སྦྱོར་ལམ་ལ་དཔྱད་པ།

    གྲྭ་བསོད་ནམས་དོན་འགྲུབ་ཀྱིས་བརྩམས།


སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་ལ་དཔྱད་པ་ཀུན་མཁྱེན་དགྱེས་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།

             གྲྭ་བསོད་ནམས་དོན་འགྲུབ་ཀྱིས་བརྩགས།



 
བརྩེ་བ་སྙིང་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།

གང་གི་རྒྱུད་ལ་བཞུགས་པའི་སྐད་ཅིག་ལ།།
མི་ལྡོག་བྱང་ཆུབ་སེམས་དཔའི་གནས་ཐོབ་ཅིང་།།
འདྲེན་པ་བསླུ་མེད་ས་ལ་མངའ་བརྙེས་པའི།།
ཐབས་མཆོག་ཁྱད་པར་ཅན་ལ་གུས་པའི་འདུད།།

དེ་ཡང་རྒྱན་ལས། དམིགས་པ་དང་ནི་རྣམ་པ་དང་། ཞེས་པ་ནས། བཅས་པ་དག་ལས་ཁྱད་པར་འཕགས། ཞེས་པའི་བར་གྱི་ཚིག་བཅད་གཉིས་ཀྱིས་སྦྱོར་ལམ་དེ་ཁྱད་ཆོས་བརྒྱད་ཀྱི་སྒོ་ནས་བསྟན་ཏེ། དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངས་འཛིན་དང་། རྟེན་དང་། ངོ་བོ་དང་། ལྡན་པ་རྣམ་རྟོག་དང་། དབྱེ་བའི་ཁྱད་པར་རྣམས་སོ། །དེ་ལ་གཞན་དག་གིས་རྟེན་ངོ་བོ་དབྱེ་བའི་ཁྱད་པར་རྣམས་གཅིག་ཏུ་སྒྲེང་ནས་ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་དུ་འཕགས་ལ་དེ་ཉིད་ཉི་སྣང་གི་དགོངས་པ་ཡང་ཡིན་པར་འདོད། གཞན་དག་གིས་ཆུང་འབྲིང་ཆེན་པོ་རྣམས་ལ་གོང་གིི་ཁྱད་ཆོས་ལྔ་ཡི་སྒོ་ནས་ཁྱད་པར་འཕགས་པར་འདོད། དེ་དག་གིས་སྤོང་བྱ་རྣམ་རྟོག་ནི་བྱང་སེམས་ལམ་གྱི་སྤང་བྱ་གཙོ་བོར་གྱུར་བའི་ཤེས་སྒྲིབ་ལ་འདོད་དགོས་ཏེ། དེ་དག་སྤོང་བའི་སྒོ་ནས་བྱང་སེམས་ཀྱི་སྦྱོར་ལམ་ཁྱད་པར་འཕགས་པར་འདོད་པས་སོ། དེ་ལ་ཉི་སྣང་ལས། བྱང་ཆུབ་སེམས་དཔའི་ངེས་འབྱིན་ཆ་མཐུན་ནི་ཉན་ཐོས་སོགས་ཀྱི་ངེས་འབྱིན་ཆ་མཐུན་དག་ལས་ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་པར་འཕགས་ཏེ། ཞེས་པ་ནི་སྐབས་གོང་འོག་གི་སྦྱོར་ལམ་མི་ཟློས་པར་བསྟན་པ་ཡིན་པས་སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་དེ་ཁྱད་ཆོས་དྲུག་གི་སྒོ་ནས་བསྟན་པས་སྐབས་འོག་མའི་ཉན་རང་གི་རྟོགས་རིགས་སུ་གྱུར་བའ་སྦྱོར་ལམ ་དང་ཟློས་སྐྱོན་མེད་ཅེས་པའི་དོན་ཡིན་ནོ།།འདིར་བསྟན་ཚུལ་ལ་ཁྱད་ཆོས་བརྒྱད་ཀྱི་སྒོ་ནས་བསྟན་ཡང་། ཕྱི་མ་བཞི་ནི། ཉན་རང་ལས་ཁྱད་པར་འཕགས་ཆོས་མ་ཡིན་པས་མ་ནོར་བ་གལ་ཆེ་ལ། ཉི་སྣང་གིས་དྲུག་གི་སྒོ་ནས་ཟེར་བའང་འདི་དང་དོན་གཅིག་པའི་དྲུག་ཆར་ཡང་འཕགས་ཆོས་མ་ཡིན་ནོ། དེས་ན་དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོདས་སུ་འཛིན་པ་ཡིས། །ཞེས་བྱེད་ཚིག་འབྱུང་བའི་ཕྱིར་འདི་བཞི་ཁོ་ན་ཉན་རང་ལས་འཕགས་ཆོས་ཡིན་ནོ། །དམིགས་པ་ནི་ཉན་རང་གིས་བདེན་བཞི་ཙམ་ལ་དམིགས་ནས་ཁྱད་ཆོས་མི་རྟག་སོགས་འཛིན་པ་ཙམ་ཡིན་ལ་བཅུ་དྲུག་པོ་ལ་དམིགས་ནས་སྒྲོ་འདོགས་གཅོད་མ་ནུས་ལ། བྱང་སེམས་ཀྱིས་བདེན་བཞི་ལ་དམིགས་པ་མ་ཟད་ཁྱད་ཆོས་བཅུ་དྲུག་པོ་ལ་དམིགས་པ་ཡིན་ཏེ། མི་རྟག་པ་ལ་དམིགས་ནས་མི་རྟག་པར་འཛིན་པའི་སྒྲོ་འདོགས་གཅོད་དེ། མི་རྟག་པ་མི་རྟག་པར་མ་གྲུབ་པ་རྟོགས་པའི་ཕྱིར། དེས་ན་སྒྲོ་འདོགས་སོ་གཉིས་དང་བྲལ་ཡང་ད་དུང་ཡང་སྟོང་པ་དང་བདག་མེད་ལ་ཞེན་པར་འདོད་པ་ནི་མཁས་པའི་མདུན་སར་རྣ་བར་འགྲོ་བའི་གཏམ་མིན་ནོ། །འོ་ན་སྤྲོས་བྲལ་རྟོགས་པའི་སྦྱོར་ལམ་དེས་བདག་མེད་མ་རྟོགས་ན་མཆོད་ཡུམ་འགལ་ལ་རྟོགས་ན་དེར་ཞེན་པ་ལས་མ་འདས་ཏེ། དེ་རྟོགས་པའི་རྟོག་པ་ཡིན་པའི་ཕྱིར་ཞེ་ན། དེ་ནི་སྤྲོས་བྲལ་རྟོགས་པ་ཙམ་ལ་བདག་མེད་རྟོགས་ཞེས་པའི་ཐ་སྙད་བཞག་པ་ཙམ་ཡིན་གྱི་བདག་མེད་པའི་རང་ལྡོག་ནས་མ་རྟོགས་པའི་དེར་ཞེན་མི་དགོས་སོ། རྣམ་པ་ནི་མངོན་ཞེན་མེད་པ་དང་རྒྱུ་ནི་ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཡིན་ནོ། དེ་ལ་ཐེག་པ་གསུམ་པོ་ནི་སྐྱེ་མེད་གསུམ་པོ་མངོན་སུམ་དུ་རྟོགས་པའི་རྟོགས་རིགས་གསུམ་པོ་ཡིན། དེའི་རྒྱུ་ཚང་ཚུལ་ལ་བཞེད་པ་མི་མཐུན་པ་མང་ཡང་གནད་ཀྱི་དོན་ནི་འདི་ཡིན་ཏེ། འདིར་བསྟན་དྲོད་སོགས་བཞི་པོ་དུས་མཐའི་སྐད་ཅིག་མ་ལ་འཇོག་པ་མིན་པར་བྱ་རྫོགས་སྐད་ཅིག་མ་འཇོག་དགོས་ལ་དེ་ཡང་མཐའ་བཞིའི་སྤྲོས་པ་རིམ་གྱིས་བཀག་ནས་བཞི་ཆར་བཀག་པའི་ཚེ་འདིར་བསྟན་གྱི་དྲོད་སོགས་འཇོག་ལ་དེའི་ཚེ་མཐའ་བྲལ་འོ་སྙམ་དུ་ཞེན་པ་ལས་མ་འདས་ཏེ་དེའི་ལྡོག་པ་ནས་རྟོགས་པའི་རྟོག་པ་ཡིན་པའི་ཕྱིར། ཞེན་ཆ་དེ་ནི་འདི་ལ་ལྡན་པའི་མཚན་འཛིན་ཡིན་ཞིང་འདི་ཉིད་མཐོང་ལམ་གྱིས་སྤོང་མི་ནུས་ཤིང་དུག་ཅན་གྱི་ལྟ་བ་ཡིན་པར་ཀླུ་སྒྲུབ་གྱིས་མང་པོར་གསུངས་སོ། །སྦྱོར་ལམ་ནི་དེའི་ཚེ་ཐེག་ཆེན་གྱི་རྟོགས་རིགས་འབའ་ཞིག་ཡིན་ནོ། དྲོད་སོགས་བཞི་ལ་གསལ་སྣང་ཐོབ་ཚུལ་ནི་འདི་ལྟར་ཡིན་ཏེ། དྲོད་ཡེ་ཤེས་ཀྱིས་ཀུན་ཉོན་གཟུང་རྟོག་ཀྱི་དམིགས་ཡུལ་གྱི་ཆོས་ལ་དམིགས་ནས་དེའི་སྟེང་དུ་མཐའ་བཞི་རིམ་གྱིས་འགོག་ལ་དང་པོ་བཀག་ཚེ་ཀུན་ཉོན་གྱི་གཟུང་བ་རང་བཞིན་མེད་པར་རྟོགས་ལ་དེར་ཞེན་པ་ལས་མ་འདས། ཡེ་ཤེས་དེ་དེའི་ཚེ་མཐའ་གཉིས་པ་ལ་ཞེན་པའི་བློ་ཡིན་ལ་ཞེན་ཆ་དེ། འདི་ལ་ལྡན་པའི་དགག་རྟོག་ཡིན་པ་དང་ཡེ་ཤེས་ནི་རང་རྒྱལ་གྱི་རྟོགས་རིགས་ཁོ་ན་ཡིན། དེའི་རྗེས་སུ་ཀུན་ཉོན་གཟུང་བ་རང་བཞིན་མེད་པ་མ་ཡིན་པར་རྟོགས་ཚེ་ཡེ་ཤེས་དེ་ཐེག་ཆེན་གྱི་རྟོགས་རིགས་འགྱུར་ཚུལ་དང་གང་ཟག་གི་སྟེང་དུ་མཐའ་འགོག་ཚེ་དང་པོ་ཉན་ཐོས་ཀྱི་རྟོགས་རིགས་འགྱུར་ཚུལ་སོགས་རིགས་བསྒྲེ་སྟེ་ཤེས་པར་བྱའོ། །དེས་ན་འདིར་བསྟན་དྲོད་སོགས་བཞི་པོ་ནི་མཐའ་བཞི་རིམ་གྱིས་བཀག་ཟིན་ནས་མཐའ་བྲལ་རྟོགས་པའི་བློ་ལ་འཇོག་དགོས་ཤིང་། དེའི་རིགས་རྒྱུན་སྔ་མས་མཐའ་བཞི་རིམ་གྱིས་བཀག་འོང་བས་ཐེག་པ་གསུམ་གྱི་རྟོགས་རིགས་རིམ་གྱིས་ཚང་འོང་བ་ནི་གནད་ཀྱི་དོན་ཡིན་ནོ། །འོ་ན་འདིར་བསྟན་གྱི་སྦྱོར་ལམ་མཐའ་བྲལ་རྟོགས་པའི་བློ་ཡིན་ན་དེས་གང་ཟག་གི་སྟེང་དུ་སྤྲོས་པ་བཀག་པའི་ཆ་ནས་ཉན་ཐོས་ཀྱི་རྟོགས་རིགས་དང་བཟུང་བའི་སྟེང་དུ་སྤྲོས་པ་བཀག་ཆ་ནས་རང་རྒྱལ་གྱི་རྟོགས་རིགས་འཛིན་པའི་སྟེང་དུ་སྤྲོས་པ་བཀག་ཆ་ནས་ཐེག་ཆེན་གྱི་རྟོགས་རིགས་སུ་འགྱུར་བའི་རྟོགས་རིགས་གསུམ་པོ་ངོ་བོ་གཅིག་ཏུ་ལྡན་པར་འགྱུར་ཏེ། དཔེར་ན་དགག་རྟོག་དང་སྦྱོར་ལམ་མཉམ་བཞག་ངོ་བོ་གཅིག་ཏུ་ལྡན་པ་བཞིན་ཞེ་ན། སྐྱོན་མེད་དེ། གལ་ཏེ་སྦྱོར་ལམ་སྐད་ཅིག་མ་གཅིག་ལ་དེ་འདྲའི་སྤྲོས་པ་བཀག་ཆ་གསུམ་ཡོད་ན་རྟོགས་རིགས་གསུམ་པོ་ངོ་བོ་གཅིག་ཏུ་ཡོད་པ་ལས་མ་འདས་མོད། རྟོག་པ་སེལ་འཇུག་ཡིན་པས་སྤྲོས་པ་གཅིག་ཅར་ཏུ་བཀག་མི་ནུས་པས་བཀག་ཆ་གསུམ་གཅིག་ཅར་ཏུ་ཚང་དུས་མི་སྲིད་དོ། །དེའི་ཚེ་གང་ཟག་གཟུང་བ་འཛིན་པ་སོགས་ལ་མ་ཞེན་པའི་ཆ་གསུམ་ངོ་བོ་གཅིག་ཏུ་ཡོད་ཀྱང་དེ་ཙམ་ལ་རྟོགས་རིགས་སུ་འཇོག་མི་ནུས་ཏེ། དེ་དང་དེའི་རྟོགས་རིགས་ཡིན་ན་དེ་དང་དེའི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་རིགས་སུ་གནས་དགོས་ལ། བདག་མེད་ལ་ཞེན་ཚེ་གཟུང་རྟོག་གི་གཉེན་པོར་མི་འགྲོ་ལ་གཟུང་མེད་ལ་ཞེན་ཚེ་འཛིན་རྟོག་གི་གཉེན་པོར་མི་ནུས་པའི་ཕྱིར། མངོན་སུམ་སྒྲིབ་འཇུག་ཡིན་པས་སྤྲོས་པ་གཅིག་ཅར་ཏུ་བཀག་ནུས་ལ་དེའི་ཚེ་བཀག་ཆ་གསུམ་ལ་རྟོགས་རིགས་གསུམ་པོ་སོ་སོར་འཇོག་ནུས་པའི་ངོ་བོ་གཅིག་ཏུ་ལྡན་པ་ཡིན་ནོ། རྟོག་པས་མཐའ་སྔ་མ་བཀག་ཚེ་ཕྱི་མར་ཞེན་པས་མཐའ་བཞི་རིམ་གྱིས་འགོག་དགོས་པ་དང་མཐའ་བཞི་བཀག་པའི་བཀག་ཆ་བཞི་དུས་གཅིག་ལ་ཚང་མི་སྲིད་པ་བདེན་མོད། དེ་ཙམ་གྱིས་རྟོགས་རིགས་གསུམ་པོ་ངོ་བོ་གཅིག་ཏུ་མི་ལྡན་པ་མི་གྲུབ་སྟེ། མཐའ་དང་པོ་ཁོ་ན་བཀག་པའི་སྦྱོར་ལམ་ལ་རྟོགས་རིགས་གསུམ་པོ་ངོ་བོ་གཅིག་ཏུ་ལྡན་ཏེ། དེས་གང་ཟག་དང་གཟུང་བ་ཆོས་ཐམས་ཅད་ཀྱི་སྟེང་དུ་མཐའ་དང་པོ་བཀག་པའི་ཆ་ནས་རྟོགས་རིགས་གསུམ་ཚང་བའི་ཕྱིར་ཞེ་ན། དེ་གསུམ་གྱི་སྟེང་དུ་བདེན་པ་བཀག་པའི་ཡེ་ཤེས་གསུམ་པོ་རྟོགས་རིགས་གསུམ་པོ་རེ་རེར་ནས་ཡིན་མོད་དེ་གསུམ་དུས་གཅིག་ལ་ཚང་མི་སྲིད་དེ། གང་ཟག་གི་སྟེང་དུ་བདེན་པ་བཀག་ཚེ་གང་ཟག་བདེན་མེད་འོ་སྙམ་དུ་ཞེན་འགྲོ་ལ་དེའི་ཚེ་གཟུང་བ་རང་བཞིན་མེད་པའི་རྣམ་པ་ཅན་དུ་འགལ་པའི་ཕྱིར་དང་། ཉན་ཐོས་ཀྱི་རྟོགས་རིགས་ལ་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དང་གཞན་གཉིས་ལ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དགོས་པའི་ཕྱིར། རྟོག་པ་སེལ་འཇུག་ཡིན་པས་ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་པ་བཀག་ཚེ་དེའི་རང་ལྡོག་ནས་བདེན་པ་བཀག་གི་ནང་ཚན་རེ་རེའི་སྟེང་དུ་འགོག་མི་ནུས་ལ་མངོན་སུམ་སྒྲིབ་འཇུག་ཡིན་པས་ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་པ་བཀག་ཚེ་ནང་ཚན་རེ་རེའི་སྟེང་དུ་སྒྲོ་འདོགས་གཅོད་ནུས་པ་ནི་གནད་ཀྱི་དོན་ནོ། འོན་ཀྱང་ཆོས་ཅན་ཇི་སྙེད་ཐམས་ཅད་མངོན་སུམ་དུ་གཟིགས་མི་དགོས་སོ།།དེས་ན་མཐའ་དང་པོ་ཁོ་ན་བཀག་པའི་སྦྱོར་ལམ་ལ་ནི་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱིན་ཆ་མཐུན་ཡིན་པ་ཡོད་མོད་འདིར་བསྟན་གྱི་ངེས་ཆ་ནི་མེད་དེ། འདིར་རྣམ་པའི་སྒོ་ནས་ཉན་རང་ལས་ཁྱད་པར་འཕགས་པར་གསུངས་པ་གང་ཞིག དེ་ནི་ཆོས་ཉིད་ཀྱི་རྣམ་པ་ལ་གོ་དགོས་སྟེ། འོག་ནས་འཆད་པའི་ཁྱད་མཚན་དང་གནད་གཅིག་པའི་ཕྱིར། དེ་ཡང་མཐའ་བཞི་རིམ་གྱིས་བཀག་ཟིན་པའི་ངེས་ཆ་འཇོག་དགོས་ཤིང་། དེ་ནི་རྒྱུན་ལ་འཇོག་གི་རྫས་སྐད་ཅིག་མ་ལ་མི་འཇོག་སྟེ། མཐའ་བཞི་རིམ་གྱིས་བཀག་པའི་སྤྱོར་ལམ་མི་རྙེད་པའི་ཕྱིར་རོ།། འདི་ལས་བྱུང་བའི་རྣམ་དཀར་དགེ་བ་ཡིས།། སྲིད་གསུམ་གནས་ལ་ཞེན་པ་ཡོངས་བྲལ་ཏེ།། ཕྱིར་མི་ལྡོག་པའི་གནས་ལ་རབ་ཞུགས་ནས།། མཐའ་ཡས་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག། །།

ཅེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་རྒྱལ་བ་ཤིང་རྟའི་ལོའི་ཟླ་ལྔ་པའི་ཚེས་བཟང་པོ་ལ་སེངྒེ་དགོན་པའི་གྲྭ་བསོད་ནམས་དོན་འགྲུབ་ཏུ་འབོད་པའི་བྲིས་པའོ།། །།  དགེའོ།།
                                                              
རྩོམ་སྒྲིག་པ། རྣོ།