༢༠༢༤ལོའི་དགུན་གནང་སྐབས་དཔེ་དེབ་བཀླགས་ཐོ།
ལྷ་ལུང་དགྲ་འདུལ། མི་ཉག
༡《ལྷུག་རྩོམ་མྱུར་ལམ།》 གྱི་ལིང་འཇིགས་མེད་ཀྱིས་བརྩམས། ཤོག་ངོས༡༣༣བྱོན། རིགས་དབྱེ། ལྷུག་རྩོམ། ཀྲུང་གོ་མི་དམངས་རྩོམ་རིག་ཁྱབ་སྤེལ་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
[ནང་དོན་གནད་བསྡུས།] དཔེ་དེབ་འདི་ནི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་གྱི་ལིང་འཇིགས་མེད་ཀྱིས་བརྩམས་པའི་ལྷུག་རྩོམ་རྩོམ་ཡིག་འབྲི་ཐབས་ཀྱི་དེབ་ཆུང་ཚད་ལྡན་ཞིག་རེད། བརྗོད་བྱ་གནད་སྙིང་དྲིལ་ན། “ལྷུག་རྩོམ་འབྲི་བ་ལ། ཞིབ་འབྲི། བསྡུས་འབྲི། དཔེ་འགོད་དང་གཟུགས་འགོད་ཀྱི་ཐབས་ལམ་”བཅས་ཏེ་ས་བཅད་གསུམ་གྱིས་བྲིས་པར་སྣང་ལ། དེ་ཡང་ཚིག་ཚོགས་བསྐྱུངས་ཤིང་། བརྗོད་དོན་གནད་ལ་ཁེལ་བའི་གོ་བདེར་རང་བཞིན་ཅན་གྱི་དེབ་ཞིག་རེད།
[བཀླགས་བྱང་ཉུང་བསྡུས།] ཕྲན་ལ་མཚོན་ན་དེབ་འདི་མཇལ་ཐེངས་གཉིས་པ་ཡིན་ལ། དེ་ཡང་བམ་ཀློག་དང་ཟུར་ལྟ་ཙམ་མ་ཡིན་པར་ཞིབ་ཀློག་བགྱིས་ཤིང་། མཆན་རེ་ཡང་བཀོད་དེ་ཉིན་ཐོ་སོགས་འདི་བཞིན་འབྲི་བར་འབད་པ་ཡིན། དེབ་འདི་བལྟས་ཚོད་ལ་ཤོག་གྲངས་ཉུང་ལ་ཞེང་ཚད་ཆུང་བའི་དེབ་ཆུང་ཞིག་ཡིན་རུང་། ནང་གི་བརྗོད་དོན་ནི་རྩོམ་རིག་གི་ལས་སུ་དང་པོར་འཇུག་པའི་གང་ཟག་ཞིག་ཡིན་ཕྱིན། དེབ་འདིར་མ་བལྟས་ཐབས་མེད་ཅིག་ཏུ་སྣང་ཞིང་། རྩོམ་རིག་གི་ཞིང་སར་བགྲོད་པར་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཏུ་མཐོང་། འདི་ལས་བྲིས་པ་ལྟར་ཁ་གསལ་ཞིང་། དོན་གྱི་གནད་བསྡུས་པའི་“ཞིབ་འབྲི་དང་། བསྡུས་འབྲི། དཔེ་འགོད་དང་གཟུགས་འགོད་ཀྱི་ཐབས་ལམ་”གསུམ་གྱི་དོན་ལ་བྱང་ཆུབ་པར་བྱུང་ན། ལྷུག་རྩོམ་འབྲི་བར་ཐགས་ཐོགས་མི་མངའ་བར་གདོན་མི་ཟ།
དེབ་འདིའི་དངོས་གཞི་བརྗོད་བྱ་ནི་ལྷུག་རྩོམ་འབྲི་ཐབས་སྐོར་ཡིན་པས། ང་རང་ཆེས་དགའ་སའི་དེབ་ཞིག་ཡིན། རང་ཉིད་གར་འགྲོ་གར་འདུག་དེབ་འདི་དང་འགྲོགས་བཞིན་ཡོད། རྩོམ་པ་པོས་ན་ཚོད་གཞོན་པའི་བྱིས་པ་དག་ལ་མཁོ་ཆེ་བས་བྲིས་པ་ཡིན་པར་གསུངས་ཀྱང་། དོན་ལ་རྩོམ་ཡིག་འབྲི་བར་དགའ་བའི་ལས་དང་པོ་བ་ཞིག་ཡིན་ཙ་ན། ལོ་རྒན་གཞོན་གྱི་ཁྱད་པར་མེད་པར་ཐམས་ཅད་ཀྱིས་བསླབ་དགོས་པའི་དཔེ་དེབ་སྙིང་རྗེ་བོ་ཞིག་རེད། རྒན་གྱི་ལིང་འཇིགས་མེད་ལགས་ཀྱི་《དབེན་པའི་སྨུག་སྤྲིན།》 དང་《སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ།》སོགས་དེབ་འགའ་ཞིག་བཀླགས་མྱོང་། ཁོང་ནི་ལྷུག་རྩོམ་འབྲི་བར་བྱང་ཆུབ་པའི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། ཀློག་པ་པོ་ཚོར་བའི་ཟབ་སར་ཁྲིད་པའི་རྩོམ་རྩལ་གྱི་ཁྱད་ཆོས་དང་། མཛེས་བཀོད་དང་རྒྱན་གྱིས་ཕྱུག་པ་མིན་པར་སྐད་ཆ་ལྷུག་པོར་བརྗོད་པའི་ངག་རིག་གི་རྩལ་རྫོགས་པ་ཞིག་རེད་སྙམ། དེ་ཡང་རྩོམ་པ་པོ་གྱི་ལིང་འཇིགས་མེད་ལགས་ཀྱིས་“ལྷུག་རྩོམ་འབྲི་ཤེས་ན་ཡི་གེའི་ལམ་ནས་སྐད་ཆ་ལྷུག་པོར་བཤད་ཤེས་པར་འགྱུར་ལ། སྐད་ཆ་དང་ཡི་གེ་གཉིས་ཀྱི་བར་ཐག་ཇེ་ཉེར་གཏོང་ཐུབ། སྐད་ཆ་དང་ཡི་གེའི་བར་ཐག་ཇེ་ཆེར་བཏང་རྗེས་སྒྲུང་རྩོམ་དང་དཔྱད་རྩོམ་སོགས་སྐད་ཆ་ཅི་ཞིག་ཡོད་ཀྱང་ཡི་གེའི་ལམ་ནས་བདེ་བླག་ངང་འབྲི་ཐུབ།”ཅེས་གསུངས་པ་ལྟར། རང་གི་མཐོང་ཐོས་མྱོང་གསུམ་གྱི་བྱུང་བ་མཐའ་དག་འགྲོས་གཙང་བའི་སྐད་ཆའི་ལམ་དུ་ལྷུག་པོར་ཕབས་པ་ནི་ལྷུག་རྩོམ་ཟེར་ཞིང་། སྒྲོ་སྐུར་མེད་པར་དྲང་ཚིག་གི་ལམ་ནས་ལྷུག་པོར་བརྗོད་ཐུབ་པ་ན་ད་གཟོད་ལྷུག་རྩོམ་གྱི་སྲོག་ཤིང་གྲུབ་པར་འདོད།
ང་ནི་རྩོམ་པ་པོ་ཁོང་དང་འདྲ་བར་ལྷུག་རྩོམ་འབྲི་བར་ཧ་ཅང་དད་མོས་ཅན་ཞིག་ཡིན་མོད། ཡིན་ཡང་། མི་འདྲ་ས་གཅིག་ནི་ཁོང་་ནི་ལྷུག་རྩོམ་གྱི་རྩོལ་རྩལ་ལ་བྱང་ཆུབ་པ་དང་། ང་ནི་ལྷུག་རྩོམ་རྩོམ་རིག་གི་རྒྱུན་ཤེས་ལ་ཙམ་ཡང་རྨོངས་པའི་ཀློག་པ་པོ་དཀྱུས་མ་ཞིག་ཡིན། དེབ་འདིར་ལྷུག་རྩོམ་དང་པོར་འབྲི་མཁན་ཞིག་ཡིན་ན། ངེས་པར་དུ་“ཞིབ་འབྲི་”འབྲི་བར་གོམས་དགོས་པར་གསུངས། ད་འདི་ལྟར་ཕྱིར་འདང་རྒྱག་ན་ཉིན་ཐོ་དང་། འབོལ་རྩོམ་སོགས་གང་བྲིས་ཀྱང་། ཞིབ་འབྲིའི་ཐབས་ལམ་སྤྱད་དེ་བྲིས་པ་ཞིག་ཧ་ཅང་དཀོན་པའི་ཚོད་དུ་འདུག །དེ་བས་ད་ནི་ཉིན་ཐོ་སོགས་“ཞིབ་འབྲི་”འི་ལམ་ནས་བྲི་བའི་འཆར་གཞི་ཡིན་ནོ།།
༢ 《རྒྱལ་རབས་གསལ་བའི་མེ་ལོང་།》 ས་སྐྱའི་བསོད་ནམས་རྒྱལ་མཚན་གྱིས་བརྩམས། ཤོག་ངོས༢༥༠བྱོན། རིགས་དབྱེ། ལོ་རྒྱུས། བླ་རུང་གཞུང་ལས་དོ་དམ་ཁང་ནས་འགྲེམ་སྤེལ་བྱས། དཔེ་སྐྲུན་ཁང་མི་གསལ།
[ནང་དོན་གནད་བསྡུས།] དེབ་འདི་ནི་བོད་ཀྱི་ལོ་རྒྱུས་སྔ་ཤོས་ཀྱི་དཔེ་དེབ་སྐད་གྲགས་ཅན་ཞིག་ཡིན། ནང་དོན་དྲིལ་ཏེ་བསྡུས་ན། ལེའུ་སོ་གསུམ་གྱིས་མཇུག་རྫོགས་པར་བྲིས་ཤིང་། དེང་སང་གི་བཤད་པ་ལྟར་ན་གཙོ་བོ་ལྷ་སྒྲུང་གི་རྣམ་པ་བྱས་ཏེ་བྲིས་པ་ཞིག་རེད། གདུལ་བྱ་དད་པ་ཅན་རྣམས་ཀྱིས་མཇལ་ན་ལྷག་ཏུ་སྤྲོ་བ་འཕེལ་ཞིང་། བོད་ཀྱི་རྒྱལ་རབས་རིམ་བྱོན་དང་དེ་འབྲེལ་གྱི་བཙུན་མོ་དང་བློན་པོ་སོགས་ལའང་དད་པ་འཕེལ་བ་ཞིག་ཏུ་མཐོང་།
[བཀླགས་བྱང་ཉུང་བསྡུས།] དེབ་འདིར་ལྟ་དགོས་ཐེངས་མང་དྲན་ཡང་དྲན་པའི་ཡུལ་དུ་འཚངས་ཏེ་ད་བར་ལྷག་སོང་། ད་ཐེངས་དུས་ཚོད་འདི་དང་བསྟུན་ཏེ་ཞིབ་ཀློག་དང་བསམ་གཞིག་གི་དུས་ཚོད་བྱུང་བས་དཔེ་དགའ་ཚོར་བྱུང་། དེབ་འདིར་བལྟས་པ་དང་ལྷན་དུ་སྐབས་དེའི་ལོ་རྒྱུས་དངོས་དེ་འདི་འདྲ་ཞིག་གོ་སྙམ་པའི་སྤྱི་དོན་ཞིག་བློས་བསླངས་དང་ཚོད་དཔག་བྱས་ཀྱང་། མཚར་དུ་རིང་བའི་ལྷ་སྒྲུང་གི་སྣང་བརྙན་རབ་རིབ་ཅིག་ལས། སྐབས་དེའི་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་མངོན་པར་གསལ་ཞིང་། ཡིད་དུ་འཚེངས་པ་ཞིག་གཏན་ནས་མི་སྣང་བའི་ཁར་འདང་རྒྱག་གི་ནང་དུ་ལྷུང་སོང་། དཔེར་ན། “ལེའུ་དང་པོ་རྒྱ་གར་གྱི་ཆོས་རྒྱལ་རིམ་པ་བྱོན་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་དར་བའི་སྐོར་དང་། ལེའུ་ལྔ་པ་འཕགས་པ་སྐྱན་རས་གཟིགས་ཁ་བ་ཅན་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་འཁོད་པ”འི་སྐོར་སོགས། ཕལ་ཆེར་ལྷ་སྒྲུང་གི་རྣམ་པ་རང་ལས། ད་ལྟའི་མིའི་རང་གཤིས་ཇི་བཞིན་མངོན་གསལ་དུ་བྲིས་པ་ཞིག་གཏན་ནས་མི་སྣང་། འོན་ཏེ། རྩོམ་པ་པོའི་སྣང་ཚུལ་དབང་བཙན་བྱས་ཏེ་བྲིས་ཀྱང་། སྐབས་དེའི་ལོ་རྒྱུས་ཀྱི་རྣམ་པ་ཐུན་མོང་ལ་དེ་ལྟར་ཡིན་ཡང་སྲིད། མདོར་ན། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བོད་རྒྱལ་སྲོང་བཙན་སྒམ་པོ་བྱོན་པ་ནས་བཟུང་། བོད་ཁྲིམས་ཆོས་ཁྲིམས་སུ་བསྒྱུར་ཞིང་། བོད་ལུགས་ལྷ་ལུགས་སུ་སྲོལ་གཏོད་དེ་བོད་འབངས་བདེ་ལ་བཀོད་པའི་གཏམ་རྒྱུད་སོགས་དེབ་འདི་ནི་ཚིག་གི་སྡེབ་སྦྱོར་ལེགས་ཤིང་། ཐ་སྙད་ཀྱི་བརྡ་དོན་གོ་སླ་བ། བར་མཚམས་ཀྱི་བཅད་མ་དག་ནི་རྣ་བར་སྙན་ཞིང་། བརྗོད་དོན་གསལ་ལ་རང་བཞིན་བརྗོད་པའི་རྒྱན་རྐྱང་པས་བྲིས་པའི་བཅད་ལྷུག་སྤེལ་མ་ཞིག་རེད།
ཚིག་འགྲོས་དང་། བརྗོད་བྱ་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་རྒྱལ་དབང་ལྔ་པས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》 དང་འདྲ་བའི་ཆ་མང་དུ་འདུག །ཉེ་རབས་དང་དེང་རབས་ཀྱི་རྩོམ་པ་པོ་དག་གིས་བྲིས་པའི་ལོ་རྒྱུས་དག་དང་། ལྷག་ཏུ་ལོ་རྒྱུས་ཀྱི་ཡིག་ཆ་སྐད་གྲགས་ཆེ་ཤོས་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དག་དང་བསྡུར་ན་བརྩམས་སྟངས་དང་། བརྗོད་བྱ་གཏན་འབེབས་བྱེད་ཕྱོགས་སོགས་རྦད་དེ་མི་འདྲ་བར་ཞིག་ཏུ་མཐོང་། དེ་ཡང་བསྟན་པ་སྔ་དར་སྐབས་ཀྱི་བྱུང་བ་གཙོ་བོར་བསྟན་ཡོད་ལ། རྩོམ་པ་པོས་ལེའུ་སོ་གསུམ་པའི་ཚན་པ་ལས། “འདི་དག་ནི་གཞན་གྱི་ཁ་རྒྱུག་དང་རང་གི་བློ་ཚོད་དང་རྣམ་རྟོག་གིས་ཀུན་ནས་བསླངས་པའི་ཡིད་དཔྱོད་རྣམས་སྤངས་ཏེ། སངས་རྒྱས་ཀྱི་བཀའ་མདོ་བརྒྱུད་དང་། རྒྱལ་པོའི་བཀའ་འབུམ་ལྷ་ས་དང་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ། ཇོ་བོ་རྗེའི་གཏེར་ཡིག་ཆེ་ཆུང་དང་། ཆོས་འབྱུང་གི་ཡི་གེ་ཆེ་ཆུང་། རྒྱལ་པོ་བཀའི་ཐང་ཡིག ཧོར་གྱི་ཡིག་ཚང་། གཞན་ཡང་ཚལ་པ་ལ་སོགས་པའི་སྡེ་དཔོན། བསྟན་བཅོས་ལ་མཁས་པའི་གང་ཟག་རྣམས་ཀྱིས་བསྒྲིགས་པའི་རྒྱལ་རབས་ཀྱི་ཡི་གེ་མང་པོ་བསགས་ནས། རེ་རེ་བཞིན་ཞིབ་མོར་བལྟས། ཡིན་མིན་གྱི་ཚེ་ཐོམ་རྣམས་བསལ། སྣང་སྐད་དང་། བརྡ་སྐད་གོ་དཀའ་བ་རྣམས་བཅོས་ཏེ་གསལ་བར་བྱས། སྙན་ངག་དང་སྡེབ་སྦྱོར་གྱི་རྒྱན་གྱིས་མ་བསྒྲིགས་པར་རང་གཞན་ཐམས་ཅད་ཀྱིས་གོ་སླ་བར་བྱས་ནས་དད་ལྡན་བསྟན་པའི་རྒྱུས་འདོད་པ་རྣམས་མོས་གུས་དང་། སྤྲོ་བ་སྐྱེ་བའི་ཕྱིར་དུ་ལེགས་པར་བཀོད་པ་འདི་བདེན་པར་ཤེས་པར་མཛོད་ཅིག །”ཅེས་གསུངས་པས། རྒྱབ་བསྟན་གྱི་ཡིག་ཆའི་ཁུངས་ནི་གོང་དུ་བགྲང་པ་ལྟར། 《བསམ་ཡས་བཀའ་གཙིགས་ཆེན་མོ་》དང་། 《གཏེར་ཡིག》 《རྒྱལ་པོ་བཀའི་ཐང་ཡིག་》སོགས་ལ་གཞིར་བཅོལ་ཏེ་བྲིས་པར་གསུངས་པས། བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་ནི་རྩོམ་པ་པོ་འདིས་བྲིས་པ་ལྟར་མ་ཡིན་པའི་རྒྱུ་མཚན་དང་སྒྲུབ་བྱེད་གཏན་ནས་མི་རྙེད་ཅིང་། འདི་ནི་ལྷ་སྒྲུང་ཡིན་པས་དོར་བར་བྱ་བའི་ལས་སུ་འཇུག་པ་ལ་དགོས་པ་གཏན་ནས་མ་མཐོང་།
རྩོམ་པ་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མཆོག་ནི། སྤྱི་ལོ་1312 ལོར་འཁྲུངས་པ་ཡིན་པས། བསྟན་པ་སྔ་དར་སྐབས་ཀྱི་ལོ་རྒྱུས་ལས་ཕྱི་དར་སྐབས་ཀྱི་ལོ་རྒྱུས་བསྡུས་ཙམ་ལས་མི་སྣང་། ལྷག་ཏུ་ས་སྐྱ་པའི་དུས་སྐབས་ཀྱི་གོང་མ་རྣམ་ལྔ་སོགས་ཀྱི་ལོ་རྒྱུས་གཅིག་ཀྱང་བྲིས་པར་མི་འདུག །བར་མཚམས་ཀྱི་ཚིགས་བཅད་རེ་རེ་ནི་ཉམས་སུ་བླངས་དགོས་པའི་རང་རྒྱུད་ཆོས་ལ་སྐུལ་བའི་གཏམ་འབའ་ཞིག་སྟེ། དཔེར་ན། “ལེགས་པར་ཉོན་ཅིག་བདག་གི་འཁོར་འབངས་རྣམས།། ཚེ་འདི་མི་རྟག་རྩྭ་ཁའི་ཟིལ་པ་འདྲ།། དེ་ལ་སྙོམས་ལས་ལེ་ལོ་མ་བྱེད་ཅིག། འཆི་བདག་བདུད་ནི་རི་གཟར་ཆུ་དང་འདྲ།། དེ་ལ་ལོང་ཡོད་རྟག་པར་མ་འཛིན་ཅིག། སྒྱུ་ལུས་ཕུང་པོ་སོས་ཀའི་མེ་ཏོག་འདྲ།། མེ་ཏོག་སད་ཀྱིས་ནམ་ཁྱེར་ངེས་པ་མེད།། ཚེ་འདིའི་བྱ་བ་སྤང་ལ་དམ་ཆོས་མཛོད།། མི་རྟག་འཆི་བར་བསམས་ལ་བརྩོན་འགྲུས་བསྐྱེད།། ང་དང་ཁྱེད་རྣམས་འབྲལ་མེད་རྟག་ཏུ་འགྲོགས།།”ཞེས་པ་ལྟ་བུ་གོ་སླ་ཞིང་ཡིད་འཛིན་བདེ་བ། ཉམས་སུ་བླང་བ་ལ་ཕན་ངེས་པའི་ཚིག་ཤ་སྟག་ཏུ་སྣང་ངོ་།།
༣ 《དེང་རབས་ཞིབ་འཇུག་རྩོམ་ཡིག་འབྲི་ཐབས་ཀྱི་གཞི་རྩའི་ལམ་སྟོན་བློ་གསལ་དགའ་བའི་རོལ་མོ།》 སྦྲ་རིགས་ཐོགས་མེད་ཀྱིས་བརྩམས། ཤོག་ངོས ༡༣༠ བྱོན། བོད་ཀྱི་དཔེ་མཛོད་ཁང་གི་སྣ་ཚོགས་དེབ་
ཕྲེང་ ༢༢ པར་དཔར་བསྐྲུན་བྱས།
[ནང་དོན་གནད་བསྡུས།] དཔེ་དེབ་འདི་ནི་དེང་རབས་ཞིབ་འཇུག་རྩོམ་ཡིག་འབྲི་ཐབས་ཤིག་རེད། ས་བཅད་ཆེ་བ་བརྒྱད་ཀྱིས་བྲིས་ཤིང་། དེང་རབས་བོད་ཡིག་ཞིབ་འཇུག་དཔྱད་རྩོམ་འབྲི་ཐབས་སུ་དམིགས་ཏེ་བྲིས་པ་ཞིག་རེད། དེ་ཡང་“ཞིབ་འཇུག་བྱ་བའི་སྔོན་དུ་འགྲོ་དགོས་པ་གསུམ། ཟིན་བྲིས་འདེབས་ཚུལ་གྱི་གྲ་སྒྲིག་གལ་ཆེན་ཁ་ཤས། བོད་ཡིག་གི་ཞིབ་འཇུག་རྩོམ་ཡིག་འབྲི་སྐབས་ངེས་དགོས་པ་ཁག །ཞིབ་འཇུག་གི་ལྟ་གྲུབ་དང་ཐབས་ལམ། རྒྱུ་ཆ་ལུང་འདྲེན་བྱེད་ཚུལ་སྐོར། སྒྲ་དང་དོན་གཉིས་སོ་སོར་ལུང་འདྲེན་བྱེད་ཚུལ། ཐུགས་རྗེ་ཆེ་ཞུ་བའི་གཏམ། དཔེ་ཐོ་ཕྱོགས་བསྡུས་”དང་བཅས་ཏེ། ས་བཅད་ཀྱི་ཆིངས་བརྒྱད་ཀྱིས་བྲིས་པའི་ཧ་ཅང་མཁོ་ཆེ་བའི་དཔེ་དེབ་ཞིག་ཏུ་མཐོང་། ས་བཅད་རེའི་བརྗོད་དོན་ཁ་གསལ་ཞིང་། གོ་རིམ་གྱི་འཇུག་ལྡོག་གནད་ཕིགས་པའི་ཞིབ་འཇུག་དཔྱད་རྩོམ་འབྲི་བར་མ་བལྟས་ཐབས་མེད་ཀྱི་དེབ་མཆོག་སྙིང་རྗེ་བོ་ཞིག་གོ་སྙམ།
[བཀླགས་བྱང་ཉུང་བསྡུས།] དཔེ་དེབ་འདི་དྲྭ་ཐོག་ནས་རྙེད་པས་ཤིན་ཏུ་དགའ་ཚོར་བྱུང་། ང་ལ་དེའི་སྐོར་དཔེ་དེབ་མཁོ་ཆེ་བས་ཡིན། མ་གཞི་རང་ཉིད་ཀྱིས་དཔྱད་རྩོམ་གྱི་མིང་བྱང་བསྙད་པའི་དཔྱད་རྩོམ་ཐར་ཐོར་མང་པོ་བྲིས་མྱོང་མོད། གཞན་ལྟ་ཅི་རང་ཉིད་ཀྱིས་ཡིད་ཚིམ་པའི་དཔྱད་རྩོམ་ཚད་ལྡན་རེ་ད་སྔོན་འབྲི་ཐུབ་མེད། དཔྱད་རྩོམ་འབྲི་ཐབས་སྐོར་གྱི་སྒྲ་ཉན་པ་དང་། རྩོམ་ཡིག་ཐར་ཐོར་རེ་བཀླགས་ཀྱང་། དམིགས་བསལ་དཔྱད་རྩོམ་འབྲི་ཐབས་སྐོར་བྱང་ཆུབ་པ་ཞིག་ཡོང་བར་དཀའ། ད་ཐེངས་དེང་རབས་དཔྱད་རྩོམ་འབྲི་ཐབས་སྐོར་གྱི་ཡིག་ཆ་བཙལ་ཉུལ་བྱེད་སྐབས་ཨོག་སུ་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་སློོབ་མ་སྦྲ་རིགས་ཐོགས་མེད་ལགས་ཀྱིས་བརྩམས་པའི་《དེང་རབས་ཞིབ་འཇུག་རྩོམ་ཡིག་འབྲི་ཐབས》འདི་རྙེད་སོན་བྱུང་སྟེ་སྐོམ་པས་ཆུར་འདོད་པ་ལྟར། ཞིབ་ཀྱིས་བཀླགས་ཏེ་དུས་ཡུན་ཐུང་ངུར་བཀླགས་གྲུབ། ད་དུང་ཡིད་མ་ཚིམ་པར་ཚར་འགའ་བཀླག་རྒྱུ་འཆར་གཞི་ཡང་འཐེན་པ་ཡིན།
ནང་པའི་སྒོར་ཞུགས་པའི་འུ་ཅག་རབ་བྱུང་བ་དག་གིས་ཀྱང་། དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་དེང་རབས་དཔྱད་རྩོམ་འབྲི་ཐབས་དང་། དེའི་སྐོར་གྱི་ཤེས་བྱ་ལ་སློབ་སྦྱོང་བྱེད་པ་ཡིན་ན། དགེ་མཚན་ལས་གནོད་པར་མ་མཐོང་ཞིང་ཁེ་ཕན་ལས་གྱོང་ཁ་མི་རག་པར་སྙམ་པས། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་གི་ཚད་གཞིར་སླེབས་པའི་ཞིབ་འཇུག་བྱེད་ཚུལ་གྱི་ཐབས་ལམ་ལ་ཁ་ཕྱོགས་པ་དང་། དེར་གོམ་པ་སྤོ་བའི་མིག་རྒྱང་ཡོད་དགོས། དེ་བས་དཔྱད་རྩོམ་ཚད་ལྡན་རེ་འབྲི་བར་འདོད་ན། ནང་པའི་གཙུག་ལག་རིག་གཞུང་གི་བསྟི་གནས་བཤད་གྲྭ་རྣམས་སུ་སྒྲིག་འཛུགས་ཡོད་པའི་ཐོག་ཞིབ་འཇུག་དཔྱད་རྩོམ་འབྲི་བར་སློབ་སྦྱོང་གི་ཆ་རྐྱེན་བསྐྲུན་པ་དང་། དེའི་ཕྱོགས་སུ་གོམ་པ་སྤོ་དགོས་པ་ནི་དུས་སུ་བབས་པའི་ལས་ཀྱི་སྣེ་མོ་དེ་ཡིན།
རྩོམ་པ་པོས། “དེ་ལ་བརྟེན་ནས་བོད་ཡིག་ནང་བྲིས་པའི་ཞིབ་འཇུག་བརྩམས་ཆོས་ཁག་ཀྱང་། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་གི་ཚད་གཞི་ཟིན་པའི་ཞིབ་འཇུག་ཏུ་འགྱུར་ཐུབ་པ་དང་། རིམ་བཞིན་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་སྡེ་ཁག་གིས་ཀྱང་། བོད་ཡིག་ཏུ་བྲིས་པའི་བརྩམས་ཆོས་ཁག་ལ་ངོས་འཛིན་དང་ཆེ་མཐོང་སྤྲོད་ངེས་ཡིན།” ཞེས་གསུངས་པ་ལྟར། དེབ་འདི་ནི་དམིགས་ཡུལ་ཆེ་རུ་བཏང་སྟེ་སྟོང་ཆ་དེ་དག་བསྐང་ཕྱིར་བྲིས་པ་ཞིག་རེད། ལྷག་ཏུ་ང་ལྟ་བུ་ཞིབ་འཇུག་ལ་ཐོག་མར་འཇུག་མཁན། དེང་རབས་དཔྱད་རྩོམ་འབྲི་བའི་རྨང་གཞི་ལ་བསླབ་མཁན་དག་ལ་མཁོ་དམིགས་སུ་འཛིན་ཏེ་བྲིས་པ་ཞིག་རེད་འདུག་པས། དེར་སློབ་སྦྱོང་བྱོས་དང་བློ་སྐྱེད་སྟེར་ངེས་པ་ཡིན། དེབ་ཆུང་འདིར་ཐ་ན་ཞིབ་མཇུག་གི་མཆན་འདེབས་ཚུལ་དང་། དཔེ་ཐོ་འགོད་ཚུལ། ཚིག་འགྲེལ་རེའུ་མིག །ཡིག་རྟགས་སྤྱོད་ཚུལ། ལྷན་ཐབས་འགོད་ཚུལ་སོགས། བལྟས་ན་ཆུང་ངུ་འདྲ་བ་འདི་དག་ལའང་དོན་ཆེན་པོ་ཡོད་པ་དང་། ཚད་ལྡན་ཞིབ་འཇུག་རྩོམ་ཡིག་ཅིག་འགྲུབ་པར་དེ་དག་མེད་ཐབས་མེད་པ་ཡིན་པས། གོ་རིམ་བཞིན་དུ་དཔེ་བརྗོད་འགྲེལ་བཤད་དང་བཅས་གསལ་བར་བྲིས་འདུག །མདོར་ན། དེང་རབས་ཞིབ་འཇུག་དཔྱད་རྩོམ་འབྲི་བར་ཆ་རྐྱེན་དང་། དེའི་ཐབས་ལམ་སོགས་ཅུང་ཟད་རྒྱུས་ཡོད་དུ་གྱུར་སོང་བསམས་ནས་སེམས་གཏིང་ནས་དགའ་བ་དང་། ཡི་རངས་བྱ་རིན་ཡོད་པ་ཞིག་རེད།

༤《དགའ་བའི་འཚོ་བ།》 ༧ ཡོངས་དགེ་མི་འགྱུར་རིན་པོ་ཆེས་བརྩམས། གྲགས་པ་སྐལ་བཟང་གིས་བསྒྱུར། ཤོག་ངོས༤༢༢བྱོན། རིགས་དབྱེ། ནང་ཆོས་དང་ཚན་རིག
[ནང་དོན་གནད་བསྡུས།] དེབ་འདི་ནི་ཡོངས་དགེ་མི་འགྱུར་རིན་པོ་མཆོག་གིས་བརྩམས་ཤིང་། རྒྱལ་ཁབ་སུམ་བཅུར་ལྷག་ལ་ཁྱབ་གདལ་དུ་སོང་བའི་འཛམ་གླིང་གི་སྐད་གྲགས་ཅན་གྱི་བྲིན་རྒྱུག་ཆེ་གྲས་སུ་གྱུར་པའི་དཔེ་དེབ་ཞིག་རེད། རྩོམ་དེབ་འདིའི་ནང་རང་རེར་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ཡོད་པ་དེ། ཇི་ལྟར་བྱས་ནས་ཇེ་ཉུང་དང་མེད་པར་བཏང་བའི་ཐབས་ལམ་སྟེ། ཞི་འཇམ་བག་ཕེབས་དང་། གུ་ཡངས། འོད་གསལ་སེམས་ཀྱི་རང་བཞིན། སྙིང་རྗེ། སེམས་བཟང་པོ་སོགས་མདོར་ན། མི་ཚེ་བདེ་སྐྱིད་ཀྱིས་འཚོ་བའི་ཐབས་སུ་ནང་ཆོས་དང་ཚན་རིག་གི་ཐབས་ལམ་སྟོན་པའི་དེབ་མཆོག་ཞིག་རེད།
[བཀླགས་བྱང་ཉུང་བསྡུས།]དེབ་འདི་ནི་རྒྱལ་སྤྱིའི་ཚད་གཞིར་ཟིན་པའི་ནང་ཆོས་ཀྱི་བརྗོད་གཞི་རྩལ་འདོན་བྱས་པའི་དེབ་མཆོག་ཞིག་དང་། རྩོམ་པ་པོ་ཁོང་ནི། ད་སྐབས་འཛམ་གླིང་ན་གྲགས་པ་འབར་བའི་ནང་པའི་དགེ་སློང་ཞིག་ཡིན། ངས་དེབ་འདིར་མཇལ་བའི་མཇུག་ཕུད་པ་མཉམ་དུ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་ཞུ་བ་ཁོང་ནི་སྒོམ་ཉམས་ལེན་ལ་ཐུགས་མཉེས་ཆེན་པོ་ཡོད་མཁན་ཙམ་དུ་མ་ཟད། མི་ལོ་མང་པོར་དབེན་པའི་གནས་སུ་ཕེབས་ཏེ་སྒོམ་ལ་ཡུན་རིང་བཞུགས་པའི་སྙིང་སྟོབས་དང་། ལག་ལེན་གྱི་ཤེས་རབ་གཉིས་ཡལ་བྲལ་དུ་མ་སོང་བའི་སྐྱེས་བུ་ཁྱད་པར་འཕགས་པ་ཞིག་རེད་ཨང་སྙམ་པ་ཞིག་བྱུང་། ཁོང་ནི་ད་ལྟའི་སྐབས་འཛམ་གླིང་ན་ནང་པའི་ཆོས་པ་ཞིག་གི་མཚན་སྙན་བཞེས་ཤིང་། ནང་པའི་སྒོམ་རིམ་གྱི་ཉམས་ལེན་འཛམ་གླིང་ན་འཆད་སྤེལ་མཛད་མཁན་གྱི་བླ་མ་ཞིག་ཡིན། ཁོང་གིས་ཉམས་ལེན་གནང་སྟངས་དང་། གཞན་ལ་ཉམས་ལེན་གྱི་བཀའ་གསུང་དག་ནི་རིན་བྲལ་གྱི་ལེགས་བཤད་ཅིག་ཏུ་འཁུམས་འདུག་པ་དང་། ད་ཐེངས་《དགའ་བའི་འཚོ་བ》འདི་མཇལ་གྲུབ་པས་ཚོར་ཤེས་རྣོན་པོ་ཞིག་གིས་ཁོང་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
དེབ་འདིའི་ནང་སྒོམ་ལ་འཇུག་པའི་ལས་དང་པོ་པ་ལ་མཁོ་ངེས་པའི་སྟབས་བདེ་བའི་གསལ་བཤད་དང་། སྐབས་དང་འཚམ་པའི་དཔེར་འགོད་སོགས་ཤིན་ཏུ་རྨད་པའི་ལེགས་ཐོག་རྒྱན་གྱུར་གྱི་གོ་སླ་བའི་ཁྱད་ཆོས་མང་དུ་ལྡན། ཁོང་གི་བརྩམས་ཆོས་ཕལ་ཆེར་གཞན་ཡིག་སྟེང་དུ་བཞུགས་པས་མཇལ་ཐབས་བྲལ། བོད་ཡིག་ཏུ་འགྱུར་པའི་《དགའ་བའི་འཚོ་བ》 འདི་དང་། བོད་ཡིག་ཐོག་ཏུ་བརྩམས་གནང་བའི་《མངོན་པའི་མཛོད་ཀྱི་སྒོམ་རིམ》 འདི་གཉིས་བཞུགས། དེ་གཉིས་ཞིབ་ཀྱིས་བཀླགས་པའི་དུས་ཚོད་འཛོམས་པོ་བྱུང་སོང་། 《དགའ་བའི་འཚོ་བ》འི་ནང་ཞི་གནས་དང་། སེམས་ཀྱི་གནས་སྟངས། བྱམས་སྙིང་རྗེ། བྱང་ཆུབ་སེམས་བསྒོམ་ཐབས་དང་། ཀླད་མའི་དབང་རྩ་དང་སེམས་གཉིས་ཀྱི་མཐུན་ལམ་སོགས་སྒོམ་ཉམས་ལེན་དང་ཚན་རིག་གི་ཞིབ་འཇུག་སྦྱར་ཏེ་ཁ་གསལ་ཞིང་། གོ་བདེ་བར་གསུང་འདུག་པས། སྡུག་བསྔལ་གྱི་སྙོག་འཛིང་ལས་ཐར་བར་འདོད་ན། ངེས་པར་དུ་དེབ་འདི་ཀློག་དང་ཁྱེད་ཉིད་ལ་སེམས་ཀྱི་དྲོལ་ཁོལ་ཞིག་སྦྱིན་ཡོང་། དུས་རབས་ཀྱི་སྨན་ལྟ་བུ་སྟེ་སེམས་བཅོས་བསྒྱུར་ཐབས་ལམ་གྱི་དེབ་འདི་ཀློག་དང་སྔར་མེད་ཀྱི་བདེ་སྐྱིད་དང་། མི་ཚེའི་རིན་ཐང་ངོས་ཟིན། རང་གིས་འཚོ་བ་ཇི་ལྟར་བྱས་ནས་སྐྱེལ་དགོས་པ་སོགས་ཤེས་པར་འགྱུར། མདོར་ན། དེབ་འདི་ནི་རིན་པོ་ཆེ་ཁོང་གིས་འཛམ་གླིང་ལ་ལེགས་སྐྱེས་སུ་ཕུལ་བའི་དུས་སུ་བབས་པའི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཡིན་ནོ།།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease