སེམས་ཙམ་པའི་སྐོར་གྱི་ཟིན་བྲིས།

    ཁམས་ཐོས་སྲས་ཀྱིས་བརྩམས།


སེམས་ཙམ་པའི་སྐོར་གྱི་ཟིན་བྲིས།
 
 
             
ཁམས་ཐོས་སྲས་ཀྱིས་བརྩམས།

ཐོགས་མེད་སྐུ་མཆེད་རྣམ་གཉིས་གཞན་སྟོང་དབུ་མ་ཆེན་པོའི་ལུགས་སུ་འདོད་པའི་སྔོན་གྱི་མཁས་པ་རྣམས་ལ་ཀླུ་ཐོགས་དགོངས་པ་སོ་སོར་འགྲེལ་བར་མཛད་པའི་དབུ་མའི་མཁན་པོ་རྣམས་ཀྱིས་སེམས་ཙམ་པའི་མདོ་དང་བསྟན་བཅོས་ལོགས་སུ་འཇོག་རྒྱུ་མེད་པའི་སྐྱོན་འཕངས་པའི་ལན་ལྟར་འདི་སྐད་དུ་སྨྲ་བར་མཛད་དེ།  སེམས་ཙམ་པས་ངེས་དོན་དུ་ཁས་ལེན་པའི་མདོ་ནི་ལང་གཤེགས་དང་།  དགོངས་འགྲེལ།  རྒྱན་སྟུག ཕལ་ཆེན་དང་བཞིར་ཁས་ལེན་པར་མཛད་ཅིང་།  དེ་བཞི་ལ་སེམས་ཙམ་མདོ་བཞི་རུ་གྲགས།  འོན་ཀྱང་དེ་དག་དབུ་མའི་མདོ་སྡེ་ཡིན་པས་སེམས་ཙམ་པ་ལ་མདོ་སྡེ་ལོགས་སུ་མེད་པར་འདོད།   དཔེར་ན་བྱེ་མདོ་གཉིས་ལ་མདོ་སྡེ་ལོགས་སུ་མེད་པ་བཞིན་ནོ་ཞེས་འདོད་དོ།།  འོ་ན་སེམས་ཙམ་པའི་བསྟན་བཅོས་ཐུན་མོང་མ་ཡིན་པ་མེད་དམ་སྙམ་ན།  བསྟན་བཅོས་ཐོར་བུ་འགའ་ཞིག་ཡོད་ཀྱང་བོད་དུ་འགྱུར་བ་མ་ཡིན་ཏེ།  དཔེར་ན་སྡེ་པ་བཅོ་བརྒྱད་པོའི་བསྟན་བཅོས་རྣམས་བཞིན་ནོ།། འོ་ན་སེམས་ཙམ་པ་དག་བྱམས་ཆོས་དང་། ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་འབྲང་བ་མ་ཡིན་ནམ་སྙམ་ན།  མ་ཡིན་ཏེ།  མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་སོགས་ལས་སེམས་ཙམ་པའི་འདོད་པ་བཀག་ཅིང་། དེ་ནི་ཐོགས་མེད་སྐུ་མཆེད་ཀྱི་སྔོན་དུ་བྱུང་བ་ཡིན་པའི་ཕྱིར་དང་།  སེམས་ཙམ་པའི་སློབ་དཔོན་ནི་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང་།  ཛྙཱ་ན་ཏ་ལ་སོགས་པ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱར་གྲགས་པ་རྣམས་ཡིན་ལ། སེམས་ཙམ་པའི་གྲུབ་མཐའི་བྱེད་པོ་ནི་དེ་དག་ཉིད་ཡིན་ནོ་ཞེས་འདོད་དོ།། དེ་དག་གིས་སེམས་ཙམ་མདོ་བཞི་རུ་གྲགས་པ་དག་ངེས་དོན་དུ་ཁས་ལེན་ལ། ཐེག་ཆེན་གྱི་མདོ་སྡེ་གཞན་རྣམས་ནི་དྲང་དོན་དུ་བཞེད་པར་གསལ།  གཞན་ཡང་སེམས་ཙམ་པའི་སློབ་དཔོན་དང་། གྲུབ་མཐའི་འདོད་ཚུལ་ནི་ས་ར་ཧ་དང་།  ཀླུ་སྒྲུབ་རྣམས་མ་བྱོན་པའི་གོང་དུ་བཀའ་ཐ་མའི་མདོ་སྡེ་དཀོན་བརྩིགས་དང་། ཕལ་པོ་ཆེ་སོགས་མི་ཡུལ་དུ་བྱོན་ཞིང་། དེ་དག་ལ་བརྟེན་ནས་གྲུབ་པའི་མཐའ་སྨྲ་ན་ཡང་།  ཀླུ་སྒྲུབ་བྱོན་རྗེས་དེ་དག་ནུབ་པས་གངས་རིའི་ལྗོངས་སུ་སེམས་ཙམ་པའི་ལྟ་གྲུབ་མ་དར་བར་འདོད་དོ།   །འོ་ན་ཐོགས་མེད་སྐུ་མཆེད་རྣམ་གཉིས་སེམས་ཙམ་པའི་སློབ་དཔོན་མིན་ནམ་ཞེ་ན།  མིན་ཏེ།  ཐེག་ཆེན་དབུ་མའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་པོར་འདོད་པས་སོ།། ལྟ་གྲུབ་སྨྲ་བ་ཁ་ཅིག་ལ། སེམས་ཙམ་པའི་གཞུང་དུ་གྲགས་པའི་གྲགས་པའི་ཉི་ཤུ་པ་དང་།  སུམ་ཅུ་པའི་རབ་བྱེད་དང་།  ཚད་མ་མདོ་དང་།  རྣམ་འགྲེལ་རྣམས་ཀྱང་དབུ་མའི་གཞུང་ཡིན་ཏེ། གཞུང་དེ་དག་ལས་རྣམ་ཤེས་བདེན་པར་མ་གྲུབ་པའི་ཚུལ་ཡང་ཡང་གསུངས་པའི་ཕྱིར་རོ་ཞེས་འདོད་དོ།། དེ་ཡང་ཉི་ཤུ་པ་ལས།  འདི་དག་རྣམ་པར་རིག་ཙམ་ཉིད།། ཡོད་པ་མ་ཡིན་དོན་སྣང་ཕྱིར།།  དཔེར་ན་རབ་རིབ་ཅན་དག་གིས།། སྐྲ་ཟླ་ལ་སོགས་ཡོད་མཐོང་བཞིན།། ཞེས་དང་།  དེའི་རང་འགྲེལ་ལས།  རྣམ་པར་ཤེས་པ་འདི་ཉིད་དོན་དུ་སྣང་བ་འབྱུང་སྟེ། དཔེར་ན་རབ་རིབ་ཅན་རྣམས་ཀྱིས་སྐྲ་ཟླ་ལ་སོགས་པ་མེད་པར་མཐོང་བ་བཞིན་ཏེ།  དོན་གང་ཡང་མེད་དོ་ཞེས་བྱུང་ལ།  དེའི་འགྲེལ་བཤད་དུལ་བའི་ལྷས་མཛད་པ་ལས།  དེ་ལྟར་རེ་ཞིག་གཟུང་བ་བཀག་གོ  གཟུང་བ་བཀག་ན་འཛིན་པ་ཡང་བཀག་པ་དེ་ཉིད་ཀྱིས་གྲུབ་སྟེ།  འདི་ལྟར་གཟུང་བ་མེད་ན་འཛིན་པ་ཡང་མེད་དོ་ཞེས་གསུངས་པས། འཛིན་པ་བདེན་མེད་དུ་བསྟན་པས་སེམས་ཙམ་གྱི་རང་གཞུང་ལས་འདས་ཏེ།   སེམས་ཙམ་པས་འཛིན་པ་བདེན་མེད་དུ་མི་འདོད་པའི་ཕྱིར་ཞེས་གསུངས་སོ།། སུམ་ཅུ་པའི་རབ་བྱེད་ལས།  ནམ་ཞིག་ཤེས་པའི་དམིགས་པ་རྣམས།།  མི་དམིགས་དེ་ཡི་ཚེ་ན་ནི།།  རྣམ་པར་རིག་པ་ཙམ་ལ་གནས།། གཟུང་བ་མེད་པས་དེ་འཛིན་མེད།། དེ་ནི་སེམས་མེད་མི་དམིགས་པ།། འཇིག་རྟེན་འདས་པའི་ཡེ་ཤེས་ཏེ།། ཞེས་གཟུང་འཛིན་གཉིས་ཀ་ལས་འདས་པའི་རྣམ་བཞག་གསུངས་པ་དང་།  ཆོས་མངོན་པ་ཀུན་ལས་བཏུས་ལས།  བྱང་ཆུབ་སེམས་དཔའ་མཉམ་བཞག་པའི།། ཡིད་ཀྱི་གཟུགས་བརྙན་མཐོང་བས་ན།། དོན་གྱི་འདུ་ཤེས་ལྡོག་དེ་ནས།། རང་གི་འདུ་ཤེས་ངེས་པར་བཟུང་།། དེ་ལྟར་ནང་གི་སེམས་གནང་ཤིང་།། གཟུང་བ་མེད་པར་རྟོགས་པར་བྱ།། དེ་ཡི་འོག་ཏུ་འཛིན་མེད་པར།། དེ་ནས་མི་དམིགས་རིག་པར་བྱ།། ཞེས་པའི་སྐབས་སུ་སེམས་ཙམ་ལས་འདས་པའི་མདོ་དྲངས་ཏེ་རང་ལུགས་སུ་བཞག་ཅིང་།  གཟུང་འཛིན་གཉིས་མེད་དུ་བཤད་པ་དང་།  ཐེག་བསྡུས་ལས།   ཡོངས་སུ་གྲུབ་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན།  རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཟློག་ནས་འཇུག་སྟེ།  དེའི་ཚེ་བྱང་ཆུབ་སེམས་པ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་ལ།  དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ།  དེས་ན་རྣམ་པར་རིག་པ་ཙམ་དུ་ཡང་མི་འབྱུང་སྟེ།  ཞེས་དང་།  ཡེ་ཤེས་རྒྱུ་བ་རྟོགས་མེད་ལ།། དོན་རྣམས་ཐམས་ཅད་མི་སྣང་ཕྱིར།། དོན་མེད་ཁོང་དུ་ཆུད་པར་བྱ།། དེ་མེད་པས་ན་རྣམ་རིག་མེད།། ཅེས་པས་ཀྱང་དོན་དང་རྣམ་རིག་གཉིས་ཀ་མེད་མཉམ་དུ་གསུངས་པའི་ཕྱིར་དང་།  རྣམ་འགྲེལ་ལས།  དེ་ལ་གཅིག་མེད་པས་ཀྱང་།། གཉིས་ཀའང་ཉམས་པར་འགྱུར་བ་ཡིན།། དེའི་ཕྱིར་གཉིས་སྟོང་གང་ཡིན་པ།། དེ་ནི་དེ་ཡིའང་དེ་ཉིད་ཡིན།། ཞེས་རྣམ་ཤེས་དོན་དམ་དུ་བདེན་པར་འདོད་པའི་སེམས་ཙམ་པ་དང་འགལ་ཞིང་།  དབུ་མའི་གཞུང་དུ་ལེགས་པར་གྲུབ་བོ།། གཞམ་ཡང་མདོ་སྡེ་རྒྱན་དང་།  དབུས་མཐའ་རྣམ་འབྱེད་དང་།  ཆོས་ཉིད་རྣམ་འབྱེད་གསུམ་ཡང་སེམས་ཙམ་པའི་གཞུང་མིན་ཏེ། རྣམ་ཤེས་དོན་དམ་དུ་མེད་པར་གསུངས་ཤིང་།   སེམས་ཙམ་པས་རྣམ་ཤེས་དོན་དམ་དུ་ཡོད་པར་བཞེད་པའི་ཕྱིར།   དང་པོ་གྲུབ་སྟེ།  མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས།། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས།། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས།། དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས།། ཞེས་པའི་གཞུང་གིས་གཟུང་བ་དང་།  སེམས་ལས་གཞན་པའི་ཕྱི་དོན་དང་།  སེམས་གཉིས་པོ་མེད་མཉམ་དུ་བཤད་པ་དང་།  དབུས་མཐའ་རྣམ་འབྱེད་ལས།  དོན་དང་སེམས་ཅན་བདག་རྣམ་རིག། སྣང་བའི་རྣམ་པར་ཤེས་པ་ནི།།  རབ་ཏུ་སྐྱེའོ་དེ་དོན་མེད།། དེ་མེད་པས་ན་དེ་ཡང་མེད།། ཅེས་པས་ཀྱང་དེ་ཉིད་བསྟན་པའི་ཕྱིར་དང་།  ཆོས་ཉིད་རྣམ་འབྱེད་ལས།   གཟུང་བར་སྣང་བ་མེད་གྲུབ་ན།། འཛིན་པར་སྣང་བ་མེད་གྲུབ་བོ།། ཞེས་གཟུང་བ་དང་།  འཛིན་པ་གཉིས་ཀ་མེད་མཉམ་དུ་བཤད་པའི་ཕྱིར་དེ་དག་སེམས་ཙམ་པའི་གཞུང་མ་ཡིན་པར་གྲུབ་བོ།། གལ་ཏེ་སེམས་ཙམ་པས་ཀྱང་རྣམ་ཤེས་བདེན་གྲུབ་ཏུ་ཁས་མི་ལེན་ནོ་སྙམ་ན།  མ་ཡིན་ཏེ།  གཟུང་དང་འཛིན་ལས་རྣམ་གྲོལ་བའི།། རྣམ་པར་ཤེས་པ་དོན་དམ་ཡོད།། ཅེས་པ་རྣམ་འབྱོར་སྤྱོད་པའི་གཞུང་།། རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། ། ཞེས་སྤྱན་རས་གཟིགས་ཀྱི་རྒྱས་འགྲེལ་དྲི་མེད་འོད་ལས་འབྱོར་སྤྱོད་པ་བས་རྣམ་ཤེས་དོན་དམ་དུ་ཡོད་པར་གསལ་བར་གསུངས་པའི་ཕྱིར་རོ་ཞེས་འདོད་དོ།། གཞན་ཡང་མདོ་སྡེ་རྒྱན་ལས།  སྤྲོས་བྲལ་དང་།  དེ་བཞིན་ཉིད་དང་།  འགྱུར་མེད་ཡོངས་གྲུབ་སོགས་གསུངས་པ་དང་། སེམས་ཅན་ཀུན་ལ་རིགས་ཀྱིས་ཁྱབ་པར་རྒྱན་ལས་བཤད་པའི་ཕྱིར་དང་།  དོན་དམ་པའི་བདེན་པ་ནི་ཡོངས་གྲུབ་འབའ་ཞིག་ལ་གསུངས་པའི་ཕྱིར་དང་།  རྣམ་ཤེས་ནི་ཀུན་རྫོབ་ཙམ་དུ་ཡོད་པར་བསྡུ་བ་ལས་གསུངས་པའི་ཕྱིར་དང་། བྱམས་ཆོས་དང་ས་སྡེ་སོགས་ཀྱིས་གནས་སྐབས་མདོ་སེམས་ཀྱི་གྲུབ་པའི་མཐའ་ཅུང་ཙམ་སྨྲ་བར་མཛད་ཀྱང་དེ་ཙམ་གྱིས་དེ་དག་གི་རང་གཞུང་དུ་མི་འགྱུར་བའི་ཕྱིར་དང་།  གཉིས་སྟོང་གི་ཡེ་ཤེས་བདེན་གྲུབ་ཏུ་བཤད་པ་སོགས་གཞན་སྟོང་དབུ་མ་ཆེན་པོའི་གཞུང་ཇི་ལྟ་བ་བཞིན་དུ་གྲུབ་པས།  དེས་ན་བྱམས་ཆོས་དང་ས་སྡེ།   ཐོགས་མེད་གཞུང་དང་། དབྱིག་གཉེན་གཞུང་རྣམས་དབུ་མའི་ལུགས་མིན་པར་སྨྲ་བ་ནི་མ་ཤེས་པ་ཆེན་པོའི་ཞེས་གྲུབ་པའི་མཐའ་སྨྲ་བར་མཛད་འདུག་གོ། 
 
འདི་ནི་ཞར་བྱུང་ངལ་གསོ་དང་བསྟུན་ནས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཉེ་འདབས་མ་ཡུམ་རྫོང་སར་་སློབ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། 
                           2020  1 24  ཉིན།

                            རྩོམ་སྒྲིག་པ། འཕགས་མི།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease