རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོའི་འཁྲུངས་གཞིས་སྐོར་བ།

    རྩོམ་པ་པོ། བཙན་མི།

རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོའི་འཁྲུངས་གཞིས་སྐོར་བ།
                            ཉིན་དྲུག་གི་ཡུལ་སྐོར་ཟིན་ཐོ།
                                                           
བཙན་མི།
༡ ལམ་ལ་ཆས་པ།
སྤྱི་ལོ 2023 ལོའི་ཟླ 7 ཚེས 10 ཉིན། རྨི་ལམ་གྱི་ཡོལ་བ་བརྒྱབ་སྟེ་མཚན་གཅིག་གི་འགྲུལ་བཞུད་ལ་གྱེས་ཕྱག་ཕུལ་པའི་ཞོགས་པ་དེར། ཕ་ཡུལ་གྱི་གནམ་གཤིས་ནི་ཆར་དྭངས་མ་ཐག་པའི་སྐབས་ཤིག་རེད། དབྱར་འབྲིང་བོའི་མཛེས་སྡུག་གི་ས་འཛིན་དང་། སྣ་མང་རང་བཞིན་གྱིས་བཞད་པའི་རྩི་ཏོག་སྣ་ཚོགས་ཀྱི་དྲི་ངད། འཇིག་རྟེན་འདིའི་ཡོད་ཚད་སླར་ཡང་མགོ་རྩོམ་གྱིན་པ་འདྲ་བའི་ཁོར་ཡུག་གིས། དབང་བོ་ལྔའི་ཡུལ་དུ་སྨྲ་བར་མི་ཤོང་བའི་ཞིང་ཁམས་གཞན་ཞིག་སྦྱིན་ཡོང་། ང་རང་ཕ་ཡུལ་ནས་རླངས་འཁོར་དུ་བུད་དེ་སྤྱི་ལེ་ལྔ་བརྒྱའི་བར་དུ་ཆོད་པའི་ལི་ཐང་གི་ཕྱོགས་སུ་ཆས། ལི་ཐང་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཚིགས་མལ་ཞིག་ན་གསལ་ལེར་འགྲེང་ཡོད་པ་ནི། རྒྱལ་བ་སྐུ་ཕྲེང་བདུན་པའི་གཟུགས་སྐུའི་བཀོད་པ་ཐོག་མར་བཞད་ཅིང་། མཛད་པའི་ཕྲིན་ལས་ཀྱིས་རི་མཐོ་ས་གཙང་གི་པིར་རྒྱལ་བོད་ཀྱི་སྲིད་དབང་བདག་གིར་བཞེས་པ་དང་། སྐྱེ་འགྲོ་ཡོངས་ལ་མངོན་མེད་ཆོས་ཀྱི་དགའ་སྟོན་གྱིས་ཚིམ་པར་མཛད་པས་ལོས་ཡིན་མོད། དེ་ལས་ཀྱང་ག་ལ་ཚད་དེ། ལི་ཐང་ནི་བཙན་པོའི་ཧྲག་དམག་གི་སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་བགོས་པའི་དཔའ་བོའི་ཕ་ས་ཞིག་ཀྱང་ཡིན་ནོ། །ལི་ཐང་ན་གཞན་དུ་མེད་པའི་སྐྱ་རྩལ་བ་མང་པོ་ཡོད། བརྙན་ལམ་ཁག་ནས་མཐོང་བ་ལྟར། ལི་ཐང་རྫོང་གི་ལོ་གཅིག་གི་རྩེད་མོའི་སྐབས་སུ་སྐྱ་རྩལ་བ་རྣམས་ཀྱིས་མྱུར་མགྱོགས་རྟ་ཕོའི་བང་ཁ་ནས། ལྡེམ་མྱུར་ལུས་ཀྱིས་སྟངས་སྟབས་སྣ་ཚོགས་ངོམ་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན། ང་ཚོ་རི་ངོས་ཕན་ཚུན་དཀན་གཟར་ཡིན་པའི་འཕྲང་ལམ་དོག་མོ་ཞིག་ནས་ཡུན་རིང་ལ་སོང་རྗེས་ཉག་རོང་རྫོང་དུ་འབྱོར། ཉག་རོང་རྫོང་ནས་སླར་ཡང་ཉག་ཆུར་འབོད་པའི་བཞུར་རྒྱུན་དེད་ནས་སོང་ཞིང་། དེ་རྗེས་ཉག་ཆུ་རྗེས་སུ་བཞག་ཅིང་ལུང་མདོ་ཞིག་ནས་ཡར་བཞུད་པ་ན་ལ་མཐོན་པོ་ཞིག་བརྒལ། ལ་དེའི་ཕར་ཁ་ནི་ཚུར་ནང་བཞིན་གཟར་བོ་ཞིག་མ་རེད་ལ། ནགས་དང་བྲག་གིས་ཁོར་ཡུག་ཡོངས་རྫོགས་བཟུང་བ་ཞིག་ཀྱང་མིན་པར། སྤང་ལྗོངས་དང་སྤང་རི་ཁོ་ན་རེད། ལ་དེའི་ཕར་ནང་དུ་བརྒལ་རྗེས་ལི་ཐང་གི་འབྲོག་པའི་ས་སྣེ་ཟིན་འདུག རིམ་གྱིས་སོང་བ་ན་འབྲོག་སྡེ་ཞིག་དང་འཕྲད་སོང་། གསར་བུ་འགའ་ཤས་ཀྱིས་ང་ཚོར་ངོ་སྤྲོད་བྱས་པ་ལྟར་ན། ཁོ་ཚོ་ཚེ་མགོན་མ་གྲོང་སྡེ་ནས་ཡིན་ཟེར། ཁོང་ཚོའི་གྲོང་སྡེ་ནི་ལི་ཐང་གི་སྐྱ་རྩལ་བ་གྲགས་ཅན་དག་སྐྱེ་ས་ཡིན་ཟེར། གནས་ཤིག་ལ་མཛུབ་སྟོན་བྱས་ཏེ་ཉིན་འགའི་རྗེས་ནས་རྟ་རྒྱུགས་དགོས་ཞེས་ཀྱང་ཟེར། ལི་ཐང་གི་རྟ་རྒྱུགས་ལ་གཞན་ལས་ལྷག་པའི་ལྟད་མོ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ། །
སྤྱི་ལོའི་དུས་རབས་བཅུ་བདུན་པའི་མགོར། བོད་ལྗོངས་ཀྱི་ནམ་མཁར་འཇིགས་ཡེར་བའི་འཐབ་འཁྲུག་གི་མེ་ལྕེ་ཡང་ཡང་འབར་མྱོང་ལ། སྐྱ་སེར་མང་པོའི་ཚེ་སྲོག་མཚོན་ཆའི་རྣོ་ངར་ལ་དྲངས་མྱོང་། སྐབས་དེར། མོན་གྱི་ཡུལ་ནས་གདན་དྲངས་བའི་ལྔ་བ་ཆེན་མོའི་ཡང་སྲིད་དམ་པ་གང་གིས། ཐུགས་ཀྱི་རྒྱ་མཚོའི་དཀྱིལ་ནས་བྱུང་བའི་ཚོར་འདུའི་སྒྲ་དབྱངས་མཐའ་དག མགུར་གྱི་རྦ་རླབས་ལ་དྲངས་ཏེ “བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་སྐོར་ནས་ཕེབས་ཡོང་། །ཞེས་གསུངས་བ་བཞིན། དམ་པ་ཚངས་དབྱངས་རྒྱ་མཚོ་གང་གི་སྐུ་ཚེའི་འདུ་བྱེད་རེ་ཞིག་ཆོས་དབྱིངས་སུ་ཐིམ་པར་གྱུར་ཡང་། སྐྱེ་འགྲོའི་གདུང་བའི་འོ་དོད་ཡུན་རིང་འབོད་མ་དགོས་པར། ས་ལི་ཐང་གི་ནམ་མཁའི་དབྱིངས་སུ་གསལ་ལེར་འཚེར་བའི་བཅོ་ལྔའི་ཟླ་བ་བཞིན་སླར་ཡང་འཁྲུངས་བར་གྱུར་ཏོ། །
དེ་འདྲའི་བྱིན་རླབས་ཀྱི་ཚན་ཁ་མྱུར་ཞིང་། དཔའ་མཛངས་ཀྱི་ལོ་རྒྱུས་རྡོ་རིང་ལ་ཡང་མཇལ་ཐུབ་པའི་གནས་མཆོག་ལི་ཐང་དུ་བསྐྱོད་པ་ནི། སྔོན་བྱོན་དམ་པའི་ཞབས་རྗེས་འཚོལ་བའི་ལས་ཤིག་ཀྱང་ཡིན་ནོ། །ང་ཚོ་ཕ་ཡུལ་སེར་ཤུལ་རྫོང་ནས་སྡེ་དགེ་རྫོང་དང་། སྡེ་དགེ་རྫོང་ནས་དཀར་མཛེས་རྫོང་། དཀར་མཛེས་རྫོང་ནས་ཉག་རོང་རྫོང་སོགས་བརྒྱུད་དེ། མཚན་གྱི་དུས་ཚོད་དགུ་བ་ཡས་མས་སུ་ལི་ཐང་རྫོང་དུ་འབྱོར། 

ཚེ་མགོན་མའི་དབྱར་འཚེར།    
                               
ལི་ཐང་རྟ་རྒྱུགས།          
                                 
ལི་ཐང་གི་སྐྱ་རྩལ་བ།


༢ ལི་ཐང་དུད་སྟོང་བོད་སྡེ།
“ལི་ཐང་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དང་ལི་ཆུའི་སྟོད་རྒྱུད་ཀྱི་ས་ཆ་ཞིག་གི་མིང་ཡིན་པ་དང་།” དུད་སྟོང་བོད་སྡེ་ནི་ལི་ཐང་གནའ་གྲོང་དུ་གནས་བཅས་པའི་གནའ་བོའི་ཚོ་སྡེ་ཞིག་ཡིན་ཞེས་གླེང་། དུས་སྟོང་བོད་སྡེ་ཞེས་པ་འདི་ཡང་དེང་སང་གསར་དུ་མིང་བཏགས་པ་ཞིག་ཡིན་བཟོ་འདུག གནས་འདི་ནི་རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་དཔོན་ཆེན་ཨ་ལོ། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་སོགས་སྐྱེས་བུ་དམ་པ་མང་དུ་འཁྲུངས་པའི་གནས་ཡིན་པས། ད་ལྟ་ཡུལ་སྐོར་གྱི་ལྟེ་གནས་ཤིག་ཏུ་ཆགས་ཏེ་ངོ་སྤྲོད་འདི་ལྟར་བྱས་ཡོད། ལི་ཐང་གནའ་གྲོང་། དུད་སྟོང་བོད་སྡེ་ཞེས་བྱ་བ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་མཆོག་གི་འཁྲུངས་ཡུལ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ་ཁྲོད་ལུང་བསྟན་པའི་ཡང་སྲིད་འཁྲུངས་ཡུལ་ཡང་ཡིན། མཛེས་ལྗོངས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ 1.5 ཡོད་པ་དང་། ནུབ་ཕྱོགས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཆུ་ཡོད་ལ། ལྷོ་ནས་བྱང་སྦྲེལ་ཏེ་གཟིམ་ཁང་གནའ་གྲོང་དང་པདྨའི་ཞིང་ས། བྱམས་ཆེན་ཆོས་འཁོར་གླིང་སོགས་དམངས་སྲོལ་རིག་གནས། ཆོས་ལུགས་སོགས་ཀྱི་ལྗོངས་ཁུལ་ཡོད་པ་དང་། ཤར་ཕྱོགས་སུ་སངས་རྒྱས་ཚེ་དཔག་མེད་ཀྱི་ཚེ་ཆུ་ནི་ཚར་དུ་དངར་བའི་དུད་སྡེའི་དབུས་སུ་བཞུར་གྱིན་ཡོད། ལྗོངས་ཁུལ་དུ་བོད་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་ཞིང་འདུས་སྡོད་ཆེས་ཆེ་བའི་བོད་སྡེ་ཡོད་པས། མང་ཚོགས་སྟོང་ཕྲག་འཛོམས་པའི་བོད་སྡེ་ཡིན། གནའ་ནས་བཟུང་ཚོང་བ་མང་པོའི་ཚོང་འདུས་བྱེད་ཡུལ་དང་། འདི་ན་བོད་རིགས་སྲོལ་རྒྱུན་འཚོ་བའི་ཁ་མདངས་མ་ཉམས་པར་སྔར་བཞིན་གནས་ཡོད་པ་རེད། གཟིམ་ཁང་ཁང་རྙིང་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐུ་འཁྲུངས་ཡུལ་དང་སྨར་ཁམས་སྤྲུལ་སྐུའི་བཞུགས་གནས། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་དང་དཔོན་ཆེན་གྱི་བཞུགས་གནས། རྒྱ་རིགས་ཁང་རྙིང་། བྱམས་ཆེན་ཆོས་འཁོར་གླིང་། ནང་སོ་དར་རྒྱས་བོད་སྨན་དང་བོད་སྤོས་ཁང་སོགས་མཁའ་དབྱིངས་གྲོང་ཁྱེར་གྱི་སྐར་ཚོགས་ལྟར་རྣམ་པར་བཀྲ་ཞིང་། རྒྱུན་རིང་བའི་གྲོང་ཁྱེར་འདིའི་ལོ་རྒྱུས་ཀྱི་དཔང་པོ་ཡིན། གནས་འདི་རུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་སོག་པོའི་དབུ་བླ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་གསུམ་པ། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ། འཕགས་པ་ལྷ་སྐུ་ཕྲེང་བདུན་པ། དཔོན་དྲིན་ཆེན་སོགས་སྐྱེས་ཆེན་དམ་པ་དང་རྒྱལ་གཅེས་དམག་དཔོན་གང་མང་བྱོན་མྱོང་བ་རེད། གནས་འདི་ནི་ཆོས་ལྡན་གྱི་གནས་མཆོག་དང་བཀྲ་ཤིས་པའི་ཡུལ་ཁམས། བསོད་ནམས་ཀྱི་ཞིང་ས་བཅས་ཡིན་ནོ། །ཞེས་རྒྱ་བོད་དབྱིན་གསུམ་གྱིས་ངོ་སྤྲོད་བྱས་འདུག ང་ཚོ་མགྲོན་ཁང་ནས་བུད་དེ་སྤྱི་ལེ་གཅིག་གི་ལམ་ཐག་བརྒྱུད་ནས་གཟིམ་ཁང་ཁང་རྙིང་གི་ཕྱོགས་སུ་གོམ་ཁ་བསྒྱུར། གཟིམ་ཁང་ཁང་རྙིང་གི་སྒོ་ནས་རྩོམ་གྲོགས་ཆུ་ཐིགས་ལགས་དང་མཇལ་སོང་།

དུད་སྟོང་བོད་སྡེའི་ཡུལ་སྐོར་དཔེ་རིས།
 

༣ རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་ཁོང་གི་འཁྲུངས་གཞིས།
 
རྒྱལ་དབང་སྐལ་བཟང་རྒྱ་མཚོའི་འཁྲུངས་གཞིས་ལ་འབྱོར་ཚེ། ང་ཚོས་ཡང་སྲིད་དང་གསང་ཕེབས། འཐབ་འཁྲུག་སོགས་ཐ་སྙད་ཁ་ཤས་དྲན་ཡོང་། སྐབས་འདིར་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་སྐྱེ་གོང་མ་དང་འབྲེལ་ཏེ། ལོ་རྒྱུས་ཀྱི་བྱུང་བ་འགའ་ཤས་བརྗོད་པར་བྱའོ། །
རྒྱལ་པོ་ལྷ་བཟང་ཁཱང་གི་སྔོན་རབས་པ་གི་ཤྲི་བསྟན་འཛིན་ཆོས་རྒྱལ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་བཀའ་དྲིན་གཞན་ལས་ཆེ་བའི་ལྔ་བ་ཆེན་པོ་ཟུང་ནི། བཀའ་གྲོས་གཅིག་ཏུ་མཐུན་པའི་མཆོད་ཡོན་དམ་པ་ཡིན་ཡང་། ཁོང་རྣམ་གཉིས་སྤྱི་ལོ་དུས་རབས་བཅུ་དྲུག་པའི་སྨད་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་རྗེས་སུ། ལྷ་བཟང་ཁཱང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ནི་མི་མཐུན་པའི་སྦྱོར་བ་སྣ་ཚོགས་ཀྱི་བར་དུ་ལྷག རྐྱེན་དེའི་དབང་གིས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དྲུང་དུ་གོང་ས་ཐམས་ཅད་མཁྱེན་པའི་དབུས། པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་མགྲོན་གཉེར་དཀའ་ཆེན་རྡོ་རྗེ་སོགས་གཞུང་ཞབས་གནད་ཡོད་མང་པོ་འཚོགས་ཏེ། “སྡེ་སྲིད་རིན་པོ་ཆེས་གཞུང་སྲིད་ཀྱི་ཐུགས་འགན་དགོངས་ཞུ་གནང་སྟེ་གསོལ་སྐལ་དུ་གོང་དཀར་རྫོང་འབུལ་རྒྱུ་དང་། ལྷ་བཟང་ཁཱང་རྒྱལ་བོའི་མཚན་གནས་རང་འཇགས་ཐོག་མཚོ་ཁར་བཞུགས་ཏེ་གཞུང་གི་རྒྱལ་པོའི་ཐབ་རྟེན་དང་། སུ་ཧྲུག (ཤེ་ཁག) ཁག་གི་འབབ་སྒོ་རྣམས་དུས་ཐོག་འབུལ་རྒྱུ་བཅས་ལ་གྲོས་འཆམ་གྱིས་མཆོད་ཡོན་གཉིས་ཀས་དེ་དོན་དགོངས་བཞེད་གནང་སྟེ་སྡེ་སྲིད་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཤོལ་ནས་རིགས་སྲས་ངག་དབང་རིན་ཆེན་ལ་སྡེ་སྲིད་བསྐོ་གཞག་གནང” བའི་གྲོས་ཆིངས་འཇོག་དགོས་བྱུང་།
དེ་ལྟ་ན་ཡང་ལྷ་བཟང་ཁཱང་ཡངས་བ་ཅན་དང་། སྙེ་གྲོང་། འདམ་སོགས་ནས་དལ་བཞུགས་གནང་ཞིང་། གནས་དེ་དག་ནས་སོག་དམག་བསྡུས་ཏེ་ཕྱིར་ལྷ་སར་ལོག་རྒྱུར་གྲ་བསྒྲིགས་བྱས་པ་དང་། སྡེ་སྲིད་སངས་རྒྱམ་ལགས་ཀྱང་ཕོ་བྲང་དུ་བཞུགས་ཏེ་ལས་དོན་ལ་ཐུགས་བཀོད་གནང་བས། འདུམ་གྱི་གྲོས་ཆོད་ལ་ཕྱི་ཚུལ་ནས་ཁས་ལེན་ཙམ་ལས། མཇུག་འབྲས་དོན་སྨིན་མ་བྱུང་བར་སྔར་བཞིན་འགལ་འདུའི་ར་བར་ལུས། སྡེ་སྲིད་ཕོ་བྲང་དུ་བཞུགས་པའི་གནས་ཚུལ་དེའི་དབང་གིས། ལྷ་བཟང་ཁཱང་གིས་ལྷ་སར་དམག་གི་དཔུང་དངོས་སུ་བཤམས་པའི་མགོ་བརྩམས་ཏེ། དམག་ཁག་གཅིག་བཙུན་པོ་བཀྲ་ཤིས་ཚེ་རིང་གིས་ཁྲིད་དེ་ཡངས་ཅན་བརྒྱུད་སྟོད་ལུང་སྣང་རྩེར་འབྱོར། དམག་ཁག་དེས་གོང་དཀར་དུ་ཕེབས་བཞིན་པའི་སྡེ་སྲིད་བཟུང་སྟེ། སྣང་རྩེ་ནས་དབུ་བཅད་དེ་བཀྲོངས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་བསྟོད་ལུང་དུ་མགྱོགས་སྟབས་ཀྱིས་ཕེབས་ཀྱང་བཙུན་མོའི་དམག་གི་སྔོན་མ་ཆོད། 
དེ་ལྟར་སྤྱི་ལོ ༡༧༠༥ ལོར་རྒྱལ་བོ་ལྷ་བཟང་ཁཱང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བར་གྱི་སེལ་བར་དཀའ་བའི་འགྲན་རྩོད་དེའི་དབང་གིས་སྡེ་སྲིད་མཆོག་དབུ་ཉེས་བྱུང་རྗེས། ལྷ་བཟང་ཁཱང་གིས་སྡེ་སྲིད་ཀྱིས་ཐུགས་ཀྱིས་བསྐྱངས་བའི་ཚངས་དབྱངས་རྒྱ་མཚོ་རྒྱལ་བ་ལྔ་བའི་ཡང་སྲིད་དུ་ཁས་ལེན་མ་བྱས་པར། ལྕགས་པོ་རིར་བཞུགས་པའི་བླ་མ་ཞིག་ལ་རྒྱལ་བ་སྐུ་ཕྲེང་དྲུག་པའི་ཆོ་ལོ་གནང་སྟེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། མཚན་ལ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་ཞུ། དེ་ནི་ལྷ་བཟང་ཁཱང་གིས་རང་འདོད་ལྟར་བྱས་པའི་ལས་ཤིག་ལས་མ་འདས་པས། བོད་རིགས་དད་ལྡན་པ་ཚོའི་ཐལ་མོ་རྟག་པར་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཕྱོགས་སུ་སྦྱར། ལྷ་བཟང་ཁཱང་གིས་ཚངས་དབྱངས་རྒྱ་མཚོ་བཟུང་སྟེ་སོག་ཡུལ་དུ་ཁྲིད་པ་ཡིན་མོད། མཐར་མདོ་སྨད་ཀྱི་ཀུན་དགའ་ནོར་ནས་དགོངས་པ་རྫོགས། རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་གོང་མ་ནི་མཛད་པ་སྣ་མང་ཞིང་། ཆབ་སྲིད་པའི་མི་མཐུན་འཐབ་འཁྲུག་གི་བར་ནས་སྐུ་ཚེགས་མང་དུ་མྱངས་ཏེ། མཐར་བཙོན་པའི་ཚུལ་གྱིས་སྐུ་གཤེགས་པ་ཞིག་ཡིན། ཁོང་གི་སྤྲུལ་སྐུ་ལི་ཐང་ནས་འཁྲུངས་སྐབས་ཀྱང་། སྔར་གྱི་འཐབ་རྩོད་ཀྱི་འགལ་རྐྱེན་སྔར་བཞིན་ལྷག་པས། ཁོང་ཉིད་སྐུ་སྐྱེ་སྔོན་མ་རྣམས་བཞིན་གསེར་ཁྲིར་ཕེབས་ཐབས་མ་བྱུང་།
རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ནི་ལོ ༡༧༠༧ ལོའི་ཟླ ༧ ཚེས ༡༩ ཉིན་ཁམས་ལི་ཐང་དུ་འཁྲུངས། ལྷ་བཟང་ཁཱང་གིས་ཡང་སྲིད་གར་འཁྲུངས་སུ་དོགས་དཔྱོད་བྱེད་མི་མངགས་པས། རྒྱལ་བ་སྐལ་བཟང་རྒྱ་མཚོ་མཆོག་གསང་སྟབས་ཀྱིས་སྡེ་དགེ་དང་མཚོ་སྔོན་སོགས་བརྒྱུད་སྐུ་འབུམ་དུ་ཞབས་སོར་འཁོད། ལོ་རྒྱུས་ཀྱི་འཕོ་འགྱུར་ནི་གང་གིས་ཀྱང་ཚོད་དཔག་བྱ་ཐབས་བྲལ་བས། ལྷ་བཟང་ཁཱང་དང་སོག་པོ་འཇུན་སྒར་བའི་བར་དུ་འཐབ་འཁྲུག་གི་མེ་ལྕེ་འབར། འཇུན་སྒར་བའི་དམག་དཔོན་ཚེ་རིང་དོན་གྲུབ་ཀྱིས་བག་སྟོན་ལ་ཁ་གཡར་ཏེ་ལྷ་བཟང་ཁཱང་དང་ཁོའི་དཔུང་རྣམས་དམར་གསོད་བྱས་ཤིང་། ལྷ་སའི་སྲིད་དོན་རེ་ཞིག་ཅུང་གར་ཚེ་རིང་དོན་གྲུབ་ཀྱི་ལག་ཏུ་སོན། དེ་ལྟ་ན་ཡང་སྟོད་ཕྱོགས་ནས་ཁཱང་ཆེན་པ་བསོད་ནམས་རྒྱལ་བོས་འཇུན་སྒར་བར་ངོ་རྒོལ་གྱི་ཡོ་ལང་གསང་སྟབས་ཀྱིས་བཤམས་པ་དང་། སྨད་ཕྱོགས་ནས་སྦྱིན་བདག་བསྟན་འཛིན་ཆིང་ཝང་དང་། དགའ་ལྡན་ཇུ་ནང་གི་གཙོའི་མཚོ་སྔོན་ཕྱོགས་ཀྱི་དཔོན་ཁག་མང་པོས་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གདན་དྲངས་ཏེ་ལྷ་སར་བསྐྱོད། འཇུན་སྒར་བ་ལྷ་ས་ནས་མཐར་སྤྲོད་བཏང་སྟེ་སྤྱི་ལོ ༡༧༢༠ ལོའི་ཟླ ༩ ཚེས ༡༥ ཉིན་རྒྱལ་བ་སྐུ་ཕྲེང་བདུན་པ་མཆོག་གསེར་ཁྲིར་མངའ་གསོལ་བའི་ལས་དོན་ལེགས་པར་གྲུབ། ཁོང་ཉིད་དབུས་དང་རྒྱང་ཐག་རིང་བའི་ཁམས་ལི་ཐང་ནས་འཁྲུངས་ཤིང་། ལྷ་སར་ཕྱག་མ་ཕེབས་བར་དུ་སྐུ་ཚེགས་མང་དུ་མྱོང་བར་མ་ཟད། ལྷ་སར་སྐུ་བཞུགས་རིང་ལ་ཡང་དོན་དག་སྣ་ཚོགས་ཀྱི་དབང་གིས་མགར་ཐར་སོགས་སུ་ཕེབས་དགོས་བྱུང་བ་སོགས། ཆེན་པོའི་གོ་ཐོབ་ཐོབ་ཀྱང་སྐུའི་མཛད་རིམ་གྱི་ཁྲོད་ནས་ཁོང་གིས་སྐུ་ངལ་མང་དུ་མྱངས་བའི་ལོ་རྒྱུས་ཡོད།
ཟླ ༧ པའི་ཚེས ༡༡ ཉིན་གྱི་ཞོགས་པའི་དུས་ཚོད་བཅུ་བ་ཡས་མས་སུ་ང་ཚོ་མགྲོན་ཁང་གི་སྒོར་བུད་པ་ན། མཚན་ལ་བབས་པའི་ཆར་བས་ལི་ཐང་གི་ཁ་དབུགས་རློན་བག་ཅན་ཞིག་ཏུ་བསྒྱུར་འདུག རྒྱུན་མི་ཆད་པའི་རླངས་འཁོར་གྱི་འགྲུལ་བཞུད་དང་འགྲོགས་ཏེ་གོམ་པའི་སྣེ་མོ་རྒྱལ་བ་སྐུ་ཕྲེང་བདུན་པའི་འཁྲུངས་གཞིས་སུ་གཏད། སྤྱི་ལེ་གཅིག་དང་རྨིད་གཅིག་གི་ལམ་ཐག་བརྒྱུད་རྗེས་ལི་ཐང་གནའ་གྲོང་ཞེས་ལམ་རྟགས་བཀོད་པའི་གནས་སུ་འབྱོར། གནས་དེའི་ཁང་བའི་བཟོ་དབྱིབས་ནི་ལི་ཐང་གི་སྔོན་མའི་ལུགས་སྲོལ་སོར་བཞག་བྱས་པ་དང་། སྔོན་གྱི་ཁང་རྙིང་མང་པོ་མ་བཤིག་པར་ཡུལ་སྐོར་བྱ་སའི་གནས་སུ་བསྒྱུར་འདུག ལི་ཐང་གི་ཁང་བའི་བཟོ་སྟངས་ནི་དཀར་མཛེས་རྫོང་སོགས་ཀྱི་ཁང་བའི་བཟོ་དབྱིབས་དང་ཐག་ཉེ་བ་ཞིག་རེད། དབྱིབས་ནི་ཙོག་པོར་ཡོད་ཅིང་། བཟོ་སྟངས་དང་རྣམ་པ་སོགས་ལྷ་སའི་ཕྱོགས་ཀྱི་ཁང་བའི་བཟོ་དབྱིབས་དང་ཆ་འདྲ་བ་ཞིག་རེད། སྤྱིར་ན་ད་ལྟའི་གནས་རྙིང་ལ་ལ་བཞིན་ཡོད་ཚད་གསར་རྐྱང་དུ་བསྒྱུར་བ་ལས་ལེགས་མོད། ཡུལ་སྐོར་ལྟེ་གནས་ཞེས་པའི་ཐ་སྙད་དེའི་རྒྱབ་ལྗོངས་སུ་མི་མངོན་པའི་རང་འདོད་ཀྱི་སྡིག་ལག་མང་པོ་ཞིག་བརྐྱངས་ཡོད་པའི་ཚོར་བ་ཡང་སྦྱིན། གང་ལྟར་ཡང་། ལི་ཐང་གནའ་གྲོང་དུ་རྒྱལ་མཆོག་སྐུ་ཕྲེང་བདུན་པའི་འཁྲུངས་གཞིས་ཡོད་པས་གང་སར་སོང་ཡང་། ཡུལ་སྐོར་བ་རྒྱ་མི་དག་གི་ཨ་གསར་གྱི་འཚང་ཁ་མང་དུ་མཐོང་སྲིད་པ་ལྟར། ལི་ཐང་གནའ་གྲོང་གི་སྲང་ལམ་རེ་རེ་ན་བོད་ལྭ་ཆལ་ཆོལ་ཞིག་གྱོན་ཞིང་། མ་ཎིའི་འཁོར་ལོར་ལག་པ་འཇུས་པ་དང་། ལག་གཉིས་ཐལ་མོ་སྦྱར་ཏེ་པར་མིག་གི་ཁ་གཏད་ན་འགྲེང་བ་ནི་བགྲངས་ལས་འདས། རྒྱལ་བ་སྐུ་ཕྲེང་བདུན་པའི་འཁྲུངས་གཞིས་ནས་སྔ་གཞུག་ཏུ་སྤྲུལ་སྐུ་བཅུ་གསུམ་འཁྲུངས་ཞེས་ཁ་རྒྱུན་དུ་བཤད།

རྒྱལ་སྐལ་བཟང་རྒྱ་མཚོའི་གཟིམ་ཁང་ཁང་རྙིང་གི་མདུན།
 
ང་ཚོ་རྡོ་བ་ཆེན་པོ་ཞིག་གི་ངོས་སུ་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་འཁྲུངས་གཞིས་ཞེས་གསལ་ལེར་བྲིས་པའི་ལམ་མདོ་དེ་ནས་ཡར་བཞུད། གཡས་གཡོན་དུ་འགྲེམ་སྟོན་ཁང་དང་ཁོ་ཧྥེ་ཁང་སོགས་འདུག དེ་དག་རྒྱབ་ཏུ་བཞག་ཅིང་མདུན་གྱི་མ་ཎིའི་འཁོར་ལོ་དེ་དག་གཡས་སུ་སྐོར་ནས་སོང་བ་ན། གཟིམས་ཁང་གི་སྒོར་བསླེབས་ཐུབ་འདུག གཟིམས་སྒོའི་གཡས་སུ་གཟིམས་ཁང་ཁང་རྙིང་ཞེས་རྡོ་བའི་ངོས་སུ་བྲིས་པ་ཞིག་དང་། གཡོན་དུ་རྒྱལ་བ་སྐུ་ཕྲེང་བདུན་པའི་འཁྲུངས་ཡུལ་ཞེས་རྡོ་བ་གཞན་ཞིག་གི་ངོས་སུ་བརྐོས་འདུག གཟིམས་ཁང་གི་སྒོ་ནས་ཡར་འཛུལ་ཏེ་གཡོན་ཕྱོགས་ཀྱི་ས་ཁང་རྙིང་བ་དེ་ནི་ཁོང་ཉིད་སྐུ་འཁྲུངས་སའི་གནས་ངོ་མ་ཡིན་ཟེར། ནང་དུ་འཛུལ་མ་ཐག་ཐོག་མར་འབྲོག་པའི་ཁྱིམ་ཆས་སྐོར་གྱི་ཅ་ལག་སྣ་ཚོགས་ཤིག་མིག་མདུན་དུ་ལྷགས་ཡོང་། དེ་དག་གི་གཡས་ཀྱི་བར་ཁྱམས་ནས་སོང་ཞིང་སླར་ཡང་གཡོན་གྱི་སྒོ་ནས་ནང་དུ་འཛུལ་བ་ན་དར་སྣ་ཚོགས་ཀྱིས་ཀ་བ་གཡོག་ཅིང་། གྱང་ངོས་དང་གནམ་དཀྱིལ་དུ་ནག་དྲེགས་ཆགས་པའི་ཁང་མིག་རྙིང་བ་ཞིག་ཏུ་བསླེབས། དེ་ནི་ཁོང་ཉིད་སྐུ་བལྟམས་སའི་གནས་ཡིན་འདུག ངག་རྒྱུན་དུ་རྒྱལ་བ་སྐལ་བཟང་རྒྱ་མཚོ་ནི་གཡོག་མོ་ཞིག་གི་སྲས་སུ་འཁྲུངས་བས། ཁོང་ཉིད་སྐུ་བལྟམས་ས་དེ་མི་གྲགས་དེ་ཚང་གི་རྟ་ར་རེད་ཟེར། སྐྱེས་བུ་དམ་པ་གང་དུ་འཁྲུངས་བའི་གནས་ནི་ག་ཙམ་མི་སྡུག་པ་ཞིག་ཡིན་ཡང་། དེ་ནས་བཟུང་ཀུན་པོའི་ཕྱག་གི་ཡུལ་དང་དད་པའི་གསོས་སུ་གྱུར་ངེས་པ་ལྟར། སྔོན་ཆད་བཞོན་རྟ་འདོགས་སའི་གནས་དེ་ནི་ད་ལྟ་ཀུན་གྱིས་གསོལ་འདེབས་ཀྱི་ཚན་ཁ་འབར་ཞིང་། ཕྱག་མཆོད་ཀྱི་དད་པའི་ཡུལ་ཞིག་ཏུ་གྱུར་འདུག ཁང་རྙིང་དེའི་དཀྱིལ་དུ་ཤེལ་གྱི་སྒམ་ཞིག་བཞག་འདུག དེ་ནི་ཁོང་གི་ལྟེ་ཁྲག་འཕོ་སའི་གནས་ཡིན་འདུག ཤེལ་སྒམ་དེའི་ནང་དུ་ཁོང་གི་འདྲ་སྐུ་སོགས་བཞུགས། བར་ཁྱམས་ཀྱི་ལྡེབས་རིས་སུ་རིག་འཛིན་ཚངས་དབྱངས་རྒྱ་མཚོས “བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་སྐོར་ནས་ཕེབས་ཡོང་། །” ཞེས་གསུངས་བའི་མགུར་གྱི་དོན་བསྟར་སྟངས་ལྟར་བྲིས་འདུག དེ་ནི་དཔེར་ན་འདི་ལྟ་སྟེ། པོ་ལ་ཏའི་དབུ་རྩེ་ནས་ཁྲུང་ཁྲུང་ཞིག་འཕུར་ཞིང་ལི་ཐང་གི་མི་གྲགས་དེ་ཚང་གི་རྟ་རའི་ནང་དུ་བབས་འདུག བུ་མོ་ཞིག་གིས་སོ་མར་སྐྱེས་པའི་ཕྲུ་གུ་པང་དུ་འཆང་ཞིང་ཁང་ཁྱིམ་དེར་མེ་ཏོག་གི་ཆར་བབས་པ་བྲིས་འདུག་པ་ལྟ་བུ་རེད། 
འབྲོག་པའི་ཡོ་བྱད་སྣ་ཚོགས་བཤམས་པའི་ཁང་མིག་དེའི་གཡས་ཀྱི་རྐས་ཐེམ་བརྒྱུད་དེ་ཐོག་ཁར་མཇལ་ཆོག་ཀྱང་། ལམ་བཀག་འདུག ཁང་བདག་རྒས་མོ་དེས་བཤད་པ་ལྟར་ན། རྒྱ་མི་ཚོ་ཐོག་ཁར་མཇལ་དུ་བཏང་ན་ཚོད་མེད་པར་མི་མང་པོ་ནང་དུ་བཙངས་ཡོང་བས། ཁང་རྙིང་ཡིན་པས་རྡིབས་ན་ཉེན་ཁ་ཆེ་བས་གཏོང་གིན་མེད་ཟེར། ང་ཚོ་ཆེད་དུ་མཇལ་སར་བཏང་བྱུང་། ཐོག་ཁ་རུ་ཁང་མིག་མི་འདྲ་བ་གསུམ་ཙམ་ལ་མཇལ། གཅིག་ནི་དཔེ་གཟིགས་ཁང་ལོས་ཡིན་སྙམ་པ་ཞིག་དང་། གཞན་ཞིག་གི་གཟིམས་ཁང་རེད། གཟིམས་ཁང་གི་ནང་དུ་ཁོང་གི་གཟིམས་ཁྲི་དང་ན་བཟའ་སོགས་ལ་མཇལ། དེ་མིན་ཁང་མིག་གཅིག་ནི་ཐབ་ཚང་སྟེ། ནང་དུ་སྒྱེད་པུ་དང་ཐབ་ཆས། དཀར་ཡོལ་དང་དངོས་པོ་ཙག་ཙིག་འཇོག་གནས། མདུན་ཅོག་སོགས་སྔར་བཞིན་མ་སྒུལ་བར་བཞག་འདུག གཟིམ་ཁང་ཁང་རྙིང་དེའི་ཐོག་ཁར་ཁང་མིག་གསུམ་དང་འོག་ཤོད་དུ་གཉིས་བཅས་ཡོད། ཁང་རྙིང་དེའི་ར་སྐོར་ནང་དུ་ལྷ་ཁང་ཞིག་ཀྱང་བཞེངས་འདུག་ལ། དེ་ནི་ཕྱིས་སུ་བཞེངས་བ་རེད་ཟེར། རྒྱལ་བ་སྐལ་བཟང་རྒྱ་མཚོ་མཆོག་དེ་ལྟར་ལི་ཐང་གི་ཆེས་ཕལ་བའི་རྟ་ར་ཞིག་ནས་འཁྲུངས་ཏེ་ལི་ཐང་གི་བར་སྣང་ལ་བསྐལ་བའི་བར་དུ་ཤར་བའི་བསིལ་ཟེར་འཕྲོ་བའི་ཟླ་བ་ཞིག་ཏུ་གྱུར།

ང་ཚོའི་མཉམ་པར།        
                                      
ལི་ཐང་གི་གྲོགས་པོ་ཆུ་ཐིགས། 
རྒྱལ་བ་སྐལ་བཟང་རྒྱ་མཚོའི་གཟིམ་ཤག་ལ་མཇལ་གྲུབ་རྗེས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་དང་དཔོན་ཆེན་ཨ་ལོའི་གཟིམ་ཤག་ལ་མཇལ་བ་ཡིན། ཁོང་རྣམ་གཉིས་ནི་སྤུན་ཡིན་པར་མ་ཟད། ད་དུང་སྤུན་གཞན་ཞིག་ཡོད་རེད་ཟེར་ཡང་ཡིད་ལ་མ་ཟིན། གཟིམ་ཤག་དེར་ཁང་བ་ཆེ་ཙམ་ཞིག་གསར་དུ་བཟོ་བཞིན་པའི་སྒང་རེད། ང་ཚོས་མཇལ་སྐོར་གྲུབ་རྗེས། ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་རིག་གནས་བཤམས་སྟོན་ཁང་ཞིག་ཡོད་པ་དེར་སོང་བ་ཡིན།
 

༤ “མཁའ་དབྱིངས་གྲོང་ཁྱེར་སྙན་ངག་ཁང་།”
 
མཁའ་དབྱིངས་གྲོང་ཁྱེར་སྙན་ངག་ཁང་ནི་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་རིག་རྫས་བཤམས་སྟོན་ཁང་གི་ཁ་བྱང་ཡིན། བཤམས་སྟོན་ཁང་འདི་ནི་ཐོག་ཤོད་དང་འོག་ཤོད་གཉིས་ཀྱིས་གྲུབ་པ་ཞིག་རེད། འོག་ཤོད་དུ་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་རིག་རྫས་སྣ་ཚོགས་དང་མགུར་གླུའི་ཐང་ཀ་ཁ་ཤས། ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དུ་འཁོད་པ་ལྟར། ཁོང་ཉིད་ཀུན་དགའ་ནོར་ནས་སྐུ་མ་གཤེགས་པར་གནས་མང་པོར་ཕེབས་སྐབས། མགོ་མེད་པའི་མི་སོགས་ཁྱད་མཚར་གྱི་སེམས་ཅན་སྣ་ཚོགས་མཐོང་ཞེས་གསུངས་བའི་མཐོང་སྣང་དུ་བྱུང་བ་འགའ་ཡི་བྲིས་རིས་སོགས་བཤམས་འདུག སྟེང་ཤོད་ནི་སྤྱིར་ན་ཇ་ཁང་འདྲ་བ་ཞིག་ཡིན་མོད། ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་མགོ་འཁོར་ཕོ་བྲང་”ཞེས་རས་དཀར་མང་པོ་ཞིག་ཏུ་ཚངས་མགུར་སྣ་ཚོགས་བྲིས་ཏེ་ཁང་བའི་ནང་ནས་མར་བྱིང་འདུག དེ་དག་གི་གསེང་དུ་སོང་ན་ཕྱོགས་གང་སར་འཁོར་ཡང་ཚངས་མགུར་ཀློག་ཐུབ་ཀྱིན་འདུག ད་དུང་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་ཞིབ་འཇུག་པ་དང་ཚངས་མགུར་ཡིག་སྒྱུར་བ་སྟེ། ཕྱི་ནང་གི་མི་སྣ་གྲགས་ཅན་འགའ་ཤས་ཀྱི་ངོ་སྤྲོད་དང་པར་རིས། བརྩམས་ཆོས་ཀྱི་དེབ་སོགས་འདུག ཚངས་དབྱངས་རྒྱ་མཚོ་ནི་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་སྐྱེ་སྔོན་མ་ཡིན་པར་མ་ཟད། གསང་རྣམ་གྱི་དགོངས་དོན་ལྟར་ཁོང་ཉིད་གནས་གཞན་དུ་གཤེགས་སྐབས་ལི་ཐང་དུ་ཕེབས་རབས་ཡོད་པས། བཤམས་སྟོན་ཁང་འདི་ཡང་ཡུལ་སྐོར་ལྟེ་གནས་གལ་ཆེན་ཞིག་ཅི་ལ་མིན།


མཁའ་དབྱིངས་གྲོང་ཁྱེར་སྙན་ངག་ཁང་གི་ཕྱི་ནང་གི་བཀོད་པ།
 
ཁྱི་རྒན་རྒྱ་བོ་ཟེར་བ། །རྣམ་ཤེས་མི་ལས་སྤྱང་པ། །སྲོད་ལ་ཕྱིན་སོང་མ་ཟེར། །ཐོ་རངས་ལོག་བྱུང་མ་ཟེར། །” “མེ་ཏོག་ནམ་ཟླ་ཡལ་སོང་། །གཡུ་སྦྲང་སེམས་པ་མ་སྐྱོ། །བྱམས་པའི་ལས་འཕྲོ་ཟད་པར། །ང་ནི་སྐྱོ་རྒྱུ་མི་འདུག །ཁོང་ཉིད་ཀྱིས་སྡེ་སྲིད་ཀྱི་བཀའ་དང་རྒྱབ་ཀྱིས་ཕྱོགས་ཏེ་ཐུན་མོང་མི་དཔོན་གྱི་ཆ་ལུགས་སྤྲས་པ་དང་། ཆང་བཞེས་པ། བུད་མེད་བསྟེན་པ་སོགས་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་འཇིག་རྟེན་དཀར་ནག་མགུར་དུ་བཞེངས་ཏེ། ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ཐོལ་གྱིས་གཤེགས་ཤིང་དུས་རབས་ཉེར་གཅིག་ཏུ་བསླེབས་ན་ཡང་། སྔར་བཞིན་མི་སེམས་འགུག་པའི་ཡིད་འོང་གི་སྙན་ངག་མང་པོ་ཞབས་རྗེས་སུ་བཞག་ཡོད། མཁའ་དབྱིངས་གྲོང་ཁྱེར་སྙན་ངག་ཁང་ནས་ཕྱིར་བུད་པ་ན། ཉིན་གུང་གི་དུས་ཚོད་དང་པོར་བསླེབས་འདུག ང་ཚོ་ལི་ཐང་བྱམས་པ་གླིང་དུ་སོང་བ་ཡིན། ལོ་རྒྱུས་སུ་རྒྱལ་བ་སྐལ་བཟང་རྒྱ་མཚོ་སྐུ་གང་དུ་འཁྲུངས་བའི་གནས་བརྗོད་སྐབས “མདོ་སྟོད་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཆོས་སྡེའི་ཞོལ་གྲོང་དུ” ཞེས་གསལ་བར་དཔགས་ན། ང་ཚོས་ད་སྔོན་མཇལ་བའི་གནས་དེ་ནི་དུད་སྟོང་བོད་སྡེའི་མངའ་ཁོངས་ཡིན་པ་དང་། ལི་ཐང་དགོན་ཆེན་དང་དུད་སྟོང་བོད་སྡེ་གཉིས་ཀྱི་བར་ཐག་ཉེ་བ་ཞོལ་ཞེས་པའི་ཐ་སྙད་དེས་མཚོན་འདུག
 

ལི་ཐང་དགོན་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ།
 
ལི་ཐང་དགོན་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ནི་སྤྱི་ལོ ༡༥༨༠ ལོར་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་ནས་ལི་ཐང་ཕྱོགས་སུ་བྱོན་སྐབས། “འཇང་ས་ཐམ་རྒྱལ་པོས་དགོན་པ་འདེབས་པའི་འུལ་ལག་དང་། ཤིང་བཟོ་བ་སོགས་འབུལ་རྒྱུའི་འགན་ལེན་ཞུས་པ་དང་། དགའ་ལྡན་ཕོ་བྲང་ནས་དབུས་གཙང་གི་རྡོ་ཤིང་། ལྕགས་ཟམ་གསེར་དངུལ་སོགས་ཀྱི་བཟོ་པ་དང་། བལ་པོའི་ལྷ་བཟོ་སོགས་གཏོང་གནང་མཛད་པ་རྣམས་ཀྱང་བདེ་བར་འབྱོར།” བ་དང་ “ཟླ ༥ ཚེས ༡༢ ནས་གཙུག་ལག་ཁང་རྟེན་དང་། བརྟེན་པ་བཅས་པའི་ལས་གྲྭ་ཚུགས” ཏེ་ལེགས་པར་བཞེངས་གྲུབ་རྗེས་དགོན་པའི་མཚན་ཡང་གསོལ་གནང་མཛད། ལི་ཐང་དགོན་དུ་སྐབས་དེར་རྒྱལ་བ་བསོད་ནམས་རྒྱ་མཚོས་བཞེངས་བའི་དགོན་པའི་རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་མཐོ་རེ་བཞི་པ་དེ་མཇལ་རྒྱུ་ཡོད། ལོ་ངོ་བཞི་བརྒྱ་ཞེ་གསུམ་གྱི་ལོ་རྒྱུས་ལྡན་པའི་དགོན་སྡེ་འདིར་མཇལ་ཆེད། ང་ཚོ་དུད་སྟོང་བོད་སྡེ་ནས་སྤྱི་ལེ་གཅིག་ཙམ་ལ་སོང་རྗེས་དགོན་པའི་འདུ་ཁང་གི་སྒོར་འབྱོར། གནས་དེར་གྲྭ་བ་བརྒྱ་ཤོག་ཙམ་གྱིས་ཆོས་གསུང་བཞིན་འདུག རྡོ་སྐས་བརྒྱུད་དེ་འདུ་ཁང་དུ་མཇལ་བ་ཡིན། འདུ་ཁང་དེ་སྔོན་ཆད་མེར་ཤོར་མྱོང་ཞིང་རྗེས་སུ་བསྐྱར་བཞེངས་བྱས་པ་ཡིན་ཟེར། འདུ་ཁང་དེའི་ནང་དུ་ཚེ་དཔག་མེད་དང་རྗེ་རིན་པོ་ཆེ་སོགས་ཀྱི་སྟོང་སྐུ་མང་པོ་དང་། རྒྱལ་བ་བྱམས་པའི་སྐུ་ཆེ་ཙམ་ཞིག་མཇལ་རྒྱུ་འདུག ལྷ་ཁང་དེའི་གཡས་སུ་རྗེ་བཙུན་ཙོང་ཁ་པའི་སྐུ་ཐོག་རྩེག་གསུམ་ཡས་མས་ཟིན་པ་ཞིག་བཞེངས་བའི་རྗེའི་ལྷ་ཁང་དང་། དེའི་གཡས་སུ་རྗེ་བཙུན་བྱམས་མགོན་གྱི་སྐུ་ཆེ་ཙམ་ཞིག་བཞེངས་བའི་བྱམས་པའི་ལྷ་ཁང་ལ་མཇལ་རྒྱུ་འདུག ལྷ་ཁང་དེ་དག་ཏུ་བཞེངས་བའི་གྱང་ཐང་དང་གནམ་དཀྱིལ་ངོས་ཀྱི་དཀྱིལ་འཁོར་སོགས་བྲིས་པ་ཞིབ་ཚགས་ཤིང་། མཚོན་མདངས་རྣམ་པར་བཀྲ་བ་ཞིག་རེད། ལྷ་ཁང་དེ་གསུམ་མཇལ་རྗེས་དགོན་འདིའི་རྟེན་གྱི་གཙོ་བོར་མཇལ་བསམ་ཡང་། ཕྱིར་དྲོར་སླེབས་ཟིན་པས་མཇལ་མ་ཐུབ་པར་ཕྱིར་མགྲོན་ཁང་དུ་ལོག

ལི་ཐང་དགོན།          
                                     
རྒྱལ་བ་བྱམས་པའི་སྐུ།
སྤྱི་ཟླ 7 པའི་ཚེས 12 ཉིན་ང་ཚོའི་འགྲུལ་བཞུད་ཀྱི་གོམ་ཁ་སླར་ཡང་གཞན་དུ་བསྒྱུར་རན། ཡིན་ཡང་ལི་ཐང་དགོན་དུ་ད་དུང་རྟེན་གྱི་གཙོ་བོ་མཇལ་མེད་པས། ང་ཚོ་རླངས་འཁོར་དུ་བསྡད་དེ། ལི་ཐང་དགོན་པར་གཡས་སྐོར་བྱས་ཤིང་ཐད་ཀར་རྟེན་གཙོ་མཇལ་སའི་ལྷ་ཁང་གི་སྒོར་བསླེབས། ལྷ་ཁང་དེར་མཇལ་སྐོར་བས་ལི་ཐང་ཇོ་བོ་ཞེས་མཚན་བཏགས་འདུག ཇོ་བོ་ཞེས་པའི་ཐ་སྙད་འདི་ནི་རྒྱ་བཟའ་ཀོང་ཇོས་གདན་དྲངས་བའི་ཇོ་བོ་ཤཱཀྱ་མུ་ནེ་གནའ་ནས་བཟུང་བོད་མི་རྣམས་ཀྱི་སེམས་ན་མཆོག་གྱུར་གྱི་དད་པའི་གཞི་མར་གྱུར་ཡོད་པས། དཀའ་སྡུག་སྣ་ཚོགས་བརྒྱུད་དེ་མཇལ་སྐོར་དུ་འགྲོ་སྲོལ་ཡོད། དེའི་ཕྱིར་གནས་རེའི་བྱིན་ཆེན་གྱི་ཐུབ་སྐུ་རེ་ལ་ཇོ་བོ་ཞེས་མཚན་འདོགས་སྲོལ་འདུག དེ་ནི་ལོངས་སྐུའི་ཆ་ལུགས་ཅན་གྱི་ཐུབ་སྐུ་ལ་བརྗོད་པ་ཡིན་ནོ། །ཇོའི་སྐུའི་གཡས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་རྗེས་དང་སྐུ་ཐང་དང་གཡོན་དུ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞབས་རྗེས་དང་སྐུ་ཐང་བཤམས་འདུག ང་ཚོས་ལི་ཐང་ཇོ་བོ་མཇལ་རྗེས་དེ་དང་ཐག་ཉེ་བའི་རྒྱལ་བ་བྱམས་པའི་སྐུ་བཞུགས་པའི་ལྷ་ཁང་ཞིག་ལ་ཡང་མཇལ་བ་ཡིན། ལྷ་ཁང་དེའི་ནང་དུ་ཇོ་བོ་མཐོང་བ་དོན་ལྡན་བཞུགས།

རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞབས་རྗེས།
                         
ལི་ཐང་ཇོ་བོ།   
                      
རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞབས་རྗེས།                                                                         

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཙམ་ལ་ང་ཚོས་ལི་ཐང་རྒྱབ་ཀྱིས་བསྐྱུར་ཏེ་ཡུལ་སྐོར་གྱི་ཁ་ཕྱོགས་སྡེ་དགེར་གཏད། ལི་ཐང་ནས་འབའ་ཐང་རྒྱུད་སྐབས་སྔོན་མོ་གཡུ་ཡི་ཐང་ལ་སྣ་ཚོགས་པདྨའི་ཕྲ་རྒྱན་དང་། དེ་དང་འགྲན་པར་ནུས་པའི་རྟ་ནོར་ལུག་གསུམ་སོགས་དག་པའི་ཞིང་ཁམས་ནི་འདི་ལས་གཞན་ནི་ཅི་ཞིག་ཡིན་ཨང་སྙམ་པའི་གནས་མང་པོ་ལྟ་བ་མིག་གི་དགའ་སྟོན་དུ་གྱུར། ང་ཚོས་ལམ་ནས་ཐང་ཇ་བསྐོལ་བ་དང་འབའ་ཐང་གི་མཚོ་སྤུན་གཉིས་སོགས་གནས་ལ་ལ་ནས་དལ་འགོར་བྱས་ཏེ་དཔལ་ཡུལ་དུ་རྒྱུད་སྐབས་མུན་རུབ་འདུག མཚན་ལ་འགྲུལ་བཞུད་དགོས་དོན་མེད་པས་ནུབ་མོ་དེ་དཔལ་ཡུལ་ནས་བསྐྱལ།
 

སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ།
 
སྡེ་དགེ་ཞེས་གླེང་ཡོང་ཚེ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་པར་ཁང་ཆོས་མཛད་ཆེན་མོ་དང་དགེ་སྡེའི་འཇའ་ཚོན་སྡིག་ཐམ་ཞེས་སྡིག་པ་ར་ཙའི་ཐམ་ག་ཞིག་མིག་ལམ་དུ་འཆར་ཡོང་། ཟླ ༧ པའི་ཚེས ༡༣ ཉིན་ལེའུ་བར་གཅིག་བརྒྱ་ཡས་མས་ཀྱི་ལམ་ཐག་བརྒྱུད་དེ་ང་ཚོ་སྡེ་དགེར་འབྱོར། སྡེ་དགེའི་དམངས་ཀྱི་ཁང་བའི་བཟོ་རྩལ་ལི་ཐང་དང་དཔལ་ཡུལ། ཉག་རོང་སོགས་དང་མི་འདྲ་བ་ཞིག་རེད། ང་ཚོའི་ཕ་ཡུལ་དང་སྡེ་དགེའི་ཡུལ་གྱི་ཁང་བའི་བཟོ་སྟངས་ནི་དབྱིབས་འཇོང་ཞད་ཆེ་ཞིང་། ཀླད་དུ་དར་ལྕོག་བཙུགས་སྲོལ་ཉུང་བ་སོགས་གཅིག་པ་རེད། སྡེ་དགེའི་རྒྱལ་བོ་ནི་ཁམས་ཕྱོགས་ལ་ཡུན་རིང་དབང་བསྒྱུར་བའི་རྒྱལ་བོ་ཞིག་ཡིན་པ་ཀུན་པོས་མཁྱེན་གསལ་ལྟར་རོ། །སྡེ་དགེའི་རྒྱལ་བོ་ནི་བོ་ཐར་བཀྲ་ཤིས་སེང་གེའི་སྲས་མོ་གླིང་དཔོན་བདག་དྲུང་གིས་ཆུང་མ་བྱས་པའི་རྐྱེན་ལས་བྱུང་། གླིང་དཔོན་གྱིས་བོ་ཐར་བཀྲ་ཤིས་སེང་གེ་ལ་སྲས་མོའི་འབུལ་རྟེན་དུ་མཛོ་དོར་ཉིན་རྨོས་གཅིག་བྱིན་པ་དེ་ནི། “སྙན་མདའ་ཡན་དང་འཁོར་ལོ་མདོ་མན་གྱི་ཟིལ་རྒྱུད་ཆུ་ཡི་ཕར་ཚུར་གྱི་འབངས་སྡེ་དང་ས་ཞིང་ཐམས་ཅད” ཡིན་པས། གླིང་དཔོན་བདག་དྲུང་གི་བློར་མ་སོང་ཡང་ཁས་ལེན་ལྟར་བྱིན་པས་བློ་སྟོབས་ཀྱིས་དབང་དུ་བསྡུས་ཞེས་གསལ། བོ་ཐར་བཀྲ་ཤིས་སེང་གེ་ཐོག་མར་ཡུལ་ཟིལ་ཆུའི་ཉེ་འགྲམ་གྱི་དངུལ་མདའ་ཞེས་པར་གཞིས་ཆགས་ཤིང་། དེ་ནས་འབངས་སྡེ་དབང་དུ་བསྡུས་ཞེས་གསལ། སྐབས་དེར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དགོང་ལོ་གྱ་དྲུག་ལ་ཕེབས་པ་དེ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་དང་། རྟིང་སོར་ད་ལྟ་མཇལ་རྒྱུ་ཡོད་པའི་ཐང་རྒྱལ་ལྷ་ཁང་ཞེས་པ་དེ་ཡང་བཞེངས་བར་གྲགས། ཐང་རྒྱལ་ལྷ་ཁང་དུ་ང་ཚོ་མཇལ་དུ་སོང་བ་ཡིན་ལ། ལྷ་ཁང་ནང་དུ་ཐང་སྟོང་རྒྱལ་བོའི་འདྲ་སྐུ་ང་འདྲ་མ་དང་ཞབས་རྗེས་སོགས་མཇལ་རྒྱུ་འདུག སྡེ་དགེའི་པར་ཁང་གི་ལྟག་རྒྱབ་ཏུ་སྡེ་དགེའི་ཕོ་བྲང་ལྷུན་གྲུབ་སྟེང་གི་མཁར་ཤུལ་ལང་མ་ཞིག་མཇལ་བསྐལ་དུ་བཞག་འདུག སྤྱིར་ན་སྡེ་དགེ་ཆོས་རྒྱལ་གྱི་ཕོ་བྲང་ནི་ཕྱི་ནང་གི་བཀོད་པ་ཡངས་ཤིང་ཆེ་བ་ཞིག་ཡིན་མོད། ལོ་རྒྱུས་ཀྱི་བརྡབ་གསིག་མི་ཉུང་བ་ཞིག་གིས་ད་ལྟ་གྱང་ཆག་དུམ་བུ་ཞིག་དང་ཤིང་སྐས་ཤིག་ལས། ཡོད་ཚད་མངོན་མེད་སྟོང་བའི་དབྱིངས་སུ་སྤུར་ཚར་འདུག ཕོ་བྲང་ལྷུན་གྲུབ་སྟེང་ནི་སྤྱི་ལོ ༡༦༡༦ ལོར་ཆོས་རྒྱལ་བྱམས་པ་ཕུན་ཚོགས་ཀྱིས་གསར་དུ་བཞེངས་ཤིང་། དེ་ནས་བཟུང་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་གྱིས་འོག་གི་འབངས་དུད་སྐྱོང་སའི་བསྟི་གནས་སུ་ཆགས་པ་ཞིག་རེད།
 
སྤྱི་ལོ ༡༩༡༡ ལོར་པར་བླངས་བའི་སྡེ་དགེ་ལྷུན་གྲུབ་སྟེང་།
   
སྤྱི་ལོ ༢༠༢༣ ལོར་པར་བླངས་བའི་སྡེ་དགེ་ལྷུན་གྲུབ་སྟེང་གི་མཁར་ཤུལ།
 
སྡེ་དགེར་སླེབས་ཚེ་པར་ཁང་ཆོས་མཛད་ཆེན་མོ་ནི་མ་མཇལ་རང་མཇལ་གྱི་གནས་གལ་ཆེན་ཞིག་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད། པར་ཁང་འདི་ནི་སྡེ་དགེའི་ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ ༡༧༢༩ ལོའི་ཟླ ༢ པའི་ཚེས ༢༨ ཉིན “མཁས་བཙུན་གྲུབ་པ་ནམ་མཁའ་དཔལ་བཟང་སོགས་ཀྱིས་ས་འདུལ་དང་རྟེན་འབྲེལ་སྔོན་དུ་སོང་སྟེ” གསར་བཞེངས་མཛད། པར་ཁང་འདི་མ་བཞེངས་སྔོན་དུ་བྱུང་བའི་ངག་རྒྱུན་འདི་འདྲ་ཞིག་ཡོད། འབྲི་ཆུ་ནུབ་ཕྱོགས་ཀྱི་སྐུ་ཚེ་ཡེ་སངས་ན་ཡི་རང་ཚང་མྱི་རྒན་ལྷ་དབང་ཞེས་པ་ཞིག་ཡོད་ལ། ཁོང་གིས་རྨི་ལམ་དུ་བྱུང་བ་ལྟར་ཤོག་ཐོག་ཏུ་བྲིས་པའི་ཡི་གེ་རྣམས་ཡལ་བར་དོགས་ནས་ཤིང་ཐོག་ཏུ་བརྐོས་ཤིང་། ཐོག་མར་ཚེ་མདོ་ལེགས་པར་བརྐོས། རྟིང་སོར་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་པར་བརྐོ་རྒྱུ་ཡིན་པའི་གཏམ་བཟང་ལ་བརྟེན་ཏེ་ཁོ་རང་སྡེ་དགེར་བཞུད། ལམ་ནས་ཆོས་རྒྱལ་དང་མཇལ་ཡང་ངོ་མ་ཤེས། ཁོང་ཅག་གིས་ཁ་བརྡ་ཡུད་ཙམ་བྱས་པས་ཆོས་རྒྱལ་གྱིས་ལྷ་དབང་གི་བསམ་དོན་རྟོགས་ཏེ་མྱུར་བར་ལྷུན་གྲུབ་སྟེང་དུ་བྱོན་ཞིང་ལྷ་དབང་ལ་བསུ་མའི་གྲ་བསྒྲིགས་བྱས། ལྷ་དབང་འབྱོར་རྗེས་བསུ་མའི་འབུད་རྡུང་དཀྲོལ་གསུམ་གྱིས་ཁལ་མ་འདྲོགས་ཏེ་པར་ཤིང་རྣམས་གཏོར། ལྷ་དབང་གིས་ཕྱིར་བསྡུ་བར་རྩོམ་སྐབས་ཆོས་རྒྱལ་གྱིས་རྟེན་འབྲེལ་འགྲིག་གསུང་ནས་པར་ཁང་ཆེན་མོ་འཛུགས་བསྐྲུན་གྱི་གནས་དེར་གཏན་ཁེལ་བར་གྲགས། གཏམ་རྒྱུད་འདི་སྡེ་དགེའི་རྒྱལ་རབས་སུ་དེ་ལས་རྒྱས་ཙམ་ཡོད་མོད་འདིར་ཡིག་ཚོགས་ཀྱི་དབང་གིས་མ་བཀོད། སྡེ་དགེའི་པར་ཁང་གྲུབ་རྗེས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་ལྟར་རྒྱལ་བའི་བཀའ་གྱུར་རིན་པོ་ཆེའི་པར་བཞེངས་བའི་དབུ་ནི་སྤྱི་ལོ ༡༧༢༩ ལོའི་ཟླ ༧ པའི་ཚེས ༦ ལ་དངོས་སུ་བཙུགས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞུ་དག་གི་ཐུགས་འགན་བཞེས་པ་དང་། “ཟླ་བ་བདུན་གྱི་རིང་དུ་གྲ་བསྒྲིགས་མཛད་ནས། ཞྭ་དམར་དྲུག་པ། མཁས་བཙུན་དམ་པ་བཀྲ་ཤིས་དབང་ཕྱུག་སོགས་དམ་པ་རྣམས་ཀྱིས་འཕྱིང་བ་སྟག་རྩེའི་ཕོ་བྲང་དུ་བཞུགས་པའི་བཀའ་འགྱུར་ཕྱིས་སུ་ལི་ཐང་དུ་བཞུགས་པ་དེའི་པར་མ་གཞིར་བཞག་ཅིང་། དེའི་སྟེང་དུ་ཨ་གཉན་པཀྵིའི་ཐུགས་དམ་རྟེན་གྱི་བཀའ་འགྱུར་ཤིན་ཏུ་དག་པ་དང་། གཞན་ཡང་ཚལ་པ་བཀའ་འགྱུར་དང་རྒྱལ་རྩེ་ཐེམ་སྤང་མ། སྣར་ཐང་བཀའ་འགྱུར། དཀར་ཆག་འཕང་ཐང་མ། དཀར་ཆག་ལྡན་དཀར་མ་སོགས་དཔེ་རྒྱུན་རྙིང་མ་ཁུངས་བཙུན་འགའ་ཞིག་གོ་བསྡུར་ནས། རིག་པ་སྨྲ་བའི་བློ་གསལ་བ་དུ་མས་འབད་པ་ཆེན་པོས་མི་བཅོས་སུ་མི་རུང་བ་འགའ་ཞིག་བཅོས་ཏེ་དག་པར་མཛད་པའི་ཐོག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ ༡༧༣༠ པའི་ཟླ ༢ པའི་ཚེས ༣ ཉིན་ཞུ་དག་དངོས་སུ་མཛད་པའི་དབུ་ཚུགས།” ཞེས་གསལ་བ་ལྟར། མཁས་མཆོག་སི་ཏུ་པཎ་ཆེན་དབུ་བཞུགས་ཀྱིས་བཀའ་འགྱུར་གསར་བཞེངས་ལ་ཞུ་དག་བཏང་བ་སོགས་ཆོས་ཚན་ཆེ་ཆུང་མང་པོ་དང་། གཞུང་མང་པོ་མ་དག་པ་བཅོས་པ་ཏེ་མཁས་གྲུབ་མང་པོའི་བློ་གྲོས་ཀྱིས་ཉིང་བཅུད་ལྷན་དུ་འདུས་པ་ལས། དགེ་སྡེའི་པར་མ་ཞེས་པའི་ཚུགས་ཐུབ་ཀྱི་རང་བཞིན་ལྡན་པ། གཞན་ལས་ཁྱད་དུ་འཕགས་པའི་པར་བརྐོས་ཀྱི་གནས་གཞི་ཞིག་ཆགས་སུ་བཅུག

སྡེ་དགེ་པར་ཁང་ཆེན་མོ།
                                  
དཔར་ཤིང་གི་མཛོད།
                      
ཆོས་རྒྱལ་བསྟན་པ་ཚེ་རིང་།
 
ང་ཚོ་སྡེ་དགེའི་པར་ཁང་གི་སྒོ་ཆེན་བརྒྱུད་ནས་ནང་དུ་འབྱོར་བ་ན། ལས་མི་མང་པོས་པར་ཁྲུས་བྱེད་བཞིན་འདུག པར་ཁང་གི་འོག་ཤོད་ན་དཀྱིལ་དུ་ཤཱཀྱ་ཐུབ་པའི་སྐུ་དང་། དེ་ནས་གཡས་གཡོན་དུ་ཐང་སྟོང་རྒྱལ་པོ་དང་ས་པཎ་ཀུན་དགའ་རྒྱལ་མཚན། ཀློང་ཆེན་རབ་འབྱམས་པ། ཕྱག་ན་རྡོ་རྗེ། ཐུགས་རྗེ་ཆེན་མོ་ཕྱག་བཞི་བ་སོགས་ལྷ་སྐུ་ཉེར་གཅིག་བཞུགས་ཞེས་སྒོའི་ངོ་སྤྲོད་དུ་གསལ། ཁང་རྩེག་གཉིས་པ་རུ་པར་ཤིང་མང་པོ་ཚར་དུ་བསྒྲིགས་ཏེ་འདུག རྩེག་གསུམ་པ་རུ་ལས་མི་མང་པོས་གནའ་བོའི་ལག་རྩལ་གྱིས་ཡི་གེ་མང་པོ་པར་དུ་འདེབས་ཀྱིན་འདུག མི་གཉིས་རེས་གསུང་འབུམ་མམ་ཆོས་ཚན་པར་དུ་འདེབས། དེ་ནས་ཡར་ཐོག་ཁར་སོང་བ་ན་ལྷ་སྐུའི་པར་ཤིང་དང་རླུང་རྟའི་པར་ཤིང་། པར་ཤིང་བརྐོ་བ། དག་བཅོས་བྱེད་པ། ཐོག་ཁར་པར་ཤིང་སྣུམ་བསྲེག་བྱེད་པ་སོགས་གནའ་བོའི་བོད་ཀྱི་པར་ཤིང་བརྐོ་སྐབས་ལག་ལེན་དུ་འདེབས་དགོས་པའི་བྱ་བ་མང་པོ་ཞིག་ཇི་བཞིན་ལག་ལེན་དུ་བསྟར་བཞིན་འདུག མཇལ་བ་ཙམ་གྱིས་མི་མངོན་པའི་དང་བ་འདྲེན་ཆོག་སྟེ། ཁོ་བོ་ཉིས་སྟོང་ཉི་ཤུ་ལོར་སྣར་ཐང་དུ་འབྱོར་མོད། པར་ཤིང་ལ་ཞིབ་ལྟ་བྱ་ཆོག་པ་ལས། པར་འདེབས་བྱེད་བཞིན་པ་མཐོང་མ་བྱུང་། དེ་བས་སྡེ་དགེའི་པར་ཁང་ཆེན་མོའི་ལས་མི་དག་གིས་དཀའ་སྡུག་མང་པོ་ཞིག་ཕྲག་ཏུ་གཟར་ཏེ། ད་ལྟ་ཡང་གནའ་བོའི་སྲོལ་རྒྱུད་འཛིན་གྱིས་པར་བརྐོ་དང་པར་འདེབས་བྱེད་པ་ནི་ཇི་སྲིད་མི་ནུབ་ཡུན་རིང་དུ་བརྟན་ན་ཅི་མ་རུང་སྙམ་པའི་དང་བའི་རྒྱུ་ཕུན་སུམ་ཚོགས་པ་ཞིག་རེད། ལས་མི་ལ་ལར་དྲིས་པ་ལྟར་ན་ཁོ་ཚོས་པར་ཤིང་བརྐོས་པའི་ལས་ཀར་འཇུས་ཏེ་མི་ལོ་སུམ་ཅུ་ཙམ་འགྲོ་བཞིན་འདུག་ཅེས་བཤད་ཡོང་། སྐབས་འདི་འདྲར་ཁོང་ཅག་མི་སྡུག་འཆི་བའི་སྒོ་ཐེམ་བརྒལ་བ་ན། ཁོང་ཚོ་ལྟར་བརྩོན་པའི་རྟ་ཕོར་ལྕག་གིས་བྲབས་ཏེ། གནའ་བོའི་ཐུན་མོང་མིན་པའི་ལག་རྩལ་འདི་དག་གི་རྒྱུན་སྐྱོང་ཐུབ་མཁན་སུ་ཞིག་ཡོད་དམ་སྙམ་པའི་སེམས་ཁུར་ཞིག་ཀྱང་སྐྱེས་ཡོང་། ཁོང་ཚོའི་མཐའ་སྐོར་དུ་མཇལ་བའི་ངང་ཚུལ་བཟུང་བའི་གཞོན་པ་ང་ལྟ་བུ་དག་གིས། ཧ་ཅང་ཡག སྐྱབས་སུ་མཆི་ལས་གང་ཡང་ཟེར་མི་ཤེས་པའི་མི་མང་པོ་ཚང་ཁ་ཤིག་ཤིག་བྱེད། སྡེ་དགེ་པར་ཁང་མཇལ་གྲུབ་རྗེས་སྐོར་བ་འགའ་བྱས་པ་ཡིན། པར་ཁང་ཆོས་མཛད་ཆེན་མོའི་ཀླད་དུ་དངོས་མང་བཤམས་སྟོན་ཁང་ཞིག་འདུག་མོད། དེ་ནི་སྡེ་དགེའི་པར་མ་བླུ་ས་ཞིག་དང་ཇ་འཐུང་ས་ཙམ་ལས་བཤམས་སྟོན་ནི་གང་ཡང་བྱས་མེད་པ་འདྲ། ཉིན་དེའི་དགོང་མོ་སྡེ་དགེ་ནས་ལྷག ནང་མོར་གོང་དུ་སོང་ཟིན་པ་ལྟར་ཐང་རྒྱལ་ལྷ་ཁང་ལ་མཇལ་རྗེས་ཕྱིར་པར་ཁང་གི་སྒོར་ཐོན་སྐབས། སྔོན་ཆད་དགོན་པའི་ནང་ནས་འཛིན་གྲྭ་གཅིག་ཡིན་པའི་ཆོས་གྲོགས་དག་ལ་འཕྲད། ང་ལ་ཟད་མི་ཤེས་པའི་སྤྲོ་དགའ་སྦྱིན་སོང་། ང་ཚོས་ལྷན་དུ་མཉམ་པར་བླངས་རྗེས་ལམ་དུ་ཆས་པ་ཡིན།

པར་ཤིང་ལ་བཟོ་བཅོས་བྱེད་པ།              
གསུང་རབ་དཔར་བཞིན་པ།                    
དཔེ་བསྡུར་བྱེད་པ།                
པར་ཤིང་བརྐོ་བ།
 

ལམ་གྱི་བཀོད་པ་འགའ།
 
ཟླ ༧ ཚེས ༡༧ ཉིན་སྡེ་དགེ་ནས་ལམ་དུ་ཆས་པའི་ཞོགས་པ་དེར། ཤིན་ཏུ་གཟར་བའི་རི་རྩེ་སྨུག་པས་བཟུང་འདུག ནམ་མཁར་སྤྲིན་པ་འཐིབ་ཅིང་། སྣང་བ་ཞིག་ལ་ཡུན་རིང་མི་འགོར་བར་ཆར་བ་ཤག་ཤག་ཏུ་འབབ་ལོས་འཇོག་འདོད་པ་ཞིག་རེད། དོན་དམ་དུ་ལན་རེར་ཆར་ཟམ་ཟིམ་ཞིག་ཀྱང་འབབ་བཞིན་འདུག སྡེ་དགེ་ནས་ལམ་ལ་བུད་རྗེས། ང་ཚོའི་འགྲུལ་བཞུད་ཀྱི་ལམ་སྣེ་འདན་ཁོག་ཡིན་མོད། ལམ་ནས་ཡིད་ལྷུང་ལྷ་མཚོའི་ཁ་ནས་དུས་ཚོད་གཅིག་ཡས་མས་སུ་ལྷག་སོང་། ཡིད་ལྷུང་ལྷ་མཚོ་ནི་ཡུལ་སྐོར་བྱ་སའི་གནས་ཤིག་ཏུ་འགྱུར་བཞིན་པའི་སྒང་རེད། ད་དུང་མགྲོན་ཁང་དང་ཚོང་ཁང་། ཡིད་ལྷུང་ལྷ་མཚོ་དང་འབྲེལ་བའི་ཆེད་བཟོས་དངོས་རྫས་གང་ཡང་བཙོང་རྒྱུ་མེད་པ་འདྲ་མོད། ཡུལ་འདིར་རྒྱ་མི་དང་བོད་མིའི་འགྲུལ་བ་ཅུང་ཙམ་ཡོད་པས། ས་དེའི་མི་ཚོས་ཁྱད་འཕགས་ཡིན་རབས་གླེང་ནས་རྡོ་རིགས་ཚུགས་ཀ་འདྲ་མིན་སྣ་ཚོགས་བཤམས་འདུག མཚོ་ཁ་རུ་མཆོད་རྟེན་དང་བགྲོད་ལམ་སོགས་བཟོ་བཞིན་པའི་སྒང་རེད། ས་དེའི་འཛིན་བྱང་བཙོང་མཁན་གྱིས་བཤད་ན་མཚོ་འདིར་ཤང་གིས་བདག་དོམ་བྱས་ཡོད་རེད་ཟེར། འཛིན་བྱང་རེ་ལ་སྒོར་ཉི་ཤུ་དགོས་འདུག མཚོ་ཆུང་ངུ་ཙམ་ལས་མི་འདུག་མོད། མཚོ་མཐའ་ནགས་དང་རྫ་རིས་སྐོར་འདུག་པས། མཐོང་བས་ཡིད་ལ་འབབ་པ་ཞིག་རེད། མཚོ་དེའི་མིང་ཡང་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ལམ་འདི་རྒྱུད་སྐབས། ཡིད་ཀྱི་དང་བ་དབང་མེད་དུ་བཀུག་པས་མིང་ཡང་དེ་ལ་རྐྱེན་བྱས་ཏེ་ཐོགས་པར་བཤད། ཡིད་ལྷུང་ལྷ་མཚོ་ནས་མ་ཎིའི་གད་མགོ་དང་དེ་ནས་སྨུག་རིང་ལའི་དུང་ལམ་དུ་མ་བསླེབས་གོང་རྡོ་ལམ་ཞིག་ནས་སྤྱི་ལེ་ལྔ་དྲུག་ཙམ་ལ་སོང་ན། ཡིད་ལྷུང་ལྷ་མཚོ་དང་འདྲ་བའི་མཚེའུ་ཆུང་ཆུང་ཞིག་ཏུ་བསླེབས་ཐུབ་འདུག མཚེའུ་དེ་རུ་ཡུལ་སྐོར་བ་མི་འདུག་ལ། མིས་བཟོས་དངོས་པོ་དང་ཚོང་ཁང་སོགས་གང་ཡང་མི་འདུག ཉེ་འགྲམ་ན་འབྲོག་པའི་དུད་ཚང་རེ་གཉིས་ཤིག་ལས་མེད་པས། ཡིད་ལྷུང་ལྷ་མཚོ་དང་བསྡུར་ན་ལྷིང་འཇགས་ཤིག་རེད། གནས་དེ་ནས་ཅུང་ཙམ་བསྡད་པས་རང་བྱུང་ཁམས་ཀྱི་གདོད་གཤིས་རྣལ་མ་ཞིག་ཚོར་ཐུབ་ཀྱིན་འདུག ང་ཚོས་གནས་དེ་ནས་ཉིན་གུང་གི་ཁ་ལག་ལྷོད་ལྷོད་ཀྱིས་མཆོད་པ་ཡིན། སླར་ཡང་འགྲུལ་བཞུད་ཀྱི་ལམ་ཁར་ཞུགས་སྐབས་དུས་ཚོད་དྲུག་པར་སླེབ་གྲབས་འདུག དེ་ནས་རྫོགས་ཆེན་གངས་རིའི་ཉེ་འགྲམ་བརྒྱུད་དེ་འདན་ཁོག་ཏུ་ཆས། ལམ་ནས་ཡངས་བའི་སྤང་དང་མཐོན་པོའི་རི། དྭངས་མོའི་ཆུ་སོགས་མང་དུ་མཐོང་ངོ་། །
 

༨ དྲན་ཐང་རི་ཁྲོད་དང་དྲན་པ་ཡེ་ཤེས་གྲགས་པ།
 
རི་བོ་ཧི་མ་ལ་ཡའི་ཕར་ནང་ནས། འདས་ཟིན་པའི་མ་ལགས་སྒྱེད་པུའི་གསེང་གི་སེམས་ཅན་ཉི་ཚེ་བ་ཞིག་གི་སྐྱེ་བ་བླངས་ཏེ་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་པ་མཁྱེན་ནས་བོད་དུ་ཕེབས། ལམ་ནས་སྐད་སྒྱུར་བ་འདས་ནས་བོད་སྐད་མ་མཁྱེན་པར་གཙང་གི་དུད་ཚང་ཞིག་ནས་གཡོག་ཏུ་བཞུགས། དུད་ཁྱིམ་དེ་ནས་ཕྱུགས་རྫིར་འགྲོ་བ་སོགས་གཡོག་ལས་མང་པོ་བྱས་པས། དགོད་བྲོ་བ་གསུམ་དང་ངུ་བྲོ་བ་གསུམ་གྱི་གཏམ་རྒྱུད་བྱུང་། ང་ཚོའི་ངག་རྒྱུན་དུ་ཡང་། སྨྲྀ་ཏི་ཛྙཱ་ན་ཀིརྟི་འམ་དྲན་པ་ཡེ་ཤེས་གྲགས་པའི་མཛད་རྣམས་མདོར་བསྡུས་ཤིག་དེ་ལྟར་བཤད་བཞིན་ཡོད། གང་ལྟར་ཡང་། ཁོང་ཉིད་སྤྱི་ལོ་ཆིག་སྟོང་ཡས་མས་ནས་བོད་དུ་ཕེབས་ཤིང་། བོད་སྐད་མ་མཁྱེན་པས་གཡོག་པོར་བཞུགས་པ་དང་། ཁོང་གིས་མཛད་པའི་སྙན་རྩོམ། “རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། །དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས། །དབྱིབས་ལ་ཚད་མར་འཛིན་པ་བྱིས་པའི་བློ། །” ཞེས་པའི་ཚིགས་བཅད་གཅིག་ལ་བརྟེན་ནས་དུད་ཁྱིམ་དེ་ནས་ཁོང་གི་སྔར་གྱི་སློབ་མ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་བླུས། ཁོང་གིས་སྨྲ་སྒོ་མཚོན་ཆ་འཁོར་ལོ་སོགས་བོད་ཀྱི་བསྟན་བཅོས་མང་བོ་མཛད་པ་དང་། ཕྱག་བཟོ་ང་འདྲ་མ་སོགས་གསར་བཞེངས་བྱས། ཕྱིས་སུ་འདན་གྱི་དྲན་ཐང་དགོན་པ་ཕྱག་བཏབ་པ་དང་དེ་ནས་ཡུན་རིང་ལ་བཞུགས་ཏེ་དགོངས་པ་ཡང་དེ་ནས་རྫོགས།

དྲན་ཐང་དགོན།                                       
དྲན་པ་ཡེ་ཤེས་གྲགས་པའི་འདྲ་སྐུ་ང་འདྲ་མ།
 
ཟླ ༧ ཚེས ༡༥ ཉིན་ང་ཚོ་ལོ་ཤུལ་གྲོང་ཚོ་ནས་སྤྱི་ལེ་སོ་བཞིའི་ལམ་ཐག་བརྒྱུད་དེ་དྲན་ཐང་དགོན་པར་འབྱོར། དྲན་ཐང་དགོན་པ་ནི་ཇོ་བོ་སྨྲྀ་ཏི་ལགས་ཀྱིས་དགོན་པ་ཞིག་འདེབས་དགོས་དགོངས་ཏེ། འདན་གསེར་ལ་ནས་འུར་ཆ་འཕངས་ཏེ་རྡོ་བ་གང་དུ་བབས་པའི་གནས་སུ་བཞེངས་པར་གྲགས། དགོན་པ་འདི་ཆུང་ཆུང་ཞིག་ཡིན་མོད། དགོན་འདིར་བཞུགས་པའི་ཇོ་བོ་སྨྲྀ་ཏིའི་འདྲ་སྐུ་ང་འདྲ་མ་དང་། ཡེ་ཤེས་ཀྱི་མགོན་པོ་མེ་འབར། སྨྲྀ་ཏི་རྫི་བོར་བཞུགས་སྐབས་བཟོས་པའི་ར་དུང་། སྨྲྀ་ཏིའི་ས་ཚྭ་སོགས་རྟེན་རྙིང་བྱིན་རླབས་ཅན་མང་དུ་མཇལ་བསྐལ་དུ་ཐོབ། སྒོ་ཆེན་ནས་ཡར་འཛུལ་ཏེ་ལྷ་ཁང་ཞིག་ཏུ་འབྱོར། ལྷ་གཉེར་གྱིས་གསུངས་བ་ལྟར་ན། ལྷ་ཁང་འདི་སྨྲྀ་ཏིས་བཞེངས་བའི་ལྷ་ཁང་རྙིང་བ་དེ་ཡིན་མོད། ད་ལྟ་སྔར་གྱི་རྙིང་བའི་སྟེང་ལ་གསར་བཞེངས་བྱས་ཡོད་རེད་གསུངས། ལྷ་ཁང་གཡས་གཡོན་གྱི་རྩིག་པའི་ངོས་སུ་ཕྱག་རྡོར་གྱི་སྐུ་གཉིས་ཡོད་པ་དེ་ཡང་སྨྲྀ་ཏི་ལགས་ཀྱི་ཕྱག་བཟོ་རེད་ཟེར། ནང་དུ་ཇོ་བོ་སྨྲྀ་ཏིའི་སྐུ་གདུང་མཆོད་རྟེན་དང་འདན་གསེར་ལ་ནས་འཕངས་བའི་འུར་རྡོ་སོགས་འདུག
ལྷ་གཉེར་གྱིས་ལྷ་ཁང་དེའི་སྒོའི་གཡས་འགྲམ་གྱི་ཁང་རྙིང་ཞིག་ཏུ་ཁྲིད། ཁང་རྙིང་དེའི་ཐོག་ཁ་རུ་སྨྲྀ་ཏི་རང་གིས་ཕྱག་བཟོ་གནང་བའི་འདྲ་སྐུ་ང་འདྲ་མ་ལ་མཇལ། སྐུ་གདུང་དེ་དེང་གི་རྒྱ་བླ་མང་པོས་གསར་བཟོ་བྱེད་རབས་དང་། ཇོ་བོ་ཁོང་གི་སྐུ་ཆེ་ཙམ་བཞེངས་ཏེ་དེ་ཡི་ཐུགས་ཀར་འཇོག་དགོས་རབས་སོགས་མ་བསྐུལ་དང་བླངས་ཀྱི་སྦྱིན་བདག་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་ཡང་། དགོན་པས་དང་ལེན་མ་བྱས་པར་སྔར་བྱུང་སོར་བཞག་བྱས་ཡོད་རབས་གསུངས། སྐུ་དེའི་གཡོན་དུ་སྒམ་ནག་པོ་ཆུང་ཆུང་ཞིག་འདུག སྒམ་དེའི་སྐོར་འདྲི་སྐབས། ཁོང་གིས་སྒམ་དེར་ཡེ་ཤེས་ཀྱི་མགོན་པོ་མེ་འབར་གྱི་སྐུ་བཞུགས་ཟེར། སྐུ་དེ་འདྲ་སྐུའི་སྲུང་མ་ལྟ་བུ་ཡིན་ཞིང་། དགོས་པ་མ་བྱུང་བར་གང་བྱུང་དུ་སྐུ་དེ་མཇལ་ཁ་ཞུ་བཞིན་མེད་ཟེར། སྐུ་དེ་ནི་ནུས་མཐུ་དང་བྱིན་རླབས་མངོན་སུམ་དུ་གྲུབ་པ་ཞིག་ཡིན་ཟེར། སྔོན་ཆད་སོག་པོ་རྟ་ཁྲ་རྒྱལ་པོས་ཁམས་ཕྱོགས་ནས་བཀའ་བརྒྱུད་པའི་དགོན་སྡེ་མང་པོ་གཏོར་བརླག་བྱ་སྐབས། སྐུ་དེའི་དྲིན་གྱིས་སོག་དམག་གི་མིག་ལམ་ནས་དྲན་ཐང་དགོན་པ་མེར་འཚིག་གིན་པའི་ཚུལ་བྱུང་སྟེ། ཁོང་ཚོ་ཕྱིར་ལོག་པས་གནོད་སྐྱོན་མ་ཐེབས་པ་དང་། ཉེ་རབས་སུ་ནགས་ལ་མེ་མཆེད་དེ་སྲིད་གཞུང་ལ་ཐབས་བཀོད་ཟད་པའི་སྐབས་ཤིག་ལ་མགོན་སྐུའི་ཞལ་ཕྱེས་པ་ན། མངོན་གསལ་དོད་པོའི་ཕན་པ་བྱུང་སྟེ་མེ་བསད་པ་སོགས་བྱིན་རླབས་དང་ནུས་མཐུ་ཧ་ཅང་ཆེ་ཞེས་གླེང་སོང་། མཆོད་ཁྲིའི་སྟེང་དུ་ཚུགས་ཀ་མི་གཅིག་པའི་རྡོ་བ་ནག་པོ་འགའ་ཤས་བཞག་འདུག དེ་དག་ནི་སྨྲྀ་ཏི་ལགས་ཀྱི་ཕྱག་བཟོའི་རྡོ་ཤ་སྟག་ཡིན་ཞིང་། གཅིག་ནི་བློ་མཆིན་སོགས་ནད་རིགས་ལ་ཕན་པ་ཞིག་ཡིན་པ་དང་། གཅིག་ནི་བུ་མེད་པའི་སྐྱེས་མར་བུ་བྱུང་བར་ཕན་པ་ཞིག་ཡིན་ཟེར། གཞན་འབྱུང་བོ་མ་རུང་བར་བསྔོས་པའི་རྡོ་ཡི་ལན་ཆགས་སོགས་འདུག
དྲན་ཐང་དགོན་པ་ནི་ཇོ་བོ་སྨྲྀ་ཏིས་བཏབ་པའི་བོད་ཡུལ་གྱི་གདན་ས་དངོས་ཡིན་ཡང་། ད་སྔ་མཇལ་སྐོར་བའི་ཚོགས་ནི་ཧ་ཅང་ཉུང་། བྱིན་ཆགས་ཀྱི་གནས་དེར་གཡས་སྐོར་ལན་འགའ་བྱས་རྗེས་ང་ཚོའི་ལམ་སྣེ་སླར་སྒྲོལ་མ་ལྷ་ཁང་གི་ཕྱོགས་སུ་གཏད།

ནད་རིགས་སྣ་ཚོགས་ལ་ཕན་པའི་རྡོ།                                   
འབྱུང་བོ་ལ་བརྔོས་པའི་ལན་ཆགས།                         
སྨྲྀ་ཏིའི་ས་ཚྭ།
 

༩ གླང་ཐང་སྒྲོལ་མ་ལྷ་ཐང་།
 
འདན་གླང་ཐང་སྒྲོལ་མ་ལྷ་ཁང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནས་གྲགས་ཅན་ཞིག་ཡིན། སྤྱི་ལོ ༦༢༩ ལོར་བཙན་པོ་སྲོང་བཙན་སྒམ་པོ་པུར་རྒྱལ་བཙན་པོའི་སྲིད་ཁྲིར་བཞུགས་ཤིང་། ཡབ་ཀྱི་བཀའ་ལས་འདའ་བའི་བློ་ལོག་པ་མང་པོ་བློ་དང་དཔུང་གིས་ཚར་བཅད། ཕྱོགས་ཀྱི་མཐའ་གྲུའི་རྒྱལ་ཁབ་མང་པོར་འབྲེལ་བ་བཙུགས་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་བཙུན་མོ་ཁབ་ཏུ་བཞེས་པ་སོགས་པིར་རྒྱལ་བཙན་པོའི་མངའ་ཁོངས་སུ་སྣ་མང་རིག་གནས་ནང་འདྲེན་དང་། ཕུན་སུམ་ཚོགས་པའི་སྲིད་ཁྲིམས་དང་ཆོས་ཁྲིམས་བཙུགས་ཏེ་མཛད་རྗེས་བསྐལ་བའི་བར་དུ་མི་ནུབ་པ་བཞག ཁོང་གིས་ཐང་རྒྱལ་རབས་ཀྱི་གོང་མ་ཐན་ཙོང་དང་འབྲེལ་ལམ་བཙུགས་ཏེ་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས། བཙུན་མོ་དེས་ས་དཔྱད་མཛད་དེ “བོད་ཀྱི་ཡུལ་ནི་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ། ལྷ་སའི་མཐིལ་ནི་སྲིན་མོའི་སྙིང་ཁ་འདྲ་བ། འོ་ཐང་མཚོ་ནི་སྲིན་མོའི་སྙིང་ཁྲག་འདྲ་བར་” དགོངས་ཏེ། ར་ས་འཁྲུལ་སྣང་གཙུག་ལག་ཁང་གི་དབུས་ཕྱོགས་བཞིར་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཞེངས། འདན་ཡུལ་ནི་སྲིན་མོའི་ལག་མཐིལ་གཡོན་པར་ཁེལ་བས། ས་དགྲ་གནོན་ཆེད་འདན་གྱི་གླང་ཐང་སྒྲོལ་མ་ལྷ་ཁང་བཞེངས། གླང་ཐང་སྒྲོལ་མ་ལྷ་ཁང་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བཞེངས་བའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནས་རྙིང་ཞིག་ཡིན་ནོ། །
 
སྲིན་མོ་གན་སྐྱེལ་དུ་ཉལ་འདྲའི་བོད་ཀྱི་ས་དཔེ་དང་འདན་གྱི་སྒྲོལ་མ་ལྷ་ཁང་།
 
ང་ཚོ་གནས་འདིར་འབྱོར་སྐབས་དུས་ཚོད་བཅུ་གཉིས་ཟིན་པས། ལྷ་ཁང་གི་སྒོ་རྒྱབ་ཟིན་འདུག དུས་ཚོད་དང་པོ་དང་ཕྱེད་ཀའི་སྟེང་ནས་ལྷ་ཁང་ལ་མཇལ་བར་མ་ཟད་ལྷ་ཁང་དེའི་རྟེན་གྱི་གཙོ་བོ་རྗེ་བཙུན་སྒྲོལ་མའི་སྐུ་ལ་ཡང་མཇལ་ཁ་ཞུས་པ་ཡིན། གནས་འདིར་ལོ་རྒྱུས་རིང་ཡང་། གླང་ཐང་སྒྲོལ་མ་ལྷ་ཁང་དུ་ཕྱག་མཇལ་ཟིན་རྗེས་ང་ཚོའི་འགྲུལ་བཞུད་ཀྱང་རེ་ཞིག་མཇུག་བསྡུ་རན། ལོ་ཤུལ་གྲོང་བརྡལ་ནི་སེར་ཤུལ་རྫོང་གི་མངའ་འོག་ཏུ་གཏོགས་པས། སེར་ཤུལ་རྫོང་དུ་ལེ་བར་དགུ་བཅུ་ཡས་མས་ལས་མི་འདུག ལམ་ནས་དུད་ཚང་མང་པོ་ཞིག་གི་སྒོ་ཁར་ཆུ་ཟོམ་བཞག་ཅིང་། ཟོམ་གྱི་ཁ་དར་གྱིས་བཀྲིས་ཏེ་བཞག་འདུག དེ་ནི་བླ་ཆེན་མི་ཆེན་ཞིག་ལ་བསུ་བ་བྱེད་པ་ལོས་ཡིན་སྙམ་མོད། གྲོང་མིས་བཤད་ན་དུད་ཁྱིམ་ཞིག་གིས་གཉེན་སྟོན་བྱེད་བཞིན་ཡོད་པས་རེད་ཟེར། བལྟས་པ་ཙམ་གྱིས་ཤེས་སླ་སྟེ། གནས་འདིའི་ལུགས་སྲོལ་དུ་དུད་ཁྱིམ་ཞིག་གིས་བག་སྟོན་བྱེད་སྐབས། གྲོང་མི་ཚང་མས་བག་མའི་ལམ་ཁར་ཆུ་ཟོམ་བཞག་སྟེ་རྟེན་འབྲེལ་བསྒྲིགས་པ་ཡིན་ངེས། ལུང་བ་རེ་ལ་གོམས་སྲོལ་རེ་ཡོད་པ་བཞིན། འདན་ཡུལ་གྱི་ཡུལ་སྲོལ་འདི་ཡང་གཞན་ལས་མཐོང་མི་ཐུབ་པ་ཞིག་རེད། ང་ཚོ་རེ་ཞིག་ཡུལ་ལ་ལོག་པའི་སྟ་གོན་ལ་ཞུགས་ཏེ། དྲན་པ་ཡེ་ཤེས་གྲགས་པའི་གདན་ས། གླང་ཐང་སྒྲོལ་མ་ལྷ་ཁང་གི་སྟི་གནས། ལོ་ཙཱ་བ་དང་པཎྚི་ཏ་སོགས་མཁས་གྲུབ་མང་པོའི་ཞབས་ཀྱིས་བཅགས་པའི་གནས། སྲིན་མོའི་ལག་མཐིལ་གཡོན་པར་ངོས་བཟུང་བའི་ས་འདི་དང་གྱེས་ཏེ་ཕ་ཡུལ་ལ་སྙེགས་སོ། །

 
༡༠ ཕྱིར་ལོག་པ།

 
རྒོད་པོ་འཕུར་ས་གནམ་ཡིན་ཡང་། འབབ་ས་བྲག་ཐེམ་དཀྱིལ་ཡིན་པ་བཞིན། ཡུལ་གཞན་ནི་ཁྱད་འཕགས་ཀྱི་རང་བཞིན་མངའ་བའི་གནས་མཆོག་ཡིན་ཡང་། ཡུན་གྱིས་གོམས་ཤིང་འདྲིས་པའི་གནས་ལུགས་ཀྱི་དབང་གིས། ཕ་ཡུལ་ནི་སྐྱེ་བ་གཅིག་གི་ལང་ཚོའི་མེ་ཏོག་ཁ་གད་ས་དང་འདབ་མ་འཐོར་ས། བཀའ་དྲིན་གཞལ་མཐའ་བྲལ་བའི་ཕ་མ་དང་ཕུ་ནུ། ཆུང་ཆུང་གི་ལོ་ཟླའི་སྐབས་སུ་རྣམ་གཡེང་གིས་ཉི་མ་གཏོང་སའི་གནས་གཅིག་པུ་དེ་ཡིན་པས། ངག་རྒྱུན་དུ་ཡང “ཕ་ཡུལ་གད་པ་ཡིན་ཡང་སྐྱིད” ཅེས་བཤད་སྲོལ་ཡོད་པ་དེ་བཞིན་ནོ། །
 
བྲག་ལྷ་མོ།    བྲག་ལྷ་མོའི་བྲག་བརྐོས་ཡི་གེ
ང་ཚོ་འདན་ཡུལ་ནས་ཕྱིར་ཡུལ་ལ་ལོག་པའི་ལམ་བར་ནས་བྲག་ལྷ་མོར་མཇལ་སོང་། བྲག་ལྷ་མོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བརྐོས་པའི་བྲག་བརྐོས་རྙིང་བ་ཞིག་ཡིན་ཏེ། བྲག་ངོས་སུ་ལྷའི་སྐུ་ཆེ་ཙམ་ཞིག་དང་གཡས་ཀྱི་ཟུར་ངོས་སུ་“༄བཙན་པོ་བྱང་ཅུབ་སེམསxཁྲྀ་སྲོང་ལྡེ་བཙན་གྱྀ་སྐྀུའི་རིང་ལ་xxxxxxxxxxxདང་རྨོགxxxxxཕྱོགས་བཅུར་མཐུ་སྐྱེས་ནསxxxxxxrརྨུ་ཐག་xxxxxsསྡེ་མྔ་མོ་ཞིག་གཏན་ལ་བབ་པར་བསྒྱུར་ཏོ xxxxxxxxxརྒྱལ་ལསྩོགསྔ་བརྒྱ་སྟོང་པྲག་རྩམ་ཞྀག་xxཞུགསོ xxxxགཙུག་ལག་ཁང་རྒྱས་པར་བརྩྀགསྟེ་རྐྱེནxབངས་དགེ་ཞིང་ལxxxxxབར་ཕུལ་བ། དམ་པའི་འཚམན་དུxxxxxག་པར་xxxxxxxxxxxxxxxཆེན་པོ་བཞེསྟེ་བརྟན་པརxxxxxxxxxx”ཞེས་བྲིས་པ་རགས་ཀློག་ཙམ་ལས་མི་ཐུབ་མོད། ཀློག་ཐུབ་པའི་ཚིག་གི་ནང་དོན་ནི་ལྷ་ཁང་བཞེངས་བ་དང་དམ་ཆོས་སྤེལ་བའི་སྐོར་ཡིན་པ་འདྲ། བྲག་བརྐོས་འདིར་བྲག་ལྷ་མོ་ཞེས་མིང་ཐོགས་ཀྱང་། བྲག་ངོས་ཀྱི་སྐུ་དེ་ཞལ་མི་འཚོལ་བས་འདི་རེད་དང་གན་རེད་ཅེས་ཁ་ཚོད་གཅོད་མི་ཐུབ་བོ། །
སྤྱིར་ན་དེང་སང་གི་དཔྱད་རྩོམ་འབྲི་སྟངས་ལྟར། དབྱེ་ཞིབ་དང་དཔེ་མང་ཀློག་མི་དགོས་པར། གཞན་གྱི་དཔྱད་རྩོམ་དུ་འཁོད་པའི་ལུང་དང་རིགས་པ་མང་པོ་ཞིག་ཐད་ཀར་རང་གི་དཔྱད་རྩོམ་དུ་དྲང་སྟེ། ཡིན་ཡིན་གྱིས་ཕྱི་ལ་སྒྲོགས་པར་ཅི་མི་སྙམ་པ་དང་། རང་གི་འདོད་ཚུལ་གཙོ་བོར་བཟུང་ནས་དཔེ་ལུང་ཟུར་དུ་བོར་ཏེ་བྲིས་ཀྱང་རུང་ལ། དེ་འདྲའི་དཔྱད་རྩོམ་ཞིག་འབྲི་བར་ངལ་བ་མང་དུ་བརྟེན་དགོས་མེད་ཀྱང་། སྙིང་བོ་བྲལ་བའི་དཔྱད་རྩོམ་དེ་རིགས་ནི་བཀླགས་ཀྱང་བྲིས་ཀྱང་དུས་ཚོད་ཟད་པའི་རྒྱུ་ཁོ་ནའོ། །གང་ལྟར་བྲག་ལྷ་མོའི་སྐོར་ལ་འགའ་ཤས་ཀྱིས་ཆེད་དུ་དབྱེ་ཞིབ་བྱས་ནས་བྲིས་རྩོམ་ཡང་ཡོད་ཅེས་ཐོས་མྱོང་མོད། ཁོ་བོས་ད་ཐེངས་ལམ་ནས་མཇལ་བ་ཙམ་ལས་ཆ་རྒྱུས་གང་ཡང་མེད་པས་འདི་ཡིན་དེ་མིན་ཞེས་ཁ་ཚོད་བཅད་དེ་སྨྲ་མི་ཐུབ་བོ། །
ཉིན་འདིའི་ཕྱི་དྲོར། ང་ཚོ་བྲག་ལྷ་མོ་ནས་སྔར་བཞིན་ལམ་ལ་ཆས་ཏེ། འཇུ་བ་སྡེ་བའི་དབྱར་ས་བརྒྱུད་པ་ནས་བཟུང་ཡུལ་ལ་འབྱོར་ཟིན་པ་ཡིན། ད་ནི་ང་ཚོ་ཕ་ཡུལ་ལ་འབྱོར་ཟིན། ང་ཚོའི་ལམ་ཇ་ཞིག་བསྐོལ་དགོས་བསམ་ནས་མུ་ནས་མདུན་དུ་སོང་བ་ན། སླར་ཡང་དགོན་པའི་ནང་གི་འཛིན་གྲོགས་རྙིང་བ་དག་དང་མཇལ་སོང་། ང་ཚོ་ལྷན་དུ་ཡུལ་སྐོར་ལ་འགྲོ་བ་མིན་ཡང་། ལམ་ནས་ཡང་ཡང་འཕྲད་པ་དེ་ཡང་ལས་ཀྱི་བཀོད་པ་ཞིག་ལོས་ཡིན། ཁོང་ཚོ་དང་ལྷན་དུ་ཁ་ལག་མཆོད་རྗེས་ལམ་ལ་ཆས།
དེ་ལྟར་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོའི་འཁྲུངས་གཞིས་ལ་ཆེད་དམིགས་ཀྱིས་བཞུད་ཅིང་། ཕྱིར་ལོག་པའི་ལམ་ནས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་དང་དྲན་ཐང་དགོན་པ། འདན་གྱི་སྒྲོལ་མ་ལྷ་ཁང་སོགས་མཇལ་བའི་ཉིན་དྲུག་གི་ཡུལ་སྐོར་ཡང་མཇུག་བསྡུས།  
ཁོ་བོ་སྒེར་བ་ནི་མཐོང་ཐོས་མང་དུ་ཡོད་པའི་མི་ཞིག་མིན་པའི་ཁར། རྣམ་དཔྱོད་དང་ལྡན་པ་ཞིག་ཀྱང་མིན་པར་ཐུན་མོང་སྐྱེ་བོའི་ནང་ནས་ཀྱང་རྨོངས་རྟུལ་བ་ཞིག་ཡིན་པས་ན། ཟིན་བྲིས་འདིའི་ནང་དུ་རང་གིས་འགྲིག་པར་འདོད་ཀྱང་། ཡང་དག་པའི་རང་བཞིན་དང་འགལ་བའི་མ་འགྲིག་པ་དང་བཤད་ནོར་ཤོར་བ། ཡུལ་ལ་རྒྱུས་མངའ་ཞན་པས་ཡིན་པ་ཞིག་མིན་པ་དང་། མིན་པ་ཞིག་ཡིན་པར་བཤད་པ་རེ་ནི་ཡོད་སྲིད་པས། དཔྱོད་ལྡན་དང་། ཤེས་འཇོན་གཉིས་ལྡན་གྱི་ཀློག་པ་པོ་རེ་བྱུང་ན་སྐྱོན་གྱི་སྟེང་དུ་མཛུབ་མོ་བཙུགས་ནས་ལམ་སྟོན་གྱི་རེ་ཞུ་བྱས་པ་ཡིན་ནོ། །
                      2023/7/21 ཉིན་མཇུག་གྲུབ།
                            
རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease