དཔལ་དུས་ཀྱི་འཁོར་ལོ་གླེང་བ་བདུན་ལྡན་རིག་པའི་སྒོ་འབྱེད།

    རྫོང་སར་འཇམ་དབྱངས་བསྟན་པས་བརྩམས།


དཔལ་དུས་ཀྱི་འཁོར་ལོ་གླེང་བ་བདུན་ལྡན་རིག་པའི་སྒོ་འབྱེད།
                    
རྫོང་སར་འཇམ་དབྱངས་བསྟན་པས་བརྩམས།

 
མི་འགྱུར་བདེ་ཆེན་དུས་ཀྱི་བདག་ཉིད་ཅན།།
ཕྱི་ནང་ཀུན་ཏུ་འཁོར་བའི་སྒྱུ་འཕྲུལ་གར།།
ངོ་མཚར་རྟོགས་ངོར་འདས་པའི་དུས་སྦྱོར་ལ།།
རང་བློ་དྭངས་བའི་འདུན་པས་ཁྱེད་ལ་འདུད།།
ཅེས་མཆོད་པར་བརྗོད་པའི་ཚིག་གི་མདུན་བསུ་ནས་འདིར་ཕྱི་ནང་གཞན་གསུམ་གྱི་རིག་པའི་གནས་ཐམས་ཅད་ཀྱི་གཏེར་ཆེན་པོ་སྐལ་ལྡན་འཇུག་པའི་ལམ་ཆེན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དོན་རྣམས་ལ་དོན་ཚན་བདུན་གྱི་སྒོ་ནས་གླེང་བ་ལ།

༼ ༡ དུས་འཁོར་རྒྱ་གར་དུ་ཇི་ལྟར་དར་ཚུལ་གྱི་སྐོར།
 སྟོན་པ་ཐུགས་རྗེ་ཅན་དེ་ཉིད་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞེས་པའི(སྤྱི་ལོའི་སྔོན་གྱི་ལོ ༨༨༡)ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན།  རྒྱ་གར་ལྷོ་ཕྱོགས་སུ་དཔལ་གྱི་རི་དང་ཉེ་བའི་གནས་ཁྱད་པར་ཅན་ན།   སྔོན་སངས་རྒྱས་གསེར་ཐུབ་ཀྱི་དུས་སུ་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ཞིག་གིས་འབྲས་སོ་བའི་ཆར་ཕབ་པའི་རྒྱུ་ལས་བཞེངས་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་གྲགས་པའི་དྲུང་དུ།  ཤམྦྷ་ལའི་ཡུལ་ནས་བྱོན་པའི་ཆོས་རྒྱལ་ཟླ་བ་བཟང་པོ་གཙོ་འཁོར་དང་བཅས་པ་ལ།  སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་སྐུ་ཡི་བཀོད་པའི་དཀྱིལ་འཁོར་དུ་སྤྲུལ་ནས་དུས་འཁོར་གྱི་རྒྱུད་ཐོག་མར་དཔལ་ལྡན་འབྲས་སྤུང་དུ་གསུངས་པར་བཤད།  སྤྱིར་དུས་འཁོར་གསུངས་པའི་གནས་ཐོག་མ་རྒྱ་གར་འབྲས་སྤུངས་མཆོད་རྟེན་དུ་གསུངས་ཀྱང་།  གདུལ་བྱ་ཕལ་ཆེ་བ་ནི།   ཤམྦྷ་ལའི་ཡུལ་ནས་བྱོན་པའི་ཆོས་རྒྱལ་ཟླ་བཟང་སོགས་གཙོ་འཁོར་ཡིན་པའི་དབང་གིས་དུས་དེ་ཉིད་ལ།    རྒྱ་གར་རང་ཕྱོགས་ཀྱི་མཁས་པ་རྣམས་ལ་དུས་འཁོར་ཡོངས་གྲགས་ཀྱི་སྤྱོད་ཡུལ་བྱུང་མེད་པར་མ་ཟད་།   ཕྱིས་སློབ་དཔོན་ཙི་ལུ་པ་དང་སློབ་དཔོན་དུས་ཞབས་པ་ཆེ་ཆུང་མ་བྱོན་གྱི་བར་དུ་རྒྱ་གར་ན་དུས་འཁོར་དར་ཁྱབ་བྱུང་མེད་པ་དང་།    །སློབ་དཔོན་ཙི་ལུ་པ་དང་དུས་ཞབས་པ་གཉིས་ཤམྦྷ་ལའི་ཡུལ་ནས་དུས་འཁོར་གསན་པར་ཕེབས་སྐབས་རིགས་ལྡན་ཉེར་ལྔ་སོགས་གང་གི་མདུན་དུ་གསན་ཡོད་མེད་མཁས་པ་སོ་སོས་བཞེད་ཚུལ་མི་འདྲ་བ་རེ་བྱུང་ཡོད།  དེ་བཞིན་དུ་སློབ་དཔོན་འདི་གཉིས་པོ་དུས་ནམ་དུ་བྱོན་པའི་ལོ་ཚིགས་གསལ་པོ་ཡང་ལོ་རྒྱུས་ཀྱི་ཡིག་ཆ་དག་ན་འཁོད་མོད།   ཡིན་ན་ཡང་བཞེད་ཚུལ་གཅིག་མཐུན་ནི།   སློབ་དཔོན་འདི་གཉིས་པོ་ནི་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་དང་དུས་མཉམ་ཡིན་པར་གསུངས་པས་ན།   མཁས་པ་སྒོ་དྲུག་ནི་དུས་རབས་བཅུ་གཅིག་པའི་ནང་དུ་ཕེབས་པ་ལྟར་བྱས་པ་ཡིན་ན། རྒྱ་གར་ན་དུས་འཁོར་གྱི་རྒྱུད་ཀྱང་ཕྱིས་དུས་རབས་བཅུ་གཅིག་པའི་ནང་ལ་དར་ཁྱབ་བྱུང་བ་དང་། ད་ལྟ་བསྟན་འགྱུར་གྱི་ཁྲོད་ན་ཡོད་པའི་དུས་འཁོར་གྱི་འགྲེལ་བ་ཕལ་ཆེ་བ་ནི་དེ་དུས་ཀྱི་མཁས་པས་མཛད་པར་སྣང་བས། དུས་དེ་ཉིད་ལ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དེ་དག་གིས་རྒྱུ་མཚན་གྲུབ་པ་དང། འོན་ཀྱང་དེའི་སྔོན་ལ་རྒྱ་གར་ན་དུས་འཁོར་གྱི་རྒྱུད་མེད་པ་ཡང་མ་ཡིན་ཏེ། གྲུབ་ཆེན་བིར་ཝ་པས་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གསལ་བྱེད་དུས་འཁོར་ལ་བརྟེན་ནས་མཛད་པའི་གཞུང་ཡང་ཡོད་པས་ན།   སྔ་མོ་ནས་གྲུབ་ཆེན་རྣམས་ཀྱི་སྤྱོད་ཡུལ་དུ་བྱུང་ཡང་། ཐུན་མོང་གི་སྣང་ངོར་ནི།   དུས་ཕྱིས་བཱི་ཀྲ་མ་ཤཱིའི་མཁས་པ་སྒོ་དྲུག་དང་དུས་མཉམ་དུ་བྱུང་བའི་སློབ་དཔོན་ཙི་ལུ་པ་དང་དུས་ཞབས་པ་གཉིས་ཀྱིས་ཤམྦྷ་ལའི་ཡུལ་དུ།  ཆོས་རྒྱལ་རིགས་ལྡན་སོགས་ལ་དུས་འཁོར་གསན་ནས་རྒྱ་གར་དུ་དར་ཁྱབ་བྱུང་བ་ཡིན་པར་གསལ།  དེ་ནས་སློབ་དཔོན་འདི་གཉིས་ལ། ནཱ་ལེནྡྲར་དང་།  བི་ཀྲ་མ་ཤཱི་ལ་སོགས་ཀྱི་གཙུག་ལག་ཁང་གི་རྒྱུད་འཛིན་གྱི་སློབ་མ་མང་དུ་བྱུང་བ་དང་།  ལྷག་པར་དུ་ཕྱི་ནང་གི་པཎྜི་ཏ་སུས་ཀྱང་རྩོད་པར་མ་ནུས་པ་ཡོངས་སུ་གྲགས་པའི་ནཱ་རོ་པ་དེ་ཉིད་ཀྱིས།  དཔལ་དུས་ཞབས་པ་ཆེན་པོ་ལས་དབང་རྒྱུད་མན་ངག་མང་དུ་གསན་ཅིང་།  དུས་འཁོར་གྱི་རྒྱུད་འགྲེལ་ཡང་མཛད་དོ།  །དེ་མཚུངས་དཔལ་དུས་ཞབས་པ་ཆེན་པོ་ལ།   སློབ་ཆེན་ཤྲཱི་བྷ་དྲ་བོ་དྷི་འམ་དུས་ཞབས་པ་ཆུང་བ་གྲགས་པ་དེ་ཉིད་ཀྱིས་དབང་རྒྱུད་འགྲེལ་མན་ངག་བཅས་པ་གསན་ཞིང་གྲུབ་པའི་ཡོན་ཏན་ཆེན་པོ་བརྙེས་ནས།  རྒྱ་གར་ན་སྙན་པའི་གྲགས་པས་ཁྱབ་པར་བྱུང་བ་དང་།  དེ་ནས་བཟུང་སྟེ་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་དུས་འཁོར་ལ་འཆད་ཉན་གྱི་སྲོལ་དར་ཁྱབ་ཆེན་པོ་བྱུང་བར་གསུངས།  ལྷག་པར་དུ་དུས་ཞབས་པ་ཆུང་བའི་སློབ་མ་འཇིགས་མེད་འབྱུང་གནས་སྦས་པའམ་ཨ་བྷ་ཡ་ཀཱ་ར་ནི།  བི་ཀྲ་མ་ཤཱི་ལའི་གདན་རབས་ཀྱི་སློབ་དཔོན་མཛད་པ་ནས་བཟུང་། གདན་རབས་ཀྱི་མཁན་པོ་ཐམས་ཅད་དུས་འཁོར་ལ་ཤིན་ཏུ་མཁས་པ་ཆེན་པོ་བྱུང་ངོ་།  །སློབ་དཔོན་དུས་ཞབས་པ་ཆུང་བས། གང་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་ཞེས་པ་ནས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ་འཁོར་བ་པའོ།  །ཞེས་གསུངས་ནས་དུས་འཁོར་ལ་བསྔགས་པ་ཆེན་པོ་མཛད་དོ།  །དེ་ནས་རྒྱུད་འདི་ལ་ཤིན་ཏུ་དད་མོས་ཅན་རྒྱ་གར་ན་མང་དུ་བྱུང་ཞིང་། ཁྱད་པར་དུ་ཡུལ་ཕྱོགས་གཞན་ན་ཡང་རྒྱུད་འདི་བའི་ནང་ནས་སྟོན་པའི་གཟའ་སྐར་དང་ཉི་ཟླའི་འཁོར་བསྒྲོད་ཀྱི་བཞེད་ཚུལ་མང་དག་བྱུང་ངོ་།  །
         
༼༢  དུས་འཁོར་རྩ་བཤད་ཀྱི་རྒྱུད་བཞུགས་ཚུལ་སྐོར། 
སྤྱིར་རྩ་རྒྱུད་དང་།  བཤད་རྒྱུད་ཀྱི་དོན་ནི།  རྒྱུད་རང་ནས་འབྱུང་བའི་གཙོ་ལྷའི་དཀྱིལ་འཁོར་རྣམ་པས་གདུལ་བྱ་སྣོད་དུ་རུང་བ་ལ་ཐོག་མ་གསུངས་པའི་རྗོད་བྱེད་ཀྱི་གཞུང་ཚོགས་ལ་རྩ་རྒྱུད་དང་། གདུལ་བྱ་བློ་ཚོད་ཞན་པའི་རིགས་ལ།  རྩ་རྒྱུད་ཀྱི་དགོངས་དོན་རྣམས་མ་གསལ་བ་རྣམས་གསལ་བར་མཛད་པ་དང་། དོན་བསྡུས་པའི་ཚུལ་སོགས་ཀྱིས་འཆད་བྱེད་ཀྱི་གཞུང་ཚོགས་ལ།   བསྡུས་རྒྱུད་དམ་བཤད་རྒྱུད་དུ་གྲགས་པས་ན།  དེས་ན་རྒྱུད་འདིའི་ལུགས་ལ།  སྟོན་པ་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞེས་སྐབས་ཐོག་མར་དཔལ་ལྡན་འབྲས་སྤུངས་སུ།   ཟླ་བ་གསུམ་པའི་ཉ་ལ། དུས་འཁོར་གྱི་སྐུར་བཞེངས་ནས་གསུངས་པའི་རྩ་རྒྱུད་ཆེན་པོ་དེ་ཉིད་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལ་ལེགས་པ་བསྟན་ནས།  དེ་ནས་ལོ་དེའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་སྟོན་པ་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་ནས།  ལོ་རྗེས་མ་(ཕྱི་ལོའི་སྔོན་གྱི་ལོ༨༨༠)ཤམྦྷ་ལའི་ཡུལ་དུ་ཆོས་རྒྱལ་ཟླ་བ་བཟང་པོས་ཡི་གེ་བརྒྱད་པའི་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་པ།  རྐང་པ་བཞི་ཁྲི་བརྒྱད་སྟོང་། ཡི་གེ་གསུམ་འབུམ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་གྱི་རྩ་རྒྱུད་བཀའ་བསྡུ་ཐོག་མར་མཛད་ཅིང་།   དེ་ལ་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་ཞིག་མཛད།   རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་འདི་དང་།  ཟླ་བཟང་གྱི་འགྲེལ་ཆེན་འདི་གཉིས་ཀ་རྒྱ་བོད་དུ་འགྱུར་མེད། ཡིན་ན་ཡང་རྩ་རྒྱུད་ཀྱི་གཞུང་དུམ་བུ་དབང་མདོར་བསྟན་ (དབང་མདོར་བསྟན་པ། རྒྱུད་འབུམ། ཀ) ནི་རྒྱ་བོད་དུ་བྱོན་པའི་རྩ་རྒྱུད་ཀྱི་ཆ་ཤས་གཙོ་བོ་ཞིག་ཡིན་པར་གསུངས།   སྟག་ཚང་ལོ་ཙཱ་བས།   དབང་མདོར་བསྟན་སོགས་ན་མེད་པའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པའི་ཚིགས་བཅད་ཐོར་བུ་ཁ་ཤས་ཀྱང་ཆོས་རྒྱལ་རིགས་ལྡན་གཞན་པའི་འགྲེལ་ཆེན་ནང་ལ་ཡང་འགའ་ཞིག་གྲངས་ཡོད་པར་གསུངས།  དེས་ན་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ནི་ཤམྦྷ་ལའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་བྱུང་ཡང་རྒྱ་བོད་དུ་བྱུང་མེད།  དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་པ་(ཕྱི་ལོའི་སྔོན་གྱི་ལོ༢༧༧)ན།  ཤམྦྷ་ལའི་རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པས་རྩ་རྒྱུད་ལས་ཕྱུང་བའི་བསྡུས་རྒྱུད་  (མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། རྒྱུད་འབུམ། ཀ )ཕྱི་མ་གསུངས།  འདི་ནི་ལེའུ་ལྔ་དང་། ཡི་གེ་ཉི་ཤུ་རྩ་གཅིག་པའི་ཚིགས་སུ་བཅད་པ་སྟོང་དང་ཞེ་གཅིག་ལྡན་པ་ཞིག་ཡིན།  འདི་རྒྱ་བོད་གཉིས་ཀར་དུ་འགྱུར་ཡོད་པ་མ་ཟད།  སྟག་ཚང་ལོ་ཙཱ་བས།  རྒྱུད་འདིའི་ཚིག་རྐང་གཅིག་ལ།  ལེགས་སྦྱར་སྐད་ཀྱི་ཡི་གེའི་ལྕི་ཡང་གི་སྡེབ་སྦྱོར་གང་བཅིངས་ཡོད་པ་དེ་ཉིད།  གཞན་ཚིག་རྐང་སྟོང་བཞི་དང་གཅིག་བརྒྱ་རེ་གསུམ་ལ།  སྡེབ་སྦྱོར་གཅིག་མཚུངས་བཅིངས་པའི་འདི་འདྲའི་གཞུང་ད་ལྟར་བོད་ན། འདུལ་བ་སུམ་བརྒྱ་པ་སོགས་སྲིད་ཙམ་ལས་ཧ་ཅང་དཀོན་པར་གསུངས།  དེས་ན་རྒྱུད་གཞུང་འདི་ལ་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་ཞེས་གྲགས་པ་དང་། རྒྱུད་འདི་ལ་སྡེབ་སྦྱོར་དེ་ལྟར་བཅིངས་དགོས་པའི་རྒྱུ་མཚན་ཡང་། སྟག་ལོ་ཆེན་པོས།  མཁས་རློམ་དག་གིས་མདོ་རྒྱུད་ལ་ཚིག་དོན་གྱི་ལྷད་འཇུག་པ་མང་བས། དེ་མི་འཇུག་པའི་ཆེད་ཡིན་ཏེ། སྡེབ་སྦྱོར་ངེས་པ་དང་།  ཚིགས་བཅད་ཀྱི་གྲངས་ངེས་པ་མཛད་པས་ཡི་གེ་གཅིག་ཀྱང་འཛུད་པར་མི་ནུས་པར་གསུངས།  དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པའི་རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པས་བསྡུས་པའི་རྒྱུད་ཕྱི་མ་འདི་ལ། སྟོན་པ་འདས་ནས་ལོ་བདུན་བརྒྱ་ལོན་པ་(ཕྱི་ལོའི་སྔོན་༡༧༧)ན།  རིགས་ལྡན་གཉིས་པ་པདྨ་དཀར་པོས་འགྲེལ་ཆེན་དྲི་མེད་འོད་(རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་དྲི་མེད་འོད་ཤྲཱི་པ་བཞུགས་སོ)མཛད། འདི་ནི་སེམས་འགྲེལ་སྐོར་གསུམ་གྱི་ནང་ཚན་དུས་འཁོར་གྱི་འགྲེལ་ཆེན་བླ་ན་མེད་པ་ཞིག་ཡིན། མདོར་ན་ཆོས་རྒྱལ་ཟླ་བཟང་གིས་བསྡུས་པའི་རྩ་རྒྱུད་དང་།  དེའི་འགྲེལ་ཆེན་སྟོང་ཕྲག་དྲུག་བཅུ་པ།  རིགས་ལྡན་འཇམ་དཔལ་གྲགས་པས་བསྡུས་པའི་རྒྱུད་ཕྱི་མ་དང་།  དེའི་འགྲེལ་ཆེན་རིགས་ལྡན་པདྨ་དཀར་པོས་མཛད་པའི་དྲི་མེད་འོད་རྣམས་ནི་ཤམྦྷ་ལའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྡུས་དང་འགྲེལ་ཆེན་ཁོ་ན་ཡིན་པར་གསུངས། དེ་ནས་དུས་ཕྱིས་རྒྱ་བོད་ཀྱི་པཎ་གྲུབ་ཀྱིས་མཛད་པའི་འགྲེལ་པ་དང་མན་ངག་སྐོར་མང་དུ་བྱུང་བ་ཡིན་ནོ། 
            
༼༣  དུས་འཁོར་བོད་དུ་ཇི་ལྟར་དར་ཚུལ་གྱི་སྐོར། 
བོད་དུ་བསྟན་པ་སྔ་དར་ཕྱི་དར་གཉིས་བྱུང་བའི་ནང་ནས།   སྔར་དར་གྱི་སྐབས་དུས་འཁོར་བོད་ན་འགྱུར་མེད་།  འོ་ན་ཕྱི་དར་གྱི་དུས་ནམ་ཞིག་གི་ཚེ་བྱུང་བ་ཡིན་ཞེ་ན།  སྤྱིར་བསྟན་པ་ཕྱི་དར་གྱི་དུས་མཚམས་འགོ་འཛིན་ཚུལ་ལ། བརྩི་ཚུལ་མི་འདྲ་བ་འགའ་ཞིག་བྱུང་ཡོད་ན་ཡང་། བུ་སྟོན་རིན་ཆེན་གྲུབ་ཀྱི་བཞེད་སྲོལ་ལྟར་ན། རབ་བྱུང་གི་ལོ་འཁོར་བརྩི་ཚུལ་མ་ཚུགས་པའི་གོང་གི་ལོ་ང་གསུམ་(ཕྱི་ལོ་༩༧༤)པ།  བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ལོ་དེ་ནས་བརྩིས་པའི་དབང་དུ་བྱས་པ་ཡིན་ན། ཕྱི་དར་འགོ་ཚུགས་ནས་ལོ་ང་གསུམ་འདས་པའི་དུས(ཕྱི་ལོ༡༠༢༧)ན་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས། རྒྱ་གར་གྱི་པཎ་གྲུབ་དུས་ཞབས་པ་ཆུང་བ་སྤྱན་དྲངས་ནས།  དུས་འཁོར་རྒྱུད་(དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་སྙིང་པོ།  རྒྱུད་འབུམ། ཀ)ཐོག་མ་བོད་དུ་སྒྱུར་བར་མཛད་།  ལོ་དེ་ནས་བོད་དུ་རབ་བྱུང་བརྩི(ལོ་འཁོར༦༠རེ་ལ་རབ་བྱུང་རེ)བའི་མགོ་ཚུགས་པ(ཕྱི་ལོ་༡༠༢༧མེ་ཡོས)ཡིན། སྐབས་དེས་ནས་དུས་འཁོར་དབང་བཤད་ཀྱི་རྒྱུད་པ་འཛིན་མཁན་ཁ་ཤས་བྱུང་ཡང་།   ཕྱི་དུས་ཀྱི་འཁོར་ལོའི་ནང་གི་དུས་བཞི་དང་།  ཉི་ཟླ་འཁོར་བསྒྲོད་སོགས་ཀྱི་རྣམ་བཞག་རྣམས་དར་ཁྱབ་ཆེན་པོ་བྱུང་མེད།  དེ་ནས་བོད་ཀྱི་རྭ་ལོ་ཙཱ་བ་ཆོས་རབ་བལ་ཡུལ་དུ་བྱོན་ནས་པཎྜི་ཏ་ས་མནྟ་ཤྲཱི་ལ་བསྟེན་ནས་དུས་འཁོར་གྱི་དབང་དང་། རྒྱུད་བཤད་མན་ངག་སྐོར་རྣམས་ཞུས་པ་དང་།  སླར་བོད་དུ་ཕེབས་ནས་དབང་བཤད་ཀྱི་རྒྱུད་འགྲེལ་སོགས་བསྒྱུར་(དབང་མདོར་བསྟན་། རྒྱུད་འབུམ། ཀ)གནང་མཛད་།  ལོ་ཙཱ་བ་འདི་ལ་སློབ་མ་དང་། སྲས་མང་དུ་བྱུང་བ་རྣམས་དུས་འཁོར་ལ་ཧ་ཅང་མཁས་ཤིང་། དེ་ནས་བརྒྱུད་པའི་བཀའ་སྲོལ་ཆེ་བའི་གྲས་རྭ་པའི་ལུགས་གྲགས་པ་བྱུང་། གཞན་འབྲོ་ལོ་ཙཱ་བའི་ལུགས་ཀྱི་རྒྱུད་པའི་བཀའ་སྲོལ་བྱུང་ཚུལ་ནི། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་བོད་དུ་ཕེབས་པ་ན། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་པཎ་ཆེན་ལ།  ཞབས་ཏོག་ཡུན་རིང་དུ་མཛད་ནས་སེམས་འགྲེལ་སྐོར་གསུམ་སོགས་གདམས་ངག་མ་ལུས་པ་གསན་ནས། པཎ་ཆེན་དང་འབྲོ་ལོ་གཉིས་ཀྱིས་འགྲེལ་ཆེན་དྲི་མེད་འོད(རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་དྲི་མེད་འོད་ཤྲཱི་པ་བཞུགས་སོ)་སོགས་རྒྱུད་གཞུང་ཀྱང་མང་དག་བསྒྱུར་བ་གནང་ངོ་།  །དེ་ནས་འབྲོ་ལོ་ལ་ཐུགས་སྲས་སློབ་བུ་སྒྲོ་སྟོན་སོགས་གཞུང་བཤད་ཀྱི་རྒྱུད་པ་གཙོ་བོ་མ་གནང་ནས། དུས་འཁོར་སྒྲུབ་པའི་ཉམས་རྟོགས་ལ་གལ་ཆེན་མཛད་པའི་འབྲོ་ལུགས་སུ་གྲགས་པ་བྱུང་ངོ་། །མདོར་ན་རབ་བྱུང་དང་(ཕྱི་ལོ་༡༠༢༧)པོ་འགོ་ཚུགས་ནས་རབ་བྱུང་གཉིས་པ(ཕྱི་ལོ་༡༠༨༧)མ་སླེབས་ཀྱི་བར་དུ། གཙོ་བོ་རྭ་འབྲོ་ཙཱ་མི་པཎ་ཆེན་གསུམ་གྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་པ་བོད་སྐད་དུ་བསྒྱུར་གནང་མཛད་ནས། སྐབས་དེ་དུས་རྒྱ་བོད་གཉིས་ཀ་ལ་དུས་འཁོར་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་ཞིང་།  ལོ་པཎ་འདི་དག་གིས་གཙོ་བོ་འཕགས་ཡུལ་གྱི་པཎ་གྲུབ་སོ་སོར་བབ་པའི་དབང་རྒྱུད་མན་ངག་དང་བཅས་པ་ཞུས་ནས། བོད་ལ་ཡང་དུས་འཁོར་གྱི་བརྒྱུད་པའི་བཀའ་སྲོལ་ཆེ་བ་བདུན་ཡོངས་སུ་གྲགས་པ་བྱུང་ངོ་། །བདུན་པོ་འདི་དག་གིས་བླ་མ་བརྒྱུད་པའི་ལོ་རྒྱུས་རྒྱས་པ་ནི། མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པའི་ལོ་རྒྱུས་ནང་དུ་གསལ།  དེས་ན་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་དུས་འཁོར་བརྒྱུད་པ་འཛིན་ཚུལ་ལ།  རིགས་མི་འདྲ་བ་གསུམ་དུ་བསྡུས་ན། མཁས་གྲུབ་ཕྱོགས་གཅིག་གིས་དུས་འཁོར་སྦྱོར་དྲུག་སོགས་སྒོམ་སྒྲུབ་གཙོ་བོ་གནང་ནས་བརྒྱུད་པ་འཛིན་པའི་ལུགས་དང་། ཕྱོགས་གཅིག་གིས་གཙོ་བོ་ཕྱི་དུས་ཀྱི་འཁོར་ལོས་གནམ་སའི་གོ་ལ་སོགས་དུས་བཞི་དང་། ཉི་ཟླ་གཟའ་སྐར་གྱི་འགྲོས་སོགས་ཀྱི་རྣམ་གཞག་ལ་རྒྱ་ཆེར་བསྟན་ནས། དེ་དག་གི་སྐོར་གཞུང་འགྲེལ་སོགས་གནང་ནས་བརྒྱུད་པ་འཛིན་པའི་ལུགས་དང་། ཕྱོགས་གཅིག་གིས་དེ་གཉིས་ཀ་གཙོ་བོ་གཟུང་ནས་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་འཛིན་པའི་ལུགས་དང་བཅས་རིགས་གསུམ་དུ་བསྡུས་ན་ཆོག་གོ  །དེས་ན་བོད་དུ་ལམ་འདི་དར་ཚུལ་རགས་ཙམ་བཀོད་པ་ལ་བརྟེན་ནས་སྐལ་ལྡན་གྱི་སྐྱེ་བོ་རྣམས་དད་པ་དང་མོས་པའི་ས་བོན་ཉིད་དུ་འགྱུར་བར་སྨོན། 
      
༼༤  དུས་འཁོར་ལུགས་ཀྱི་མེ་མཁའ་རྒྱ་མཚོ་སོགས་བརྩི་ཚུལ། 
ལོ་ཚིགས་ནི་ལོ་རྒྱུས་སྟེང་གི་ཆེས་གལ་ཆེ་བའི་གྲངས་ཀ་ཞིག་ལ་ངོས་འཛིན་པ་ལྟར།  དེས་ན་དུས་འཁོར་ལུགས་ཀྱི་མེ་མཁའ་རྒྱ་མཚོ་(གྲངས་ཀྱི་མངོན་བརྗོད༤༠༣)དང་། ཕྱག་རྡོར་བདེ་མཆོག་བསྟོད་འགྲེལ་ལས་བྱུང་བའི་ལོ་འཁོར་རེ་ལ་རབ་བྱུང་སོགས། ལོ་དྲུག་ཅུ་ལ་ཐ་སྙད་དྲུག་ཅུ་བྱུང་བ་རྣམས་ནི་འདས་ཟིན་པའི་ལོ་དང་། མ་འོངས་འབྱུང་འགྱུར་གྱི་ལོ་སོགས་ངོས་ཟིན་པའི་ཆེད་དུ་དང་།  དམ་པའི་སྐྱེས་ཆེན་རྣམས་ཀྱི་འཁྲུངས་འདས་སོགས་གསལ་པོ་རྟོགས་པའི་དགོས་པ་སོགས་ཡོད་པར་གཟིགས་ནས། མེ་མཁའ་རྒྱ་མཚོ(༤༠༣)དང་། རབ་བྱུང་སོགས་བརྩི་ཚུལ་བྱུང་བ་ཡིན། ལོ་འཁོར་དྲུག་ཅུ་རེ་ལ་རབ་བྱུང་རེའི་བརྩི་ཚུལ་མ་བྱུང་པའི་སྔོན་དུ།  ལོ་ཚིགས་ཐོ་འགོད་རྣམས་གནད་ཆེན་པོ་ཞིག་ལ་ངོས་འཛིན་གནང་མེད་པར་སྣང་བས།  སྔོན་བྱོན་སྐྱེས་ཆེན་དེ་དག་གི་འཁྲུངས་འདས་དང་།  མདོ་རྒྱུད་སོགས་བསྒྱུར་བའི་དུས་དང་།  གཞུང་འགྲེལ་སྐོར་སོགས་བརྩམས་པའི་ལོ་ཚིགས་གསལ་པོ་འཁོད་མེད་པའི་རྒྱུ་མཚན་གྱིས་ཕལ་ཆེ་བའི་ལོ་ཚིགས་ནི་རྩོད་པ་དང་བཅས་པའི་གནས་ཡིན།  སྤྱིར་ན་འདི་དག་གི་སྐོར་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་མང་དག་བྱུང་ན་ཡང་།  སྐབས་བབས་དུས་འཁོར་ལུགས་ཀྱི་འདས་ལོ་མེ་མཁའ་རྒྱ་མཚོ་(༤༠༣)སོགས་ཀྱི་སྟེང་ནས་སྟོན་པའི་འཁྲུངས་འདས་དང་། སྟོན་པས་དུས་འཁོར་རྩ་རྒྱུད་ལས་ལོ་དེ་དང་དེ་ལ་ལུང་བསྟན་གནང་ཚུལ་སྐོར་རགས་ཙམ་ཞུས་པ་ཡིན་ན།  དུས་འཁོར་རྩ་བའི་རྒྱུད་ལས་བྱང་ཕྱོགས་ཤམྦྷ་ལར་རིམ་པར་འབྱོན་འགྱུར་གྱི་ཆོས་རྒྱལ་བདུན་དང་རིཊ་ལྡན་ཉེར་ལྔ་ཡོད་པ་ལས། ཆོས་རྒྱལ་བདུན་གྱི་དང་པོ། 
༡རྒྱུད་ཞུ་བ་པོ་ཟླ་བ་བཟང་པོ(ཕྱི་ལོའི་སྔོན་༨༨༡)་ནས་། 
༢ ཆོས་རྒྱལ་ལྷ་དབང(ཕྱི་ལོའི་སྔོན་༨༧༧)།           
༣ ཆོས་རྒྱལ་གཟི་བརྗིད་ཅན(ཕྱི་ལོའི་སྔོན་༧༧༧)།              
༤ ཆོས་རྒྱལ་ཟླ་བས་བྱིན(ཕྱི་ལོའི་སྔོན་༦༧༧)།   
༥ ཆོས་རྒྱལ་ལྷའི་དབང་ཕྱུག(ཕྱི་ལོའི་སྔོན༥༧༧)།    
༦ ཆོས་རྒྱལ་སྣ་ཚོགས་གཟུགས(ཕྱི་ལོའི་སྔོན༤༧༧)། 
༧ ཆོས་རྒྱལ་ལྷའི་དབང་ལྡན་བཅས་ཆོས་རྒྱལ་བདུན་དང་(ཕྱི་ལོའི་༣༧༧)།
དེ་རྗེས་རིཊ་ལྡན་ཉེར་ལྔ།
༡ རིཊ་ལྡན་འཇམ་དཔལ་གྲགས་པ(ཕྱི་ལོའི་སྔོན་༢༧༧)། 
༢རིཊ་ལྡན་པདྨ་དཀར་པོ(ཕྱི་ལོའི་སྔོན༡༧༧)། 
༣ རིཊ་ལྡན་བཟང་པོ (ཕྱི་ལོའི་སྔོན༧༧)།
༤རིཊ་ལྡན་རྣམ་རྒྱལ(ཕྱི་ལོ་འགོ་ཚུགས་ནས་ལོ་༢༣ཟིན་པ་ན་ཁྲིར་ཕེབས)།
༥ རིཊ་ལྡན་བཤེས་གཉེན་བཟང་པོ (ཕྱི་ལོ་༡༢༣)།
༦ རིཊ་ལྡན་རིན་ཆེན་ཕྱག (ཕྱི་ལོ་༢༢༣)།
༧ རིཊ་ལྡན་ཁྱབ་འཇུག་སྦས་པ(ཕྱི་ལོ་༣༢༣)།
༨ རིཊ་ལྡན་ཉི་མ་གྲགས་པ(ཕྱི་ལོ་༤༢༣)།
༩ རིཊ་ལྡན་ཤིན་ཏུ་བཟང་པོ། (ཕྱི་ལོ་༥༢༣)།
༡༠ རིཊ་ལྡན་རྒྱ་མཚོ་རྣམ་རྒྱལ། (ཕྱི་ལོ་༦༢༤)།
༡༡ རིཊ་ལྡན་རྒྱལ་དཀའ།(ཕྱི་ལོ་༨༠༦རིཊ་ལྡན་བཅུ་པ་དང་བཅུ་གཅིག་པ་གཉིས་ཀྱི་ཁྲིར་ཕེབས་པའི་ལོ་གྲངས་བསྡོམས་པ་ལ་མེ་མཁའ་རྒྱ་མཚོ་ཞེས་༤༠༣གྲགས་སོ)
༡༢ རིཊ་ལྡན་ཉི་མ།(ཁྲིར་ཕེབས་པའི་ལོ་ལ་རབ་བྱུང་དང་པོ་མེ་ཡོས་འགོ་ཚུགས་ཕྱི་ལོ༡༠༢༧)
༡༣ རིཊ་ལྡན་སྣ་ཚོགས་གཟུགས། (ཕྱི་ལོ༡༠༨༧)
༡༤ རིཊ་ལྡན་ཟླ་བའི་འོད། (ཕྱི་ལོ༡༡༢༧)
༡༥ རིཊ་ལྡན་མཐའ་ཡས། (ཕྱི་ལོ༡༢༢༧)
༡༦ རིཊ་ལྡན་ས་སྐྱོང་། (ཕྱི་ལོ༡༣༢༧)
༡༧ རིཊ་ལྡན་དཔལ་སྐྱོང་། (ཕྱི་ལོ༡༤༢༧)
༡༨ རིཊ་ལྡན་སེངྒེ། (ཕྱི་ལོ༡༥༢༧)
༡༩ རིཊ་ལྡན་རྣམ་པར་གནོན། (ཕྱི་ལོ༡༦༢༧)
༢༠ རིཊ་ལྡན་སྟོབས་པོ་ཆེ། (ཕྱི་ལོ༡༧༢༧)
༢༡ རིཊ་ལྡན་མ་འགག་པ། (ཕྱི་ལོ༡༨༢༧)
༢༢ རིཊ་ལྡན་མི་ཡི་སེངྒེ།(ཕྱི་ལོ༡༩༢༧འདི་ཁྲིར་ཕེབས་ནས་ད་ལྟ་ཕྱི་ལོ༢༠༢༠་བར་ལོ་༩༣འགྲོ་ཟིན)
༢༣ རིཊ་ལྡན་དབང་ཕྱུག་ཆེ། (ཕྱི་ལོ༢༠༢༧) 
༢༤ རིཊ་ལྡན་མཐའ་ཡས་རྣམ་རྒྱལ། (ཕྱི་ལོ༢༡༢༧)
༢༥ རིཊ་ལྡན་དྲག་པོ་འཁོར་ལོ་ཅན་བཅས་སོ། (ཕྱི་ལོ༢༢༢༧)།
འདི་རྣམས་ནི་སྟོན་པ་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞེས་སྐབས།  བྱང་ཕྱོགས་ཤམྦྷ་ལའི་དུས་འཁོར་གྱི་རྒྱུད་ཞུ་བ་པོ་ཆོས་རྒྱལ་ཟླ་བཟང་ནས་གཟུང་རིཊ་ལྡན་སོགས་ཁྲིར་ཕེབས་པའི་ལོ་དང་ཕྱི་ལོ་གཉིས་སྦྱར་ནས་རགས་ཙམ་ཞུས་པ་ཡིན། ད་དུང་དུས་འཁོར་ནང་དུ་ཀླ་ཀློ་དར་བའི་དུས་དང་བསྟན་པ་གནས་ཚད་སོགས་ཀྱིས་ལོ་ཚིགས་མང་དུ་བྱུང་ཡང་རེ་ཞིག་གཞག་གོ  །གང་དུ་སྨྲས་པའི་ལོ་ཚིགས་འདི་དག་གིས་ཁྱད་ཆོས་དང་ལྡན་པའི་དུས་འཁོར་ལུགས་ཀྱི་སྟོན་པའི་འདས་ལོ་སོགས་བརྩི་ཚུལ་ཕྱོགས་རེ་བ་ཞིག་གོ་ནུས་སོ། 

༼༥ ཕྱི་དུས་ཀྱི་འཁོར་ལོའི་བསྟན་དོན།
སྤྱིར་བསྟན་པ་ཕྱི་དར་སྐབས་གསང་སྔགས་ཀྱི་རྒྱུད་སྡེ་རིགས་མང་པོ་ཞིག་བྱུང་བའི་ནང་ནས། དུས་འཁོར་གྱི་རྒྱུད་ནི་འགྱུར་མཛད་མཁན་ལོ་ཙཱ་བ་མི་འདྲ་བ་ཉི་ཤུ་ལྷག་བྱུང་བ་དང་། ད་ལྟའི་བཀའ་འགྱུར་གྱི་ཁྲོད་དུ་ཡང་། དུས་འཁོར་གྱི་ཕྱོགས་སུ་གཏོགས་པའི་གཞུང་པོད་གཅིག་དང་། བསྟན་འགྱུར་དུ་པོ་ཏི་ལྔ་ཙམ་བཞུགས་པའི་ནང་ནས།   ཆོས་ཚན་ལྔ་བཅུ་རྩ་དྲུག་ཡོད་པ་གསུངས། དེ་དག་ལ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཡང་མང་དུ་བྱུང་བས་རྒྱུད་གཞུང་འདི་ནི་རྗོད་བྱེད་ཀྱི་གཞུང་ཚོགས་ཆེན་པོ་ཡོད་པའི་རྒྱུད་སྡེ་ཞིག་ཡིན། དེས་ན་མཁས་གྲུབ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་གཞུང་ཚོགས་འདི་དག་གི་བརྗོད་བྱ།  དོན་ཚན་གསུམ་གྱི་བསྡུས་ནས་གསུངས་པའི་ཕྱི་དུས་ཀྱི་འཁོར་ལོ།  ནང་དུས་ཀྱི་འཁོར་ལོ། གཞན་དུས་ཀྱི་འཁོར་ལོ་གསུམ་གྱིས་མ་བསྡུས་པ་མེད་པར་གསུངས་པའི་ནང་ནས། ཕྱི་དུས་ཀྱི་འཁོར་ལོའི་བརྗོད་དོན་གཙོ་བོ་ནི། ད་ལྟར་བོད་ན་རིག་པའི་གནས་བཅུའི་ཡ་གྱལ་དུ་གྱུར་པའི་སྐར་རྩིས་རིག་པ་ནི་ཕྱི་དུས་ཀྱི་འཁོར་ལོའི་བརྗོད་བྱ་གཞི་གཙོ་བོ་གཟུང་ནས། དེ་ལ་བོད་རང་གི་རྩིས་རིག་རྒན་པོ་རྣམས་ཀྱི་མྱོང་བ་དང་དུས་བཞི་འགྱུར་བ་སོགས་ཟུར་རྒྱན་ནས་བྱུང་བའི་རིག་གནས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཕྱིའི་དུས་ཀྱི་འཁོར་ལོའི་ནང་དུ། ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་ཚུལ་དང་། གོ་ལའི་རྣམ་བཞག་དང་། ལྷག་པར་དུ་ཉི་ཟླ་གཟའ་སྐར་བསྒྲོད་ཚུལ་ཨང་ཀི་སོགས་ཀྱིས་ལམ་ནས་རྟོགས་ཚུལ་སོགས། མདོར་ན་ཕྱི་དུས་ཀྱི་འཁོར་ལོའི་ནང་དུ་ཕྱི་རོལ་ཀུན་རྫོབ་ཀྱི་རྣམ་བཞག་རྒྱས་པར་བྱུང་བའི་རྒྱུད་སྡེ་ཞིག་ཡིན།  མ་ཟད་ཨང་ཀི་བསྒྱུར་བ་དང་། བགོ་བ་དང་། དབྲི་བ་དང་།  བསྣན་པ་སོགས་ཀྱིས་ལམ་ནས་ཉི་ཟླ་གཟའ་སྐར་རྣམས་ཀྱི་འགྲོས་མྱུར་བུལ་སོགས་བརྟག་ཐབས་ཀྱི་ཨང་རྩིས་རིག་པ་འདི་ནི།  བོད་ཀྱི་རིག་གནས་གལ་ཆེ་བ་ཞིག་ལ་འགྱུར་ཡོད་པ་མ་ཟད།  ད་ལྟའི་སྤྱི་ཚོགས་ཀྱི་ཁྲོད་ན་ཡང་ལོ་དང་ཟླ་བ་སོགས་དུས་ཀྱི་འཕེལ་རིམ་དང་། གོ་ལའི་ཆགས་འཇིག་རྣམས་ཀྱང་གཙོ་བོ་ཨང་རྩིས་རིག་པ་ཞིག་ལ་རྟེན་ནས་རྣམ་བཞག་བྱེད་པ་སོགས་བྱུང་བའི་རིག་པ་འདི་ནི།  ཆེས་གལ་ཆེ་བའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་ཆགས་ཡོད། སྤྱིར་དུས་འཁོར་བོད་ན་མ་འགྱུར་བའི་སྔ་རོལ་ན་ཞག་གསུམ་དང་། ཉི་ཟླ་གཟའ་སྐར་སོགས་ཇི་ལྟར་འཁོར་སྒྲོད་བྱེད་ཀྱི་ཡོད་མེད་ཀྱི་རྩིས་གཞུང་སོགས་བྱུང་ཡང་།  གཟའ་སོགས་ཀྱི་འགྲོས་མི་འདྲ་བ་བཞིའི་ལམ་ནས་རྒྱུ་སྐར་གང་གི་སྟེང་དུ་སྤྱོད་བཞིན་ཡོད་མེད་སོགས་ཀྱི་རྐང་རྩིས་དང་།  ཞག་གསུམ་གྱི་ཆ་ཤས་སོགས་ཞིབ་ཅིང་ཕྲ་བའི་རྩི་ཐབས་ནི་ཕྱི་དུས་ཀྱི་འཁོར་ལོ་ཁོ་ན་ལས་བྱུང་ཞིང་། དེ་དག་ལ་གཞི་གཟུང་ནས་དེ་ཡི་སྟེང་དུ་གང་ཟག་བློ་གྲོས་ཞན་པའི་རིགས་རྣམས་ཕྱི་དུས་ཀྱི་འཁོར་ལོ་ལ་བདེ་བླག་དུ་འཇུག་ནུས་པའི་ཆེད་དུ་དང་། ཕྱི་ནང་རྟེན་འབྲེལ་གྱི་གནད་རྟོགས་པའི་དགོས་པ་སོགས་གཟིགས་ནས། བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རེའུ་མིག་དང་། ཨང་ཀི་སོགས་ཀྱིས་སྔར་ལས་གསལ་བར་བྱས།  ལྷག་ཏུ་ཉི་ཟླ་གཟའ་སྐར་སོགས་འགྲོས་མྱུར་བ་དང་དལ་བུ་སོགས་ལ་བརྟག་ནས་འཇིག་རྟེན་ཐོག་ན་ས་ཆུ་མེ་རླུང་སོགས་འབྱུང་བའི་གནོད་ཚེ་གང་བྱུང་བཞིན་ཡོད་མེད་ཀྱི་འབྲས་བཤད་སོགས་ཀྱི་གཞུང་ཀྱང་མང་དུ་མཛད།  དེ་ནས་དུས་རབས་བཅུ་གཉིས་པའི་ནང་ལ་འགྲོ་མགོན་ཆོས་འཕགས་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་རང་ཡུལ་གྱི་ས་བབ་དང་། གནམ་གཤིས། དུས་བཞི་འགྱུར་བ་དང་། གཟའ་སྐར་འཁོར་སྒྲོད་སོགས་ཞིབ་ཏུ་དཔྱད་ནས་ཞིང་འབྲོག་ཐོན་སྐྱེད་སོགས་ལ་ཕན་པ་ཆེ་བའི་དུས་ཐོ་སོགས་འདོན་སྤེལ་གྱི་སྲོལ་གནང་བ་ནས་(ལོ་རྒྱུས་ཞིབ་ཕྲ་ནི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་དུས་འཁོར་བརྒྱུད་པའི་ལོ་རྒྱུས་དང་། སྟག་ལོ་ཆེན་པོས་དུས་འཁོར་སྤྱི་དོན་སོགས་ལས་གསལ)ད་ལྟའི་བར་ལག་ལྟར་རྒྱུན་མ་ཆད་པ་གནང་། 
 
༼༦ ནང་དུས་ཀྱི་འཁོར་ལོའི་བསྟན་དོན།
 གོང་དུ་ཕྱི་དུས་ཀྱི་འཁོར་ལོའི་བསྟན་དོན་རགས་པ་ཙམ་ཞིག་ཞུས་ཟིན་ནས་དེ་ནས་ནང་དུས་ཀྱི་འཁོར་ལོའི་བརྗོད་དོན་མདོར་ཙམ་ཞུས་ན། འདིའི་ནང་དུ་རིགས་དྲུག་གི་བསྡུས་པའི་སྐྱེ་འགྲོ་སོ་སོར་ནང་གི་རྩ་རླུང་ཐིག་ལེ་རྒྱུ་ཚུལ་མི་འདྲ་བ་ལས་བྱུང་བའི་ཕྱི་རོལ་གྱི་འཇིག་རྟེན་ཆགས་འཇིག་དང་། ཉི་ཟླ་གཟའ་སྐར་དང་། དུས་ཀྱི་འཕེལ་རིམ་ཐམས་ཅད་ཀྱི་གཞིའམ་ནང་ལུས་ཀྱི་རྩ་འཁོར་ཕྲ་བའི་རྣམ་བཞག་སོགས་གཏན་འབེབས་གནང་གི་ཡོད།  དེ་ལྟར་རིགས་དྲུག་སོ་སོ་ལ་འབྱུང་བ་རགས་པའི་དབུགས་འབྱིན་རྔུབ་རྒྱུ་ཚུལ་མི་འདྲ་བའི་སྟོབས་ཀྱིས།  རིགས་དྲུག་སོ་སོར་ལ་ལོ་དང་ཟླ་བའི་དུས་ཡུན་ཀྱང་རིང་ཐུང་མི་འདྲ་བ་སོ་སོར་སྣང་བཞིན་ཡོད་པར་བཤད་དེ།  འདི་ལྟར་སྐྱེས་བུ་ནད་མེད་ཞིག་གི་དབུགས་རྒྱུ་ཚུལ་ལ་ཆ་མཚོན་ནས་བཤད་ན།  ཉིན་ཞག་གཅིག་ལ་དབུགས་འབྱིན་པ་དང་རྔུབ་པ་གཉིས་གཅིག་ཏུ་སྡོམ་པའི་གྲངས(༢༡༦༠༠)ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བཞིན་ཡོད།  མིའི་ནང་ལུས་ཀྱི་རྩ་ཁམས་སོགས་ལ་ཉིན་གཅིག་གི་ཡུན་ཚད་དུ་དབུགས་འབྱིན་རྔུབ་རགས་པ་འདི་འཁོར་སྤྱོད་བྱེད་དགོས་པའི་དུས་ཡུན་ལ།  ཕྱི་རོལ་དུ་ཉིན་ཞག་གཅིག་འགྲོ་ཟིན་པའི་དུས་ཡུན་གྱི་སྣང་བ་འཆར་ཡོང་བར་བཞིན། འགྲོ་བ་གཞན་ལ་ཡང་སོ་སོར་དབུགས་འབྱིན་རྔུབ་(༢༡༦༠༠)ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ལ་སོ་སོར་གྱི་ཉིན་ཞག་གཅིག་གི་ཡུན་ཚད་ཀྱི་སྣང་བ་སོ་སོར་འཆར་བཞིན་ཡོད།  དེ་བཞིན་དུ་ང་ཚོའི་ཉིན་ཞག་གཅིག་ལ་འགྲོ་བ་གཞན་གྱི་ལོ་བརྒྱ་ཕྲག་སོགས་ཀྱི་སྣང་བ་འཆར་བཞིན་ཡོད་པ་དང་།   འགྲོ་བ་ལ་ལ་ང་ཚོའི་ལོ་བརྒྱ་ཕྲག་ལ་ཁོ་ཚོའི་དབུགས་འབྱིན་རྔུབ་ཐེངས་རེ་ཁོ་ན་མེད་པའི་སྣང་བ་འཆར་བའི་གནད་ཀྱང་། སྐྱེ་འགྲོ་སོ་སོའིི་ནང་ལུས་ཁམས་རྩ་རླུང་སོགས་གྲུབ་ཚུལ་མི་འདྲ་བའི་སྟོབས་ཀྱིས་ཕྱི་རོལ་གྱི་སྣང་བ་མི་འདྲ་འཆར་བཞིན་ཡོད་པ་དང་། མདོར་ན་ཕྱི་དུས་ཀྱི་འཁོར་ལོའི་བརྗོད་དོན་གཙོ་བོ་ནི་ཕྱི་སྣང་གི་ཆོས་འདི་འདྲ་བ་ཞིག་སྣང་ཆོག་དང་མི་ཆོག་གི་ཚད་གྲུབ་སྣང་བ་ཞིག་གཏན་ནས་མེད་པར་ཤེས་ཐུབ་པའི་ཆེད་དུ་ནང་ལུས་ཀྱི་རྣམ་བཞག་སོགས་བྱུང་ཡོད། ལྷག་ཏུ་དུས་འཁོར་བསྡུས་རྒྱུད་ཀྱི་ནང་དུ།  ཕྱི་རོལ་གྱི་ལོ་དང་། ཟླ་བ་དང་།  ཉིན་ཞག་དང་། དུས་སོགས་ཀྱི་ཚད་གཅིག་ཏུ་མ་ངེས་པར་མང་དུ་གསུངས་ཏེ།  བསྡུས་རྒྱུད་(མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། རྒྱུད་འབུམ། ཀ )ལས།   །དྲུག་(༢༡༦༠༠)བརྒྱ་རྣམས་ནི་རིམ་པས་ལུས་སྐྱེས་ཕྲ་དང་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་དང་ནི། །ནུས་(འོག་མིན)དང་གཙོ་བོའི་(སྲིད་རྩེ)ཉིན་ཞག་གཅིག་གི་(སྤྱིར་ན་དུས་འཁོར་བསྡུས་རྒྱུད་ཀྱི་རྩ་ཚིགས་རྣམས་ཐད་ཀ་གོ་ཧ་ཅང་དཀའ་བས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ཀྱི་འགྲེལ་པ་དག་ལས་གསལ)ཚད་སོགས་གསུངས་པ་དང་།  །དེ་བཞིན་དུ་ཕྱི་རོལ་གྱི་ཟླ་བའི་དཀར་ནག་གི་ཆ་འཕེལ་འགྲིབ་དང་། ཉི་མས་རྒྱུ་སྐར་སོགས་ལ་ལོངས་སྤྱོད་ཚུལ་ཐམས་ཅད་ཀྱང་ནང་ལུས་ཀྱི་རྩ་ཁམས་སོགས་ལ་ཚང་ཚུལ་ཡང་། ཁམས་ཀྱི་སྒོ་ནས་ཚང་ཚུལ།  དབྱིབས་ཡིག་གཟུགས་ཀྱི་སྒོ་ནས་ཚང་ཚུལ་མང་དུ་གཏན་ཡོད།  མ་ཟད་ནང་དུས་ཀྱི་འཁོར་ལོའི་ནང་དུ་ཆེས་ཕྲ་བའི་འབྱུང་ཁམས་སོགས་ཀྱི་རྣམ་བཞག་ཀྱང་ཞིབ་ཕྲ་བྱུང་ཡོད།  འདི་ཡང་གསང་སྔགས་སོགས་རྒྱུད་སྡེ་ཕལ་ཆེ་བའི་ནང་དུ་རྡོ་རྗེ་ལུས་ཀྱི་རྣམ་བཞག་དང་། འདི་གཉིས་བརྗོད་དོན་གཅིག་གི་སྟེང་དུ་བབས་ཡོད།  འོན་ཀྱང་འདི་དང་རྒྱུད་སྡེ་གཞན་གྱི་རྩ་ཁམས་ཀྱི་རྣམ་བཞག་མི་འདྲ་བ་ཁ་ཤས་བྱུང་ཡང་། སྟག་ལོ་ཆེན་པོས། ཕ་རྒྱུད་མ་རྒྱུད་ན་སྦས་པ་འདིར་གསལ་བ་བཞིན་དུ། ནང་རྡོ་རྗེ་ལུས་ཀྱི་གནས་ཚུལ་ཡང་གཞན་རྣམས་སུ་སྦས་ནས་འདིར་གསལ་བ་དང་། གཞན་ཡང་རང་ཉིད་ཡིད་ཆེས་པའི་ཚད་མ་ནི་མྱོང་བ་ཡིན་པ་སོགས་གསུངས་ཡོད་།  དེས་ན་སྟག་ལོ་ཆེན་པོས་རྒྱུད་སྡེ་ཕལ་ཆེ་བའི་ནང་དུ་རྩ་ཁམས་རྣམས་རགས་པའི་ཚུལ་དུ་བསྟན་ཡོད་པ་གསུངས་ནས།  ནང་དུས་ཀྱི་འཁོར་ལོའི་ནང་དུ་ཞིབ་ཅིང་ཕྲ་བ་གསུང་པ་བཤད་པ་དང་། དེ་བཞིན་དུ་ཁོང་གིས་དུས་འཁོར་གྱི་ནང་དུ་བསྟན་པའི་རླུང་གི་འཕོ་མཚམས་མྱོང་བས་གྲུབ་པས་འདི་ལ་ཤིན་ཏུ་དད་པའི་གནས་འོས་པ་སོགས་མང་(སྟག་ཚང་ལོ་ཙཱ་བའི་དུས་འཁོར་སྤྱི་དོན)དུ་གསུངས། 
 
༼༧  གཞན་དུས་ཀྱི་འཁོར་ལོའི་བསྟན་དོན།    
དེ་ཡང་གདུལ་བྱ་བློ་རིམ་གྱིས་སྦྱང་བརྩོན་བྱེད་དགོས་པའི་རིགས་ཅན་རྣམས་ཀྱིས་ཕྱི་ནང་གི་དུས་ཀྱི་འཁོར་ལོའི་གནད་རྟོགས་པར་བྱས་ནས། དེ་དག་གི་སྟེང་དུ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་དགོས་པ་ལ་ངེས་པར་དུ་གཞན་དུས་འཁོར་གྱི་འཁོར་ལོའི་བསྐྱེད་རིམ་དང་། རྫོགས་རིམ་སྦྱོར་དྲུག་སོགས་ལ་འབད་དགོས་པས་ན། འདིའི་ནང་དུ་གཙོ་བོ་སྨིན་གྲོལ་ལམ་གྱི་རྣམ་བཞག་ཐམས་ཅད་འདུས་ཡོད། ད་ལྟ་བཀའ་འགྱུར་ཁྲོད་དུ་ཡོད་པའི་དུས་འཁོར་གྱི་བསྡུས་རྒྱུད་ལེའུ་ལྔ་པའི་དང་པོ་གཉིས་ནི་དུས་ཀྱི་འཁོར་ལོའི་ཕྱི་ནང་གི་གནད་གཙོ་བོ་དང་། ལེའུ་ཕྱི་མ་གསུམ་ནི་གཞན་དུས་ཀྱི་འཁོར་ལོའི་ཁོངས་སུ་བསྡུས་ཡོད་པས། དེས་ན་ཕྱི་མ་གསུམ་ནི་དུས་འཁོར་གྱི་དབང་དང་མན་ངག་གི་རྒྱུད་པ་ལ་རྟེན་ནས་སྒྲུབ་པའི་ཉམས་རྟོགས་སོགས་གཙོ་བོ་གནང་བའི་གཞི་ཡིན་པས། འདི་དག་ལ་དུས་འཁོར་གྱི་དབང་དང་མན་ངག་སོགས་ལ་རྟེན་ནས་ཤེས་དགོས་པ་ལས་སོ་སོ་སྐྱེ་བོའི་བློ་རང་དགར་བ་ཞིག་གིས་སྤྱོད་ཡུལ་མ་ཡིན། དེས་ན་དུས་འཁོར་གྱི་རྒྱུད་དོན་ལ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཁ་ཤས་ཀྱི་མཚན་རྣམས་རྒྱུད་དོན་འདི་ལ་དད་སྤྲོ་ཡོད་པའི་སྐལ་ལྡན་གྱི་རིགས་ཅན་རྣམས་ལ་ཕུལ་ན། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་སྦྱོར་གྱི་འབྲས་བཤད་དང་། འགྲོ་མགོན་ཆོས་འཕགས་ཀྱི་དུས་འཁོར་གྱི་ལྔ་བསྡུས་སོགས་མཛད་པ་དང་། རྗེ་རང་བྱུང་རྡོ་རྗེས་བསྡུས་རྒྱུད་འཇིག་རྟེན་ཁམས་ལེའི་ཚིག་རྣམས་གོ་བདེ་བའི་ཆེད་དུ་བདུན་ཚིག་ཏུ་བཀྲལ་བ་དང་། སྟག་ལོ་ཆེན་པོས་དུས་འཁོར་སྤྱི་དོན་དང་།  བསྡུས་རྒྱུད་ལེའུ་ལྔའི་དཀའ་འགྲེལ། བུ་སྟོན་རིན་ཆེན་གྲུབ་ཀྱི་དུས་འཁོར་རྒྱུད་འགྲེལ་གྱི་མཆན་དང་ས་བཅད་།  ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་འགྲེལ་ཆེན།  སྦྱོར་དྲུག་གི་ཁྲིད་ཡིག  ངོ་སྤྲོད།  སྲུང་འཁོར་གཉིས། རྣལ་འབྱོར་མའི་མཆོད་ཆོག་སོགས་གཞུང་མང་དུ་བཞུགས་སོ།  ཀུན་མཁྱེན་དོལ་པོ་བས།  དུས་འཁོར་ས་བཅད་ལ་སོགས་དུས་འཁོར་ཆ་ལག་བཅོ་བརྒྱད་མཛད་པ་གསུངས་པ་སོགས། སྔོན་གྱི་སྐྱེས་ཆེན་དེ་དག་གིས་དུས་འཁོར་གྱི་སྐོར་ལ་འགྲེལ་ཆེན་དང་སྒྲུབ་ཐབས་སོགས་མང་དུ་བཞུགས་པས། འདི་དག་ནི་མཚོན་པ་ཙམ་སྨྲས་པའོ།།  དེ་བཞིན་དུ་རྒྱ་བོད་ཀྱི་མཁས་གྲུབ་ཚད་དང་ལྡན་པ་རྣམས་ཀྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་དང་། རྗེས་གཟུང་། སྟ་གོན། བྱིས་པ་འཇུག་པའི་དབང་བདུན་སོགས་སྨིན་གྲོལ་གྱི་ལམ་རྒྱས་པར་མཛད་པའི་གཞུང་སོགས་མང་དུ་བཞུགས་སོ།།  གཞན་ཡང་རྒྱུད་འདི་ལ་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་རྣམས་ཀྱིས་འཛིན་སྐྱོང་སྤེལ་བ་སོགས་གནང་བའི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་ནི་དཔལ་ནཱ་ལེནྡྲའི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དུས་འཁོར་བརྒྱུད་པའི་ལོ་རྒྱུས་སོགས་ལས་གསལ།  འདི་དག་གིས་ཕྱི་ནང་གཞན་གསུམ་གྱིས་དུས་ཀྱི་འཁོར་ལོའི་བསྟན་དོན་མཚོན་པ་ཙམ་བྲིས་ཟིན་ནས་རེ་ཞིག་མཇུག་བསྡུ་བའོ།།
 
༼མཇུག་གི་གཏམ།
གཞན་ཡང་དུས་སྐབས་བཟང་པོ་དང་འབྲེལ་ནས་ཕྱི་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ཀྱི་ལེའུ་དང་པོ་ཁམས་ལེ་སོགས་གཞུང་ཁ་ཤས་ཐོས་བསམ་གྱི་གོ་སྐབས་བཟང་པོ་ཐོབ་པའི་རྐྱེན་བྱས་ནས། བརྗོད་བྱེད་ཀྱི་རྒྱུད་འགྲེལ་གཞུང་ཚོགས་རླབས་པོ་ཆེ་འདི་ལ་འཇུག་ཁུལ་བྱས་ནས་དཔྱད་རྩོམ་འདི་བྲིས་པ་དང་། སྤྱིར་ན་རྒྱུད་འདིའི་ཕྱི་ནང་གཞན་གསུམ་གྱི་བརྗོད་བྱེད་ཀྱི་གཞུང་ཚོགས་ཧ་ཅང་མང་བ་དང་། ལྷག་ཏུ་བསྡུས་རྒྱུད་ཀྱི་ལེའུ་དང་པོ་ཁམས་ལེ་སོགས་ཀྱི་བརྗོད་དོན་རྣམས་གོ་བཀའ་བའི་སྟོབས་ཀྱིས་ལམ་འདི་ཤེས་མཁན་དེང་སང་ཉུང་དུ་ཕྱིན་པ་སོགས་ཀྱི་རྐྱེན་དང་། དེ་བཞིན་དུ་བློ་གསལ་གྱི་སྐལ་བཟང་རྣམས་རྒྱུད་དོན་འདི་ལ་དད་དང་སྤྲོ་བའི་པདྨོ་བཞད་པ་དང་། རང་ཉིད་ཀྱང་རྒྱུད་དོན་ཟབ་མོ་འདི་དག་ལ་བག་ཆགས་གཞག་པའི་ཆེད་དང་། དད་སྤྲོ་སོགས་ཆེས་ཆེར་བསྐྱེད་པའི་འདུན་པ་སྔར་ལས་གང་འཕེལ་དུ་འགྲོ་བའི་མཐུན་རྐྱེན་སོགས་ཀྱི་ཆེད་དུ་དུས་འཁོར་གྱི་རྒྱུད་དོན་མདོར་བསྡུས་ཙམ་བྲི་ནུས་པའི་རེ་བ་ལ་འབད་པ་བྱས་པ་འདི་ཉིད་ལགསོ།   འདི་ནི་རབ་བྱུང་བཅུ་བདུན་པའི་ཀུན་ལྡན་ལོའི་རྒྱལ་ཟླའི་དཀར་ཕྱོགས་དགའ་བ་དང་པོ་ལ་རྫོང་སར་འཇམ་དབྱངས་བསྟན་པ་ནས་ཕུལ།
                            རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease