས་པ་སྐྱུག་བྱུང་། སླར་ཡང་ཚགས་ཤོག་གཞན་ཞིག་ལ་མེ་བསྒྲོན་ནས་ཤིང་གི་འོག་ཏུ་བརྫངས་པ་ན་མེ་ཆུང་ངུ་ཞིག་ཤི་ལ་ཁད་བྱས་ཏེ་འབར། མེ་ཆུང་ངུ་དེ་ཆེ་རུ་འབར་བ་ནས་ལྕགས་ཐབ་ལ་དྲོད་རྒྱས་ཡོང་བར་ཁོས་ཀྱང་ཉལ་ཁང་གི་གང་སར་སྒྲུང་བཀླག་འཕྲོ་དེ་འཚོལ། མཐར་སྒྲུང་དེབ་དེ་མལ་ཁྲིའི་མཐར་རུ་ཨུ་མུ་སུ་དང་མཉམ་དུ་དོར་ཡོད་པ་རིག ཁོས་ལྕགས་ཐབ་ལ་འཁྱུད་ལ་ཁད་འདྲ་ཞིག་བྱས་ཏེ། སྒྲུང་དེབ་ཀྱི་ཁ་ཕྱེ་བ་ན་དེ་ལས་ཨུ་མུ་སུའི་དྲི་མ་ངན་པ་ཞིག་ལྡང་ཡོང་བས་དེབ་ཀློག་པའི་དང་ག་འགག  ཏག་ཏག་སྐབས་དེར་མཚོ་མོས་སྐད་འཕྲིན་ནས“དེ་རིང་ངའི་སྐྱེས་སྐར་རེད། ལས་གྲོགས་ཀུན་སླེབས་སོང་། མགྱོགས་པོར་ཤོག”ཟེར། 
  “ཡ་ཡ། མགྱོགས་པོ་ཡིན”ཁོས་འདི་ལྟར་ཟེར་བ་དང་གོས་སྤུངས་ཡོད་པའི་འདྲུད་སྒམ་དེ་གང་འདྲ་བསློགས་ཀྱང་རང་ཉིད་ཀྱི་ལུས་ལ་གྱོན་ཡོད་པའི་བྱ་སྤུ་སྟོད་ཐུང་དེ་ལས་མཐུག་པ་ཞིག་མ་རྙེད། ཁོ་རང་དྲོད་རྒྱས་བཞིན་པའི་ཁང་པ་ཆུང་ཆུང་དེ་ནས་ཕྱི་རོལ་གྱི་གྲང་རླུང་ནང་ཐོན་དགོས་བྱུང་།
   ཕྱི་རོལ་གྱི་གྲང་རླུང་དེ་ཇེ་གྲང་དུ་འགྱུར་འདུག ཁོས་སྟོད་ཐུང་གིས་མགོ་བོ་བཏུམས་ནས་ལས་རེས་ཁང་དུ་རྒྱུགས་སོང་། ལས་རེས་ཁང་དུ་མཚོ་མོ་གཙོས་པའི་ལས་རོགས་ཚོས་ཁོ་རང་སྒུགས་འདུག 
  ཁོས་ལས་རེས་ཁང་དུ་བཞག་ཡོད་པའི་སྐྱེས་སྐར་གྱི་སྐབས་སུ་བཟའ་རྒྱུའི་སྒོ་ང་བག་ལེབ་དེ་ཁུར་ནས་གྲང་རླུང་གི་ཁྲོད་དུ་འགྲོ་སྐབས། སྟོད་ཐུང་གིས་མགོ་བོ་བཏུམས་མི་ཐུབ་པས་ངོ་གདོང་དང་རྣ་ཅོག་ལ་གས་པ་ལྟར་བུའི་ན་ཟུག་སྐྱེས་བྱུང་། 
  ཁོ་རང་ཇ་ཁང་གི་ལྕགས་ཐབ་རིང་པོ་དེའི་འགྲམ་དུ་འགྲེང་། སྦྱིན་དག་ཚུར་ཡོང་ནས་ཁོ་ལ་ཐ་མག་རྐང་གཅིག་སྤྲད་པ་དང“ཅི་རེད། ཁྱོད་རང་ད་ལྟར་སྒོ་ཐོན་མ་ཐག་ཡིན། འཁྱགས་སྒམ་དུ་བཅུག་པའི་རྒུན་ཆང་འཐུང་བསམ་པ་ཨེ་རེད”ཟེར། 
  ཁོའི་ཡར་སོ་དང་མར་སོ་འཐབ་ཀྱིན་པས་ལན་གང་ཡང་བརྒྱབ་མ་ཐུབ། 
  སྐབས་དེར་མཚོ་མོ་དང་བཅས་པའི་ལས་རོགས་རྣམས་ཀྱིས“ཨ་ཆུ་ཆུ”ཟེར་བཞིན་ཇ་ཁང་དུ་འཛུལ་བྱུང་། ཁོས་འཐུང་གིན་པའི་ཐ་མག་གི་དུ་བ་ཁོ་ཚོའི་སྣ་ལམ་དུ་འཛུལ་སོང་བར་འདྲ། ཀུན་གྱིས་རླངས་པ་དཀར་ཐོལ་ཐོལ་དུ་བསྐྱུགས་བྱུང་།
  དུས་རྒྱུན་ཧྲ་ཧྥེ་ཐོག་ཙོག་ཏེ་སྒམ་ཚུལ་བསྟན་རྒྱུ་དགའ་བའི་ཁོ་ཚོས་ཆང་འཐུང་མགོ་རྩོམ་ཞིང་རིམ་གྱིས་ཆང་གིས་བད་པ་དང་ཁང་སྟེང་གི་ལྦ་ཆུ་ཁར་གཅིན་བཏང་དུ་སོང་། དང་པོར་པེ་ཙི་ཆུང་ཆུང་གི་ཕྱེད་ཙམ་ཕྱེད་ཙམ་ཞབས་དག་བརྒྱབ་ཅིང་དེ་ནས་པེ་ཙི་ཇེ་ཆེར་བཏང་སྟེ་ཞབས་དག་བརྒྱབ། གྱང་ངོས་སུ་ལོ་རབས་དགུ་བཅུ་པར་དར་བའི་སྒྲ་ཕབ་འཕྲུལ་ཆས་ཤིག་གཟར་འདུག་ཅིང་དེ་ལས་ཨ་རིའི་གཞས་མ་གཏམ《རྒྱ་ལམ》ཞེས་པ་དེ་སྒྲ་གདངས་དྲག་པོས་གྲགས་ཡོང་། ཁོ་ཚོས་རོལ་དབྱངས་དང་བསྟུན་ཏེ། རྐང་པས་སྟངས་སྟབས་བསྒྱུར་ཅིང་པེ་ཙི་དང་པེ་ཙི་ཐུག་པའི་སྐད་སྙན་པོས་རོལ་དབྱངས་ལ་རམ་འདེམས་མཛད། དང་པོར་ཁང་སྟེང་གི་ལྦ་ཆུ་ཁར་གཅིན་བཏང་དུ་སོང་ཞིང་དེ་རྗེས་ལྦ་ཆུ་ཁར་བསྐྱུགས་སུ་ཡོང་། མཐར་གང་དུའང་འགྲོ་མི་ཐུབ་པར་སྒྲོག་རྩེ་དང་མལ་གདན་གང་སར་སྐྱུག་པའི་ཁེངས་པར་བྱས།
    ཆུ་ཚོད་དང་པོར་སླེབས་དུས། སྒོ་ང་བག་ལེག་ཁ་ཕྱེ་སྟེ། ལ་སྒྲོན་ལ་མེ་སྤར། མཚོ་མོར་ཕུ་བཏབ་དུ་བཅུག དེ་རྗེས་མི་རེ་རེ་ལ་བགོས། ཡིན་ཡང་ར་བཟི་བའི་ཁོ་ཚོས་སྒོ་ང་བག་ལེབ་མི་བཟའ་བར་མི་གཞན་གྱི་ཁ་ངོར་བྱུགས་ཅི་ཐུབ་བྱེད། མཐར་མི་རྣམས་ཀྱི་སྐྲ་དང་ཁ་ངོ་། གོས་ཡོད་ཚད་སྒོ་ང་བག་ལེབ་ཀྱི་ཁེངས་འདུག 
   ཁོས་སུས་སྟེར་ཡོང་བ་མི་ཤེས་པའི་དུ་རྐང་གཅིག་ལ་མེ་སྒྲོན་རྗེས། ཁམ་གང་བཞིགས་པ་ན་འགྱིག་ཀོ་འཚིག་རོའི་དྲི་མ་དང་འདྲ། དེ་མུར་དུ་རྐང་གི་སྲིང་བལ་སྦི་རག་ནང་བཅུག་རྗེས་འཇིབས་ཚེ་བྲོ་བ་ཅུང་ཞིམ་དུ་ཕྱིན་འདུག
  ཆུ་ཚོད་གསུམ་པ་ཙམ་ལ་ཇ་ཁང་ནས་བུད་དུས། ཇ་ཁང་ཡོངས་བལྟས་མི་བཟོད་པར་བཟོས་འདུག སྦྱིན་བདག་གིས་ཀྱང་དུས་རྒྱུན་སྒམ་ཚུགས་ཅན་དེ་ཚོ་དོན་དངོས་སུ་སྨྱོ་པ་ཁྱུ་གཅིག་ཡིན་པ་གཞི་ནས་རྟོགས་པ་འདྲ། སྐད་ངན་ཤོར་གྱིན་འདུག 
   མི་གཞན་དག་གྲང་རླུང་ཁྲོད་དུ་སུ་ལའང་ཁ་ཡ་བྱེད་ཁོམ་མེད་པར་བསྐྱོད་སོང་། ར་བཟི་སྟེ་ཁ་ཕྱོགས་བོར་བའི་མེ་ཏོག་སྒྲོན་དང་ཟླ་བ་བཀྲ་ཤིས་གཉིས་རྗེས་སུ་ལྷག ཁོ་གཉིས་སུས་སུ་འཁྲིད་ཀྱིན་པ་མི་ཤེས་པར་ཚུད་ཀྱིས་མལ་ཁང་ཕྱོགས་སུ་ལོག་སྐབས་ཟླ་བ་བཀྲ་ཤིས་ཀྱིས་མལ་ཁང་གི་སྒོའི་ལྡེ་མིག་ཁང་པའི་ནང་ལུས་ཡོད་པ་དྲན་ཡོང་བས“མེ་ཏོག་སྒྲོན། ངའི་ལྡེ་མིག་ཁང་པའི་ནང་དུ་ལུས་འདུག”ཅེས་བཤད་མ་ཐག མེ་ཏོག་སྒྲོན་གྱིས“སྐྱོན་མེད། ངའི་ཁང་པའི་ནང་འཛུལ་འགྲོ”ཟེར། ཁོས་ཆང་གིས་བཟི་བར་ཁ་གཡར་ནས་མེ་ཏོག་སྒྲོན་ལ་ཁོ་རང་མོའི་ཁང་པའི་མ་འཁྲིད་ཚེ་དེ་རིང་མཚན་མོར་ཕྱི་རོལ་དུ་གྲང་བས་ཤི་འགྲོ་བའི་ཚུལ་སོགས་སྐད་ཆ་མང་པོ་ཞིག་བཤད་པར་གྲ་སྒྲིག་བྱས་ཟིན་མོད། མོས“སྐྱོན་མེད། ངའི་ཁང་པའི་ནང་དུ་འཛུལ་འགྲོ”ཟེར་ཡོང་བསམ་པ་མེད་པས་ད་ནི་གྲ་སྒྲིག་བྱས་པའི་སྐད་ཆ་དག་མཁོ་མེད་དུ་གྱུར། 
  ཟླ་བ་བཀྲ་ཤིས་དེ་སྔོན་བསམ་པའི་ཡུལ་ལས་འདས་པའི་ས་འདིར་ལས་ཀ་བགོས་པ་ནས་བཟུང་། ས་ཆ་འདི་ནི་ཧ་ལས་དགོས་པ་ཞིག་སྟེ། དུས་ནམ་ཡང་འོད་སྣང་ཞེས་པ་མཐོང་རྒྱུ་མི་འདུག ཡང་ན་ཉིན་དཀར་ཞེས་པ་དེ་ཤར་རྒྱུ་མི་འདུག དུས་ནམ་ཡང་གནམ་ངོ་གནག་ཅིང་ཅི་ཞིག་འབབ་ལ་ཁད་བྱེད། ཟླ་བ་བཀྲ་ཤིས་ནས་ཡུན་རིང་ཞིག་ལ་ཅི་ཞིག་འབབ་པར་བསྒུགས་ཀྱང་མཐར་ཅི་ཡང་འབབ་རྒྱུ་མི་འདུག
  ཕྱི་ཉིན་ཞོགས་པར་ཁོ་རང་མེ་ཏོག་སྒྲོན་གྱི་མལ་ཁྲི་རུ་གཉིད་ལས་སད་ཅིང་དུས་རྒྱུན་ལྟར་ཐད་ཀར་ཡར་མ་ལངས་པར་གཉིད་མ་སད་ཀྱིས་མུ་མཐུད་ནས་ཉལ་བསྡད། ཁོའི་གཡས་ཕྱོགས་ཀྱི་མེ་ཏོག་སྒྲོན་དབུགས་རྒྱུན་སྙོམས་པོ་ཞིག་གཏོང་གིན་ཉལ་འདུག མོའི་སྐྲ་དང་ངོ་གདོང་ཡོད་ཚད་སྒོ་ང་བག་ལེབ་ཀྱི་ཁེངས། མར་བལྟས་ན་རྩེད་མོ་བྱས་ནས་ངལ་དྲག་ཏེ་གཉིད་ཤོར་བའི་ལོ་གསུམ་གྱི་བྱིས་པ་ཞིག་དང་འདྲ། ཡིན་ཡང་མོའི་ལུས་ལས་སྒོ་ང་བག་ལེ་དང་ཆང་སོགས་སྣ་མང་འདུས་པའི་དྲི་ངན་ཞིག་ཁོའི་ཕྱོགས་སུ་ལྡང་འོང་དུས། ཁོའི་སེམས་ལ་སྐྲག་སྣང་ཞིག་སྐྱེས་བྱུང་། ཁ་སང་མཚན་མོར་མོ་དང་མཉམ་དུ་ཚུལ་མེད་ཀྱི་བྱ་བ་འདྲ་བྱེད་ཡོད་དམ་སྙམ། གལ་སྲིད་བྱས་ཡོད་ན་ཁོས་འགན་འཁུ་དགོས་ངེས། མི་རིང་བར་མེ་ཏོག་སྒྲོན་དང་གཉེན་འགྲིག་བྱེད་དགོས་ལ་མོ་དང་བྱིས་པ་ཁྱུ་གཅིག་གསོས་ཏེ་ནར་སོན་དུ་བཅུག་རྗེས་རང་ཉིད་རྒས་འགྲོ། དེ་ནི་ཅི་འདྲའི་སྐྲག་འོས་པའི་བྱ་བ་ཞིག་རེད་ཨང་།
  ཁོའི་སེམས་སུ་མདང་དགོང་གི་རྨི་ལམ་ལས་ཅི་ཡང་དྲན་རྒྱུ་མི་འདུག རྨི་ལམ་དུ་ཁོས་ཆུང་དུས་ནས་ངོ་ཤེས་པའི་བུ་མོ་ཞིག་གི་སྐད་འཕྲིན་དུ“དེ་རིང་ང་ཁྱོད་དང་མཉམ་དུ་ཉལ་ཆོག་གམ”ཞེས་དྲིས་པས་མོས“ཆོག”ཟེར། ཁོ་གཉིས་རྒྱ་ལམ་གྱི་ཅོག་མཚམས་ཤིག་ཏུ་འཛོམས་ཤིང་ཉིན་གང་ཡར་མར་བརྒྱུགས་ཏེ། ཉལ་ཆོག་པའི་ས་ཞིག་འཚོལ་ཡང་མ་རྙེད། མཐར་ཁོས་བྲག་ཕུག་ཅིག་རྙེད་ཅིང་བུ་མོ་དེ་ལ་ངེད་གཉིས་དེ་རུ་ཉལ་འགྲོ་ཞེས་བཤད། བུ་མོ་དེ་ནི་དེང་རབས་ཀྱི་འཚོ་བར་གོམས་པར་ཞིག་ཏེ། གདོད་མའི་མི་སྡོད་སའི་བྲག་ཕུག་དེ་རུ་མི་ཉལ་ཁོ་ཐག་ཡིན་ཟེར། 
 དེ་རིང་ཞོགས་པར་གཉིད་ལས་སད་དུ་སྐད་འཕྲིན་གྱི་གྲོགས་ཚོམས་སུ་མདང་དགོང་རྨི་ལམ་དུ་འཁོར་བའི་བུ་མོ་དེ་དང་སྐྱེས་པ་ཞིག་གཉེན་སྒྲིག་བྱེད་པའི་པར་གྱིས་ཁེངས་འདུག 
  ཁོས་རྨི་ལམ་དེ་ལས་མེ་ཏོག་སྒྲོན་དང་ཚུལ་མེད་ཀྱི་བྱ་བ་བྱེད་ཡོད་མེད་གང་ཡང་དྲན་རྒྱུ་མི་འདུག
  ཁོ་རང་ཁ་རོག་མར་ཡར་ལངས་དུས་མལ་གོས་ཡོད་ཚད་སྐྱུག་པས་ཁེངས་ཡོད་པ་མཐོང་། 
  ཁོ་རང་ཡར་ལངས་ཏེ། ཚ་དམ་ནང་གི་ཆུ་ཁོལ་གྱིས་ཁ་ངོ་བཀྲུས་ཤིང་ལུས་ཀྱི་གང་སར་ཁེངས་པའི་སྐྱུག་པ་དག་ཕྱིས་བར་བརྩམས་མོད། མང་དྲག་པས་ངལ་བ་འབྲས་མེད་རེད། ཁོའི་སྐྲ་ལོ་རྣམས་སྐྱུག་པ་དང་སྒོ་ང་བག་ལེབ་ཀྱིས་བལྟས་མི་བཟོད་པ་བཟོས་འདུག ཡིན་ཡང་ཁོས་ཞོགས་པར་མགོ་འཁྲུ་མི་ཕོད། ས་འདིའི་གནམ་གཤིས་ཀྱིས་ཁོ་ལ་ཆམ་ངན་ཞིག་རིན་མེད་དུ་སྦྱིན་པར་སྐྲག མེ་ཏོག་སྒྲོན་གྱི་ལག་ཕྱིས་སྐྲ་ལོ་ཕྱིས་ཙམ་བྱས་མ་ཐག ལག་ཕྱིས་ཀྱང་བལྟས་མི་བཟོད་པ་ཞིག་ཏུ་གྱུར་སོང་། ཁོས་དེ་རིང་ཉི་མ་འདྲ་ཨེ་ཤར་བསམས་ཏེ་དཀར་ཁུང་གི་ཡོལ་བ་ཤང་སེར་ཕྱེ་བ་ན་འཇིག་རྟེན་ཡོད་ཚད་དཀར་ལམ་ལམ་དུ་གྱུར་འདུག མེ་ཏོག་སྒྲོན་གྱི་ཁང་པའི་ཁ་གཏད་ཀྱི་དུར་ཁྲོད་རྙིང་པ་དེའང་ཁ་བས་བཀབ་བཞག དུས་རྒྱུན་མེ་ཏོག་སྒྲོན་གྱིས་ཁོ་ལ་མོ་རང་སྐྲག་ཆེ་བ་ནི་དུར་ཁྲོད་དང་མི་རོ། ཀེང་རུས་སོགས་ཡིན་ཟེར། མོའི་ཁང་པའི་རྒྱབ་ཏུ་དུར་ཁྲོད་ཅིག་ཡོད་པས་མོ་རང་མཚན་མོར་གཉིད་ཁུག་གི་མི་འདུག་ཅེས་ཡང་ཡང་བཤད་མྱོང་། དེ་དུས་ཁོ་གཉིས་ནི་ལས་རོགས་ཕལ་བ་ཞིག་ཡིན། ཡིན་ཡང་དེ་རིང་ཁོས་མོའི་འཁྱག་སྒམ་ཁ་ཕྱེ་བ་ན། དེའི་ནང་དུ་སྲོག་ཆགས་ཀྱི་རོའི་ཁེངས་འདུག 
  མོའི་ཁང་པའི་ནང་བཟའ་རྒྱུ་བཏུང་རྒྱུ་གང་ཡང་རྙེད་མ་བྱུང་།  ཁོ་རང་ཐབས་ཟད་དེ་ཆུ་ཁོལ་པེ་ཙི་གང་འཐུང་བར་རྩོམ་སྐབས། སྒོ་ཧྲག་སྒྲ་དང་བཅས་ཕྱེ་བྱུང་བས་ཆུ་ཁོལ་ཚན་མོ་ཁད་ཀྱིས་བྲང་ཁོག་ཏུ་ཤོར། ཁོས་དེ་མ་ཉིད་དུ“ཨ་ཚ་ཚ”ཞེས་ཟེར་བསམ་མོད། མཚོ་མོ་སྒོ་ནས་ཡར་ཐོན་པ་དང་ཁོ་རང་མཐོང་མ་ཐག་ངུས་བྱུང་། ཁོས“མཚོ་མོ། ཁྱོད་འདི”ཞེས་སེམས་གསོ་བྱེད་བསམས་མོད། མཚོ་མོ་ངུ་བཞིན་ངུ་བཞིན་བྲོས་སོང་། 
  ཁོ་རང་ཡང་ཕྱི་རོལ་དུ་རྒྱུགས་སོང་བ་ན་ཁ་བའི་ཁྲོད་དུ་འཐེན་པའི་རྐང་རྗེས་ལས་མཚོ་མོ་མཐོང་སར་མི་འདུག 
  ཁོ་རང་ལས་རེས་ཁང་གི་ཕྱོགས་སུ་བསྐྱོད། དུས་རྒྱུན་ལས་རོགས་རྣམས་ཀྱིས“མཚོ་མོ་ཁྱོད་ལ་དགའ་བཞིན་འདུག”ཅེས་བཤད་ཀྱང་བདེན་པ་རེད་མ་བསམས། ཁོས་མཚོ་མོས་བྱང་ཆ་ལྡན་པའི་ངང་ནས་ལས་ཀ་བྱེད་པའི་རྒྱབ་གཟུགས་ལ་ལྟ་བཞིན་མོ་རང་སྐྱེས་པ་སུ་ཞིག་ལ་དགའ་བའི་རྣམ་པ་དེ་ཡིད་ལའང་མ་འཁོར། ཡིན་ཡང་དེ་རིང་མོའི་ངུ་སྒྲས་ལས་རོགས་རྣམས་ཀྱིས་བཤད་པའི་སྐད་ཆ་དེ་བདེན་དཔང་བྱས་སོང་།
  ཁོ་རང་ལས་རེས་ཁང་དུ་ཙོག་གིན་ཡུན་རིང་བསྡད། ལས་རོགས་དང་འགོ་ཁྲིད་རྣམས་དལ་བར་ལས་རེས་ཁང་དུ་འཛོམས་བྱུང་། སུ་ཡིན་མི་ཤེས་གཅིག་གིས་ལྕགས་ཐབ་ནང་མེ་འབུད་ཡོང་བ་དང་དྲོད་རིམ་གྱིས་རྒྱས། འགོ་ཁྲིད་དང་ལས་རོགས་མང་པོ་ལས་རེས་ཁང་ཆུང་ཆུང་འདིའི་ནང་འཛོམས་པ་ན་གོ་དོགས་པའི་སྣང་བ་ཤར། མི་ཀུན་རྨི་ལམ་ནས་སད་མེད་པ་འདྲ། མེར་ལྡེ་པའམ་ཐ་མག་འཐེན་པ་ལས་ཁ་བརྡ་བྱེད་པའི་སྐད་མེད་པར་འཇམ་ཐིང་ཐིང་རེད། 
  མེ་ཏོག་སྒྲོན་དང་མཚོ་མོ་གཉིས་མིང་ཐོ་འབོད་དུས་ལས་རོགས་ཚེ་བཀྲས་ཟླ་བ་བཀྲ་ཤིས་ལ“མོ་རང་གཉིས་གང་དུ་ཕྱིན་སོང”ཞེས་དྲིས། ཁོས“ངས་ཅི་ཤེས”ཅེས་བཤད་པ་ན་དེ་ཡོད་ཀྱི་ལས་རོགས་ཀུན་བགད་བྱུང་། 
   ཚེ་བཀྲས་དུས་རྒྱུན་མཚོ་མོ་ཟླ་བ་བཀྲ་ཤིས་ལ་དགའ་པོ་འདུག་ཟེར། ཁོས“རང་ཉིད་ལ་དགའ་པོ་ཡོད་པའི་བུ་མོ་ཞིག་བདག་པོ་སྤྲོད་དགོས”ཅེས་སོགས་ཟླ་བ་བཀྲ་ཤིས་ལ་དེའི་སྐོར་གྱི་ཉམས་མྱོང་གླེང་པར་བྱེད།
    ཁོ་ཚོས་གནམ་གཤིས་ངན་པའི་འོག་ཏུ་ཕོ་མོ་བར་གྱི་ཁ་བཙོག་འདྲ་བཤད་ནས་སེམས་ཁམས་ཇེ་ཡག་ཏུ་བཏང་ཅི་ཐུབ་བྱས། དེ་རིང་ཚེ་བཀྲས་ཁོ་ལ་འདྲི་བའི་སྐད་ཆའི་ནང་དུ་ཟུར་ཟ་ཞེས་འདྲེས་ཡོད་པ་ཚོར། ཁོ་ཚོས་ཁ་ནས་བཤད་པའི་བཙོག་གཏམ་དག་དོན་དངོས་སུ་འགྱུར་ཚེ། ཁོ་ཚོའི་རྣམ་འགྱུར་དེ་ནན་ཏན་ལ་འགྱུར་འགྲོ
   མི་ཀུན་གྱིས་ཟུར་ཟའི་འཛུམ་དང་བཅས་ཁོ་ལ་ལྟ་བ་དེ་ཁོའི་ལུས་ལ་ཡོད་པའི་སྐྱུག་པའི་རྗེས་ཤུལ་དག་མཐོང་བས་ཡིན་ནམ་སྙམ་མོད། ལས་རོགས་ཤིག་གིས་ཁ་པར་ཁོ་ལ་བསྟན་ཏེ་མཚོ་མོས་གྲོགས་ཚོམས་སུ་བྲིས་པའི་བྱ་ཤ་ཁུ་བ་དག་ཁོ་ལ་འདོན་དུ་བཅུག དུས་རྒྱུན་སྐད་འཕྲིན་གྱི་གྲོགས་ཚོམས་སུ་ཡི་གེ་ཅི་ཡང་མི་བསྐུར་བའི་མཚོ་མོས་དེ་རིང་བྱ་ཤ་ཁུ་བ་ཤོག་ལེབ་གང་བསྐུར་འདུག བྱ་ཤའི་ཁུ་བའི་ནང་དུ་བལྟས་མི་བཟོད་པའི་སྡིགས་མོའི་ཚིག་མང་དུ་བསྲེས་འདུག 
   ཅུས་ཀྲང་གིས་ཁོ་དང་ཚེ་བཀྲ་གཉིས་ཀྱི་མིང་བོས་ནས་དེ་རིང་ཁོ་རང་ཚོགས་འདུ་གལ་ཆེ་ཞིག་འཚོགས་པར་འགྲོ་དགོས། ཁྱོད་གཉིས་རོགས་པར་འགྲོ་དགོས་ཟེར། ཁོ་རང་རྫོང་ཁ་འདིའི་ཐོག་གི་མོ་ཊ་ཡག་ཤོས་དེའི་ནང་དུ་ཙོག་རྗེས། ང་རང་ས་ཆ་འདི་ནས་མགྱོགས་ཙམ་བྲལ་ཐུབ་ན་ཅི་མ་རུང་སྙམ། མགྱོགས་པོར་ས་ཆ་འདི་དང་བྲལ་མ་ཐུབ་ཚེ། ངས་ཚུལ་མེད་ཀྱི་ལས་ཀ་བྱེད་ཡོད་ན་འདྲ། མེད་ན་འདྲ། གཞུང་ལས་ཁང་གཅིག་གི་ནང་དུ་ལས་ཀ་བྱེད་མཁན་གྱི་མེ་ཏོག་སྒྲོན་དང་མཚོ་མོ་གཉིས་ལ་གདོང་ཅི་ལྟར་གཏོད་དགོས་སམ། སྔོན་མ་བཞིན་དགོད་སྒྲ་ལྷང་ལྷང་ངང་མཉམ་པོར་འཚོ་བར་རོལ་མི་ཐུབ་པ་ཐག་གིས་ཆོད། ད་ནས་བཟུང་ང་རང་གཞུང་ལས་ཁང་གི་ཧྲ་ཧྥེ་ཐོག་རྔ་མ་ཚན་འོག་ཏུ་བཅུག་ནས་ཙོག་དགོས་སམ། ས་ཆ་འདི་རུ་ཁ་བ་ཆེན་པོ་ཞིག་བབས་རྗེས་ཀྱང་། ཁོས་ཡུན་རིང་ལ་བསྒུགས་པའི་ཉི་འོད་དེ་ཐོན་མ་བྱུང་། ནམ་མཁའ་ནས་སླར་ཡང་ཅི་ཞིག་འབབ་གྲབས་བྱེད་ཀྱིན་འདུག  
  མུ་ཊ་ཁ་བའི་ཁྲོད་དུ་བསྐྱོད་པ་ན་སྲང་ལམ་དུ་རླངས་པ་སྲབ་མོ་ཞིག་འཁྲིགས་འདུག མོ་ཊའི་ཤེལ་སྒོ་བརྒྱབ་ཡོད་ཀྱང་། ལམ་འགྲམ་གྱི་མོག་མོག་གི་རླངས་པ་ཞིམ་པོ་ཞིག་ཁོའི་སྣ་ལམ་དུ་འཛུལ་ཡོང་།
  “ཁ་སང་མཚན་མོར་ཁྱོད་རང་མེ་ཏོག་སྒྲོན་གྱི་རུམ་དུ་ཉལ་འདུག་ཟེར་བ་དེ་བདེན་ནམ”ཁོའི་གཡས་ཕྱོགས་སུ་བསྡད་ཡོད་པའི་ཚེ་བཀྲས་སྐད་ཆེ་རུ་བཏང་ནས་འདི་ལྟར་དྲིས། སྐད་ཆ་དེ་ཁ་ལོ་པའི་གཡོན་ཏུ་བསྡད་ཡོད་པའི་ཅུས་ཀྲང་གིས་ཀྱང་གོ་ཡོད་ངེས་རེད། ཁོའི་རྒྱབ་གཟུགས་དེ་ཁོ་གཉིས་ཀྱི་ཁ་བརྡ་ལ་ཉན་པའི་ཚུགས་ཀ་དང་བཅས་ཙོག་འདུག 
  “སུས་ཟེར”ཁོས་དྲིས། 
  “ལས་རོགས་ཚང་མས་འདི་ལྟར་བཤད་ཀྱིན་འདུག”
  “ཁ་སང་ངའི་ལྡེ་མིག་ཁང་པའི་ནང་དུ་ལུས་འདུག”སྐད་ཆ་འདི་ཁོའི་ཁ་ནས་ཐོན་མ་ཐག་འགྱོད་པ་གཏིང་ནས་སྐྱེས་བྱུང་། ཅི་འདྲའི་གླེན་པ་ཞིག མདང་དགོང་མེ་ཏོག་སྒྲོན་དང་ཉལ་མྱོང་བ་ཁས་ལེན་པ་མ་ཡིན་ནམ།
  “ཐབས་ཤེས་དེ་ཧ་ཅང་ཡག་པོ་འདུག”ཚེ་བཀྲས་འདི་ལྟར་བཤད་མ་ཐག ཅུས་ཀྲང་བགད་བྱུང་། དེ་ནས་ཁ་ལོ་པ་ཡང་བགད། 
  ཁ་ཉིང་ཁོས་ཅུས་ཀྲང་ལ་ང་རང་ས་ཆ་འདི་ནས་བྲལ་ཏེ། ས་ཆ་གཞན་ཞིག་ཏུ་སྤར་དགོས་པའི་ཞུ་བ་བྱས་པ་ཡིན། “ཅུས་ཀྲང་གིས་ཁྱོད་ལ་མི་སྒེར་གྱི་སྤྱོད་ལམ་ཐད་གནད་དོན་མེད་པས་སྣང་དག་ཡོད་མ་རེད”ཟེར། 
   བུ་མོ་ཞིག་གི་རུམ་དུ་ཞག་གཅིག་ཉལ་བ་ནི་དགོད་གཏམ་ཡིན་མོད། དོན་དུ་མི་སྒེར་གྱི་སྤྱོད་ལམ་ལ་གནད་དོན་ཡོད་པ་ངོ་སྤྲོད་བྱེད་ཀྱི་ནན་ཏན་གྱི་གཏམ་གླེང་ཞིག་ཡིན། 
  ཕྱི་རོལ་གྱི་རླངས་པའི་ཁྲོད་དུ་འབྲོག་པ་ཁ་ཤས་ཀྱི་གོམ་པ་ལྗིད་པོ་ཞིག་སྤོ་བཞིན་མདུན་དུ་འགྲོ་སྒང་རེད། ཁོས་རང་ཉིད་ཀྱང་མོ་ཊ་ནས་ཁད་ཀྱིས་བུད་དེ་ཁོ་ཚོ་དང་ངོ་བོ་གཅིག་ཏུ་འདྲེས་ཐུབ་ན་ཅི་མ་རུང་སྙམ།  

                                    རྩོམ་སྒྲིག་པ། རྣོ། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease