རང་རིག་ལ་དཔྱད་པ།

    གཞན་ཕན་ལེགས་བཤད་ཀྱིས་བརྩམས།

དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་རང་རིག་ལ་ཅུང་ཙམ་དཔྱད་པ།

                              གཞན་ཕན་ལེགས་བཤད་ཀྱིས་བརྩམས།



ཆོས་ཉིད་འགྱུར་བ་མེད་པ་བདེ་བར་གཤེགས་པའི་སྙིང་པོ་ལ་ཕྱག་འཚལ་ལོ།།

སྔ་ཕྱིའི་མཁས་དབང་དག་གིིས་འདིི་ལ་བཞེད་ཚུལ་མང་ཙམ་མཛད་མོད་འཇམ་མགོན་བླ་མའི་བྲག་ལན་སོགས་ཀྱི་དགོངས་པ་ལྟར་རང་ལུགས་ཅུང་ཙམ་འགོད་ན།  ཐལ་འགྱུར་པ་འདི་པས་རང་རིག་ཐ་སྙད་ཙམ་དུ་ཡང་མ་གྲུབ་པར་མི་འདོད་ལ་རྒྱན་འཇུག་སོགས་ལས་རང་རིག་དགག་པ་ནི་བདེན་པར་གྲུབ་པའི་རང་རིག་གམ་འཛིན་རྣམ་ཡན་གར་བའི་རང་རིག་བཀག་པ་ཡིན་ཏེ་སེམས་ཙམ་པ་དག་གིས་གཉིས་སྟོང་གི་རྣམ་ཤེས་རང་རིག་བདེན་གྲུབ་ཏུ་ཁས་བླངས་པ་ལ་སྐྱོན་བརྗོད་པ་ཡིན་ཞེས་བཤད་ན་ཤིན་ཏུ་འཐད་པའི་ཕྱིར།  དེ་ལས་གཞན་ཐ་སྙད་ཀྱི་རང་རིག་ཙམ་ཡང་མ་འདོད་ན་འདི་པའི་ཐ་སྙད་ཀྱི་ཚུལ་ལ་དངོས་སྟོབས་ཀྱི་རིགས་པས་གནོད་པར་འགྱུར་ཏེ།  ཤེས་པ་ཐམས་ཅད་རང་གི་ངོ་བོ་གང་གིས་ཀྱང་མ་བསྒྲིབས་པར་མྱོང་བ་གསལ་རིག་གི་བདག་ཉིད་དུ་མ་གནས་ན་གང་ཟག་ཐམས་ཅད་ལ་རང་བློ་ལྐོག་གྱུར་ཉིད་དུ་ཐལ་བ་དང།  མ་བརྟགས་མ་དཔྱད་ཙམ་དུ་རང་རིག་ཡོད་པ་ལ་རིགས་པ་གང་གིས་ཀྱང་གནོད་བྱེད་མེད་པ་དང་། དེ་བས་ཀྱང་ཐ་སྙད་ཙམ་དུ་རང་རིག་མེད་ན་རི་བོང་གི་རྭ་བཞིན་དུ་རང་རིག་འགོག་བྱེད་ཀྱི་ཐ་སྙད་རིགས་པ་ཡོད་དགོས་ན་དེ་ཡང་མེད་པ་སོགས་སྐྱོན་དུ་མ་ཡོད་པའི་ཕྱིར།  གཞན་ཡང་རང་རིག་ཅེས་པ་འདི་ཐ་སྙད་ཙམ་དུའང་མ་གྲུབ་ན་ཤེས་པ་སྔ་མ་རྟོགས་ཟིན་སླར་ཡང་དྲན་པའི་དྲན་ཤེས་སྐྱེ་བ་མི་འཐད་དེ་དྲན་པ་ཞེས་པ་ནི་སྔར་རྟོགས་ཟིན་གྱི་དོན་ལ་འཇུག་པ་ཞིག་དགོས་ན་རང་རིག་མེད་ན་ཤེས་པ་སྔ་མ་རྟོགས་ཟིན་ཡིན་པ་མི་གྲུབ་པའི་ཕྱིར་ཏེ།  རང་གིས་ཀྱང་མ་རྟོགས་གཞན་གྱིས་ཀྱང་མ་རྟོགས་པའི་ཕྱིར་རོ།། གལ་ཏེ་དྲན་པ་ཡོད་པ་ནི་རང་རིག་ཡོད་པས་མ་ཡིན་ཏེ་ཡུལ་དྲན་སྟོབས་ཀྱིས་ཡུལ་ཅན་ཤེས་པ་དྲན་པ་ཡིན་པའི་ཕྱིར་ཏེ་དྲན་འགྱུར་བྱི་བའི་དུག་བཞིན་ནོ།།  ཞེས་སོགས་གསུངས་པའི་ཕྱིར་སྙམ་ན་མ་ཡིན་ཏེ་ཤེས་པ་ཡིན་ཚད་རང་རིག་མ་ཡིན་ན་རང་བློ་ལྐོག་གྱུར་ཡིན་པས་ན་སུས་ཀྱང་མ་མྱོང་བས་དེ་ལྟར་ན་ཡུལ་དྲན་རུང་ཡུལ་ཅན་དྲན་པ་ཇི་ལྟར་ཡོད་ཞིབ་པར་བསམ་དགོས་སོ།། དེ་ལྟར་ན་མི་འཐད་དེ་འཇམ་མགོན་བླ་མའི་ཤེར་ཊཱིཀ་ལས་ད་ལྟ་སྔོ་འཛིན་རྣམ་ཤེས་དྲན་པ་ནི་སྔར་སྔོ་འཛིན་རང་གིས་རང་མྱོང་བའི་འབྲས་རྟགས་མིན་ཏེ།  གཞན་སྔར་ཡུལ་མྱོང་བ་དེ་དང་ཡུལ་ཡུལ་ཅན་གྱི་འབྲེལ་བ་ལས་ད་ལྟ་ཡུལ་ཅན་སྔོ་འཛིན་ཡང་དྲན་པར་འགྱུར་ཏེ།  འདིར་སྔོན་པོ་དང་བྲལ་བའི་སྔོ་འཛིན་ཡན་གར་བ་ནི་ནམ་ཡང་དམིགས་པ་མིན་པས་ན།  ནམ་སྔར་ཉམས་སུ་མྱོང་བའི་སྔོན་པོ་དྲན་པ་ན་དེ་འཛིན་བྱེད་ཡུལ་ཅན་གྱི་རྣམ་པ་དྲན་པའི་རྟོག་པའང་སྐྱེ་བ་ཡིན་གྱི།  སྔོན་པོ་ལས་ལོགས་སུ་ཆད་པའི་སྔོ་འཛིན་ཞིག་སྔར་ཉམས་སུ་མྱོང་བས་ནི་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་ཟེར་ན།  དེའི་དོན་ནི་འདི་ཡིན་ཏེ་སྔོ་འཛིན་རྣམ་ཤེས་དྲན་པ་ནི་སྔར་སེམས་ཙམ་པའི་འདོད་པ་ལྟར་གྱི་རང་རིག་ཡོད་པས་མ་ཡིན་པར་ཡུལ་སྔོན་པོ་མྱོང་སྟོབས་ཀྱིས་དྲན་པ་ཡིན་ཞེས་པ་ལས་ཐ་སྙད་དུ་རང་རིག་ཙམ་ཡང་ཡོད་པའི་འབྲས་རྟགས་མིན་ཟེར་བའི་དོན་མ་ཡིན་ཏེ།  རང་རིག་མེད་ན་རང་བློ་རང་ལ་ལྐོག་གྱུར་ཏུ་ཐལ་བ་སོགས་ཡོད་པ་དེས་ན་དབུ་མ་ཐལ་འགྱུར་བའི་ལུགས་ལ་རང་རིག་གཏན་མི་འདོད་པ་མ་ཡིན་པར་རང་རིག་བདེན་གྲུབ་བཀག་པ་ཡིན་ཞེས་ཀུན་མཁྱེན་མི་ཕམ་པའི་གཞུང་གོང་འོག་དུ་མར་ལན་མང་དུ་གསུངས་པའི་ཕྱིར་རོ། །

 
དེ་ལྟར་ན་ཡང་དབུ་མ་འཇུག་པ་ལས།  དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན།།  གལ་ཏེ་ཕྱི་དུས་དྲན་པ་ལས་གྲུབ་ན།།  མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི།།  མ་གྲུབ་པ་ནི་སྒྲུབ་པར་བྱེད་པ་མིན།།  ཞེས་དང་།  འཇུག་པ་རང་འགྲེལ་ལས།  དེ་ལ་གལ་ཏེ་རེ་ཞིག་རྫས་སྒྲུབ་པར་བྱེད་པ་ཡིན་པའི་དབང་དུ་བྱས་ནས་དེ་སྐད་དུ་སྨྲ་ན་ནི།  དེའི་ཚེ་བདག་དང་གཞན་ལས་སྐྱེ་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་དྲན་པ་མི་སྲིད་པས་ཇི་ལྟར་མ་གྲུབ་པའི་དྲན་པས་མ་གྲུབ་པའི་རང་རིག་པ་འགྲུབ་པར་འགྱུར།  འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན་དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དོ།།  དེ་ཅིའི་ཕྱིར་ཞེ་ན།  གལ་ཏེ་འདིར་མེད་བཞིན་དུ་ཤེས་པ་འགའ་ཞིག་གིས་རང་རིག་པ་འགྲུབ་པར་འགྱུར་ན་ནི་དེ་ཡོད་པས་དུ་བས་མེ་ལྟར་དུས་ཕྱིས་འབྱུང་བའི་དྲན་པའི་སྒོ་ནས་ཡོད་པ་ཉིད་དུ་ངེས་པར་འགྱུར་བ་ཞིག་ན།རང་རིག་པ་དེ་ནི་དེ་རུང་དུ་ཡང་མ་གྲུབ་པས།  རང་རིག་པའི་རྒྱུ་ཅན་རང་རིག་པ་མེད་པར་མི་འབྱུང་བའི་དྲན་པ་ག་ལ་ཡོད།  ཅེས་དང་། སྤྱོད་འཇུག་ལས།  གཞན་མྱོང་བ་དང་འབྲེལ་བའི་ཕྱིར།།  དྲན་འགྱུར་བྱི་བའི་དུག་བཞིན་ནོ།། ཞེས་སོགས་གསུངས་པ་དང་འགལ་ལོ་སྙམ་ན།
མི་འགལ་ཏེ་ལུང་དེ་དག་གིས་སེམས་ཙམ་པས་འདོད་པ་ལྟར་གྱི་རང་རིག་བདེན་གྲུབ་བཀག་པ་ལས་སྤྱིར་རང་རིག་ཙམ་བཀག་པ་མ་ཡིན་ཏེ།དེ་དག་གི་སྐབས་སུ་བཀོད་པའི་རིགས་པ་དག་ནི་དོན་དཔྱོད་ཁོ་ན་ཡིན་པའི་ཕྱིར།  རྟགས་མ་གྲུབ་ན།  དེ་ཡིན་པར་ཐལ།བྱ་བྱེད་ལས་གསུམ་རང་གི་མཚན་ཉིད་ཀྱིས་ཐ་དད་མ་གྲུབ་པ་སོགས་རང་རིག་དོན་དམ་དུ་འགོག་བྱེད་དག་བཀོད་པ་ཡིན་པའི་ཕྱིར།དེ་ལྟར་མ་ཡིན་ན་རང་རིག་ཏུ་མ་ཟད་དོན་རིག་ཀྱང་ཐ་སྙད་ཙམ་དུ་མ་གྲུབ་པར་འགྱུར་ཏེ་རང་རིག་འགོག་བྱེད་ཀྱི་རིགས་པ་དེ་དག་གིས་ཁེགས་པ་ཡིན་པའི་ཕྱིར།  དེ་ལྟར་ཡང་འཇམ་མགོན་བླ་མ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་བྲག་ལན་ལས། སྤྱིར་དབུ་མ་ཐལ་འགྱུར་བའི་ལུགས་ལ་རྣམ་ཤེས་ཚོགས་དྲུག་ཏུ་བཞེད་པ་དང་།  རང་རིག་གི་རྣམ་བཞག་སོགས་མ་མཛད་པ་ནི་རང་གཞུང་ན་གསལ་མོད།  དེར་ཐ་སྙད་དུ་ཞལ་བཞེས་མེད་པ་ཙམ་ཞིག་གིས་ཐ་སྙད་དུ་མེད་ངེས་སུ་གོ་དགོས་པའི་ངེས་པ་ག་ལ་ཡོད་དེ།  དཔེར་ན་ཐལ་འགྱུར་བའི་ལུགས་ལ་གཉུག་སེམས་དང་བདེ་བ་ཆེན་པོ་སོགས་ཀྱི་ཐ་སྙད་སྦྱར་དོན་མེད་ཀྱང་དེ་དག་ཐ་སྙད་དུ་མི་འཐད་པ་མ་ཡིན་པ་བཞིན་ནོ།།  དེ་དང་ག་ལ་འདྲ་སྟེ་རང་རིག་ལ་དགག་པ་ནན་ཏན་མཛད་པ་དངོས་སུ་གསལ་བས་ཐ་སྙད་དུ་མེད་པར་འགོག་པ་དེ་ཐལ་འགྱུར་བའི་ཁྱད་ཆོས་སུ་འཇོག་གོ་ཞེ་ན།  དབུ་མའི་གཞུང་ན་རང་རིག་ནན་གྱིས་བཀག་པ་ཡོད་མོད་ཀྱི། དེ་དག་གིས་དོན་དམ་པར་བཀག་པར་འགྱུར་གྱི་ཐ་སྙད་དུ་མི་ཁེགས་ཏེ་དཔེར་ན་གཞན་རིག་བཞིན་ནོ།།  ཅིའི་ཕྱིར་མི་ཁེགས་སྙམ་ན་ཐ་སྙད་དུ་ཡང་མེད་ཅེས་འགོག་ན་རྟག་པའི་སྒྲ་དང་དབང་ཕྱུག་བྱེད་པ་པོ་ལ་སོགས་པ་བཞིན་དུ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གནོད་པ་དངོས་སུ་ཡོད་པ་དགོས་ན་འདི་ལ་དེ་མི་སྲིད་པའི་ཕྱིར་རོ།།  དེའི་ཕྱིར་འཇིག་རྟེན་ཐ་སྙད་ཀྱི་དབང་དུ་ཡིན་ན་དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དོ་ཞེས་སོགས་གསུངས་པ་ནི། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི།།  དེ་ལྟའང་དྲན་པས་དྲན་པ་རིགས་མིན་ཏེ།།  གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན།།  ཞེས་གསུངས་པ་ལྟར་སྔ་ཕྱིའི་ཤེས་པ་རང་མཚན་གྱིས་གྲུབ་པའི་སོ་སོ་བ་ལ་སྔར་རང་གིས་རང་མྱོང་དུ་ཆུག་ཀྱང་ད་ལྟ་དྲན་མི་སྲིད་པར་སྟོན་པའི་རིགས་པར་འདུག་གི  འཇིག་རྟེན་ཐ་སྙད་དུ་རང་རིག་ཡོད་པ་ལ་གནོད་ངེས་ཀྱི་རིགས་པ་གང་ཡང་མི་འདུག་ན་དེ་ཙམ་ཞིག་བརྗོད་པས་ཅི་ཡང་མི་འགྲུབ་བོ།།  རིགས་པ་ཡོད་དེ་གོང་དུ་བརྗོད་པ་ལྟར་ཐ་སྙད་དུ་རང་རིག་ཡོད་ན་བྱ་བྱེད་ལས་གསུམ་རང་ངོས་ནས་གྲུབ་པར་ཐལ་བ་བཟློག་ཏུ་མེད་དོ་ཟེར་ན་འདི་རྒྱུ་མཚན་མ་ངེས་པའི་ཚིག་ཙམ་སྟེ།  རང་ངོས་ནས་གྲུབ་པ་ཞེས་པ་དབུ་མའི་སྐབས་འདིར་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ལ་བརྗོད་པ་ཡིན་ལ།  དེས་རང་རིག་མ་འགྲུབ་པར་ནི་འདོད་ཅིང་ཐ་སྙད་དུ་རང་བློ་རང་གིས་རིག་ན་བྱ་བྱེད་ལས་གསུམ་རང་ངོས་ནས་གྲུབ་དགོས་པའི་རྒྱུ་མཚན་རྡུལ་ཙམ་མེད་དེ་དོན་རིག་བཞིན་ནོ།། 

 
གལ་ཏེ་འདིའི་སྐབས་ཀྱི་བྱ་བྱེད་ལས་གསུམ་ཞེས་པ་རིག་བྱ་རིག་བྱེད་རིག་པའི་བྱ་བ་གསུམ་ཐ་དད་དུ་མེད་པ་ལ།  རིག་པའི་ཐ་སྙད་ཀྱང་མི་འཐོབ་ཅིང་།  རང་གིས་རང་ལ་བྱེད་པ་འཇུག་པ་ལ་དཔྱད་ན་ཡུལ་ཡུལ་ཅན་ཐ་དད་དུ་ཡོད་ནའང་རང་རིག་ཏུ་མི་འགྱུར་ཏེ་གཞན་རིག་ཏུ་འགྱུར་རོ།།  ཐ་དད་དུ་མེད་ནའང་བྱེད་པ་མི་འཇུག་སྟེ་བྱ་བྱེད་ལས་གསུམ་གཅིག་ཏུ་འགྱུར་བས་རལ་གྲིས་རང་གིས་རང་མི་གཅོད་པ་བཞིན་ནོ་སྙམ་ན།  དེ་ལྟར་ཡིན་མོད་དེ་དཔེར་ན་སྔོ་འཛིན་ཤེས་པ་དང་སྔོན་པོ་གཉིས་བར་བཅས་པ་དང་མ་བཅས་པའམ་སྔ་ཕྱི་ཇི་ལྟར་ཡིན་དཔྱད་ན་གང་ལྟར་ཡང་དེས་དེ་འཛིན་པ་མི་སྲིད་མོད་ཀྱི་དཔྱད་པ་དེ་དག་དོན་དམ་དཔྱོད་པར་སོང་གི་འཇིག་རྟེན་ཐ་སྙད་དུ་སྔོན་པོ་ཉམས་སུ་མྱོང་བའི་ཤེས་པ་གཏན་མེད་པར་མི་འགྲོ་བ་བཞིན་དུ།  རང་རིག་ལའང་བྱ་བྱེད་ལས་གསུམ་ཐ་དད་དུ་མེད་ཀྱང་རང་བློ་ཉིད་སྐྱེས་ཙམ་ནས་ལྐོག་ཏུ་མ་གྱུར་པར་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་བརྗོད་ལ་དེ་འཇིག་རྟེན་ཐ་སྙད་དུ་ཡོད་དེ་ཐ་སྙད་དུ་རང་རྒྱུད་ཀྱི་བློ་རང་གིས་དངོས་སུ་རིག་པའམ་མི་རིག་པ་གཉིས་སུ་ཁ་ཚོན་ཆོད་པ་ལས་མི་རིག་པར་འདོད་ན་རང་བློ་རང་ལ་ལྐོག་གྱུར་དུ་ཁས་ལེན་པ་ལས་འོས་མེད་དོ། །  ཞེས་དང་ཡང་དེ་ཉིད་ལས།  གཞན་ཡང་འཛིན་རྣམ་གྱི་ལྡོག་པ་ནས་རང་རིག་ཏུ་བཏགས་ཀྱང་དོན་ལ་བྱ་བྱེད་སོ་སོར་མེད་པས་མི་འཐད་ན་བདག་གཅིག་འབྲེལ་ཡང་ཐ་སྙད་དུ་མེད་པར་ཁས་ལེན་དགོས་ཏེ།  བདག་རང་ལ་རང་འབྲེལ་བ་དང་རང་གིས་རང་རིག་པ་གཉིས་ཚུལ་འདྲ་བའི་ཕྱིར་རོ།།  བདག་གཅིག་འབྲེལ་མི་འཐད་ན་བདེན་གཉིས་ངོ་བོ་གཅིག་པའང་ཐ་སྙད་དུ་མེད་པར་འགྱུར་ཞིང་།  ཡང་གཉིས་སྣང་མེད་པའི་ཡེ་ཤེས་ཀྱིས་ཡུལ་རྟོགས་པའང་མི་འཐད་པར་འགྱུར་ཏེ་ཡུལ་ཡུལ་ཅན་གཉིས་སུ་མི་སྣང་བཞིན་དུ་དེས་དེ་རྟོགས་པའི་བྱེད་པ་འཇུག་པའམ་དེ་ལ་དེ་མངོན་སུམ་དུ་སྣང་བ་མི་འཐད་པ་མཚུངས་པར་འགྱུར་བའི་ཕྱིར་དང་།  རང་ལ་རང་གི་བྱེད་པ་འཇུག་པ་ལ་ཇི་ལྟར་དཔྱད་ཀྱང་གསུམ་དུ་སྣང་གི་ཆ་མེད་གཅིག་ཏུ་འཆར་མི་བཏུབ་པས་རང་རིག་མི་འཐད་པར་བརྗོད་པ་ལྟར་གཟུང་འཛིན་མེད་པའི་བློ་ལ་ཇི་ལྟར་དཔྱད་ཀྱང་གཟུང་བྱའི་རྣམ་པར་མི་འཆར་ལ།  དེ་ལ་སྣང་ངོར་ཡུལ་ཡོད་པར་བཟུང་ན་གཟུང་འཛིན་མེད་པར་མི་འཆར་བ་ཡང་དེ་བཞིན་ནོ།། ཞེས་དང་།  དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།  དེ་ལྟ་བས་ན་ཡུལ་བུམ་པ་སོགས་བེམ་པོ་ཡིན་པས་དེ་དག་ལ་གསལ་ཞིང་རིག་པ་མི་སྲིད་ལ། དེས་ན་དེ་དག་གི་ངོ་བོ་རིག་པར་བྱེད་པ་རང་ལས་གཞན་པ་གསལ་ཞིང་རིག་པའི་བློ་ལ་ལྟོས་དགོས་ཀྱང་། ཤེས་པ་འདི་ནི་རང་གི་ངོ་བོ་བེམ་པོ་ལྟ་བུ་མ་ཡིན་པས་རང་གི་རིག་པར་བྱ་བ་རྐྱེན་གཞན་ལ་ལྟོས་མི་དགོོས་པ་དེ་ཕྱིར་རང་རིག་ཅེས་བཞག་པ་ཐ་སྙད་ཆེས་འཐད་དེ།  ཁོ་རང་སྐྱེས་ཙམ་ནས་གསལ་རིག་གི་རང་བཞིན་ཅན་ཡིན་པས།  ཁོས་གཞན་རིག་ཀྱང་ཁོ་ལ་རིག་མཁན་གཞན་མེད་ན་རང་མི་རིག་པ་མ་ཡིན་པས།  གྲུ་པ་རང་གིས་རང་ཆུ་ལས་བསྒྲལ་ཟེར་བ་དང་།  མར་མེ་རང་གིས་རང་གསལ་ཟེར་བ་དང་འདྲ་སྟེ། དེའང་མུན་ཁང་ནང་གི་བུམ་པ་སོགས་མར་མེས་སྣང་བར་བྱས་ཀྱང་།  མར་མེ་རང་སྣང་བར་བྱེད་པ་ལ་རྒྱུ་གཞན་མི་དགོས་པས་རང་གསལ་ཞེས་ཐ་སྙད་བཏགས་པ་ལས་མར་མེ་རང་གིས་རང་ཡུལ་དུ་བྱས་ནས་གསལ་བ་མིན་པ་ལྟ་བུའོ།།  དེས་ན་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་བཏགས་པ་ཡིན་པས་སྤྱིར་ཤེས་པ་ཡིན་ན་ངོ་བོའི་དབང་དུ་བྱས་ཏེ་རང་གིས་རང་རིག་པ་ཡིན་པས་ཁྱབ་ཀྱང་།  གཟུང་འཛིན་གཉིས་སུ་ཕྱེ་བའི་འཛིན་རྣམ་ལ་རང་རིག་ཏུ་བཞག་པའི་ལྡོག་ཆ་ནས་དེ་ཡིན་པས་མ་ཁྱབ་པ་ལྟ་བུར་སྣང་བ་སོགས་ཤེས་པར་བྱའོ།། 
 
དེས་ན་རང་རིག་ཅེས་པའི་ཐ་སྙད་ཙམ་ཞིག་སྒྲུབ་ཚུལ་དེ་ལྟར་ཤེས་ན་ཀུན་རྫོབ་ཏུ་རང་རིག་འཐད་པ་ལ་གནོད་པ་གང་ཡང་མི་འབབ་སྟེ།  ཤེེས་པས་རང་གསལ་ན་མིག་གིས་རང་མཐོང་བ་དང་།  ཡང་ཟོར་ཅན་རང་གི་ཕྲག་པར་ཞོན་པ་སོགས་མི་རུང་བ་ལྟ་བུའི་ཚུལ་དུ་གསུངས་པ་དང་།  མར་མེས་རང་གསལ་ན་མུན་པས་རང་བསྒྲིབས་པར་ཐལ་བ་སོགས་ཀྱི་རིགས་པ་ཐམས་ཅད།  རང་རིག་བདེན་པར་ཁས་བླངས་ན་འཇུག་སྟེ།  རང་ཡིན་ན་ཡུལ་ཡིན་པ་འགལ།  ཡུལ་ཡིན་ན་རང་ཡིན་པ་འགལ། གལ་ཏེ་མི་འགལ་ན་མུན་པས་རང་བསྒྲིབས་དགོས་པ་སོགས་གནོད་པ་བཟློག་མེད་དུ་འབབ་ཀྱི།  ཡུལ་མྱོང་བའི་སྣང་ཚུལ་ལས་གཟུང་འཛིན་ལྟ་བུར་བཏགས་ཀྱང་དོན་ལ་ཐ་དད་མེད་པའི་ཆ་ནས་བཞག་པའི་ཐ་སྙད་ཙམ་གྱི་འཇོག་ཚུལ་འདི་ལ་སྐྱོན་གང་ཡང་མེད་དོ།།
དཔེར་ན་རྨི་ལམ་གྱི་བློ་ངོར་ཡུལ་རྟ་གླང་ཕྱི་རོལ་ན་ཡོད་པ་ལྟ་བུ་དང་། དེར་འཛིན་དབང་པོའི་བློ་ནང་ན་ཡོད་པ་ལྟར་སྣང་ཡང་།  དོན་ལ་ཤེས་པ་དེར་སྣང་གི་གསལ་ཆ་ཙམ་ཡིན་པས་གཟུང་ཆ་དང་འཛིན་ཆར་སྣང་བ་དེ་དག་ཤེས་པ་རང་ལས་གཞན་མིན་ཞིང་གསལ་བོར་ཉམས་སུ་མྱོང་བའང་ཡོད་པའི་ཕྱིར་རང་རིག་ཅེས་པའི་ཐ་སྙད་འཐད་དེ། བདག་རང་ལ་རང་དོན་དུ་འབྲེལ་མི་སྲིད་ཀྱང་ལྡོག་པ་ཐ་དད་ཀྱི་རྣམ་པ་གང་དག་དོན་གང་གི་ངོ་བོར་གཅིག་པ་ལ་བདག་གཅིག་འབྲེལ་ཞེས་བཞག་པ་བཞིན་ནོ། །  དེས་ན་གང་ཤེས་བྱའི་རྣམ་པ་ཉམས་སུ་མྱོང་ངོ་ཅོག་ཐམས་ཅད་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པས།  ཐ་སྙད་དུ་ཤེས་པས་ཡུལ་མཐའ་དག་ཉམས་སུ་མྱོང་བར་འཐད་ཅིང་ལྟོས་ཏེ་ཡུལ་དང་ཡུལ་ཅན་དུ་བཏགས་པ་ཙམ་ལ་རང་རིག་པར་ཆེས་འཐད་དོ།། དེའང་རྗེས་དཔག་ཚད་མའི་མཐའ་མངོན་སུམ་ལ་ཐུག་ཅིང་།  མངོན་སུམ་དོན་རིག་ཀྱང་མཐར་གསལ་བོར་ཉམས་སུ་མྱོང་བའི་རང་རིག་གིས་ཚར་ཕྱིན་པ་ཡིན་པས་ཚུལ་མཐོང་ཚད་མའི་རྣམ་བཞག་ཅིག་འདོད་ན་རང་རིག་མེད་དུ་མི་རུང་བ་ཡིན་པས།  རང་རིག་མི་འདོད་པའི་ཕྱོགས་སུན་འབྱིན་པ་དང་།  དེ་ཡང་དག་པར་གྲུབ་པའི་ཚུལ་རྣམས་རིགས་པའི་དབང་ཕྱུག་གི་གཞུང་ལས་ཤེས་པར་བྱའོ།།  ཞེས་དང་ཡང་དེ་ཉིད་ལས།  རང་རིག་དང་ཀུན་གཞི་འགོག་པའི་རིགས་པ་འདི་ཀུན་སེམས་ཙམ་པ་རང་རིག་བདེན་གྲུབ་ཏུ་འདོད་པ་ལ་འཇུག་གི  ཀུན་གཞི་དང་རང་རིག་ཐ་སྙད་ཙམ་དུ་ཁས་ལེན་པའི་ལུགས་ལ་རྣམ་པ་ཀུན་ཏུ་མི་འཇུག་པར་ཤེས་པར་བྱ་སྟེ།  དཔེར་ན་ཕུང་ཁམས་སྐྱེ་མཆེད་དང་ལམ་དང་འབྲས་བུ་ཐམས་ཅད་བདེན་གྲུབ་འགོག་པའི་རིགས་པ་དེས།  དབུ་མ་པ་ཐ་སྙད་ཙམ་དུ་ཕུང་ཁམས་ཀྱི་རྣམ་བཞག་དང་ལམ་འབྲས་ཁས་ལེན་པ་ལ་མི་གནོད་པ་བཞིན་ནོ། །  ཞེས་སོགས་རང་རིག་སྒྲུབ་བྱེད་ཀྱི་ལུང་རྒྱ་ཆེར་གསུངས་འདུག་པས་དེ་ཙམ་ལས་གཞན་པ་དག་ནི་གཞུང་རང་རང་གི་སྐབས་ལས་རྟོགས་པར་བྱ་དགོས་སོ།།


ཞེས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྣམ་པར་གཡེང་བ་གཞན་ཕན་ལེགས་བཤད་དུ་འབོད་པ་དེས་བྲིས་པ་འདི་ཡང་འཇམ་མགོན་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག་དགེའོ།། །།
                                                                     
  
རྩོམ་སྒྲིག་པ། རྣོ།