ཨ་མ་དྲན་སྟངས་འདི་ལྟར་ཡིན།

    རྩོམ་པ་པོ། གོ་ཁྲབ་ཉི་མ།


ཨ་མ་དྲན་སྟངས་འདི་ལྟར་ཡིན།

 

              གོ་ཁྲབ་ཉི་མ། འཇོ་མདའ།    


དེ་རིང་ང་རང་ཕ་ཡུལ་དང་ཁྱིམ་མི་ཚོར་ཁ་གྱེས་ནས་ཉིན་ཞག་འགའ་ཞིག་འགོར་སོང་། དེའི་ཕྱིར་ངས་ཕ་ཡུལ་དང་ཁྱིམ་མི་ཚོ་དྲན་གྱིན་འདུག ལྷག་ཏུ་མིང་ཚིག་དང་ཐ་སྙད་ཀྱིས་མཚོན་མི་ཐུབ་པའི་བྱམས་ལྡན་གྱི་ཨ་མ་ཧ་ཅང་དྲན་སོང་། ད་ནངས་ཞོགས་པར་གཉིད་ལས་སད་སྐབས་མགྲོན་ཁང་གི་སྒེའུ་ཡོལ་གཉིས་ཕྱོགས་རེ་རེ་བཞིན་ཕྱེ་དུས། དཀར་མཛེས་གྲོང་ཁྱེར་ནི་གསེར་ཞུན་མ་དང་མཚུངས་པའི་ཉི་འོད་ཀྱི་བྱམས་བརྩེ་དང་དྲོད་ཁོལ་གྱིས་སྐྱོང་བཞིན་འདུག ང་རང་མཛེས་སྡུག་ལྡན་པའི་ཕ་ཡུལ་ནས་ཨ་མའི་མཉམ་དུ་ཡོད་དུས་ཨ་མས་ངར་ནངས་ཇ་བླུད་ཟིན་ནས། ནོར་ནག་ཀྱང་རི་ཁར་བཀྲམ་ཚར་བའི་དུས་ཚོད་དེ་རེད   འོན་ཀྱང་དེ་རིང་ང་རང་ཨ་མ་དང་ལྷན་དུ་མེད་པས་ད་དུང་ནངས་ཇ་རག་མ་སོང་། 

སྔ་དྲོའི་དུས་ཚོད་བཅུ་ལས་ལྷག་ཙམ་དུས་ངས་སྟབས་བདེའི་ཟ་ཁང་ཞིག་ནས་“ཕོ་ལོག”བཞི་དང་འབྲས་ཁུ་ཞིག་ཉོས་ནས་སླར་ཡང་མགྲོན་ཁང་དུ་ལོག་སྟེ་ནངས་ཇ་འཐུང་འགོ་བརྩམས།   འོན་ཏེ་ཕོ་ལོག་གཅིག་དང་འབྲས་ཁུ་ཕྱེད་ཀ་ཙམ་མ་གཏོགས་འཐུང་ཐུབ་མ་སོང་།  གལ་ཏེ་ཨ་མ་འཇིག་རྟེན་དང་ཁ་བྲལ་སོང་ན་གནས་འདིའི་ཟས་རིགས་ཡོད་ཚད་ལ་འདི་ལྟར་ཡི་ག་ཆད་འགྲོ་བ་རེད་དམ་ཞེས། རང་གིས་རང་ལ་དྲི་བ་འདོན་བཞིན་སྒེའུ་ཁུང་གི་འགྲམ་དུ་འགྲེངས་ནས།  ངས་ཕྱི་རོལ་མི་ཚོགས་ཀྱི་དབུས་སུ་ཡང་ཡང་ཅེར།  འུར་ཟིང་གིས་ཁེངས་པའི་སྲང་མདོ་དེ་རུ་ངའི་ཨ་མ་ལྟ་བུ་ནི་སུ་ཡང་མཐོང་རྒྱུ་མེད་ཅིང་ཨ་མ་ལས་ལྷག་པའི་བུད་མེད་ཅིག་ནི་དེ་ལས་ཀྱང་རིག་རྒྱུ་མི་འདུག  ངས་ཨ་མ་དྲན་བཞིན་ཨ་མའི་ལས་དབང་དང་དཀའ་སྡུག་དྲན་བཞིན། ཡུན་རིང་ཡུན་རིང་ཞིག་ལ་སྒེའུ་ཁུང་ནས་མི་ཚོགས་ཀྱི་འདུ་འཛི་ལ་བལྟས་ནས་བསྡད།   འོན་ཏེ།  འཇིག་རྟེན་ན་ཨ་མ་ནི་གཅིག་ལས་མེད་ཅིང་ཨ་མ་ཡོད་པའི་ས་ཕྱོགས་ཀྱང་རང་ཉིད་ཀྱི་ཕ་ཡུལ་ལས་གང་དུའང་མི་འདུག

དུས་ཚོད་ཚང་སོང་།  ང་རང་མགྲོན་ཁང་ན་འདུག་ཆོག་པའི་དུས་ཚོད་ལས་བརྒལ་སོང་བས་མི་འགྲོ་འདུག་དབང་མི་འདུག  སྒོ་ཁར་ཐོན་དུས་སྟོན་ཟླ་དགུ་པའི་གྲོང་ཤུར་ཤུར་གྱི་ལྷག་རླུང་ཧ་ཅང་བཙན་པས། སླར་ཡང་ངས་ཕ་ཡུལ་ལ་གནས་པའི་རང་ཁྱིམ་དྲོན་མོ་དེ་དྲན་སོང་།  ངའི་ཕ་ཡུལ་ནས་དྲོད་ལྷང་ལྷང་གི་རང་ཁྱིམ་དུ་ཨ་མའི་གམ་ན་ཡོད་དུས། ང་རང་ཇི་ཙམ་བསྡད་ན་འདུག་ཆོག་པའང་དྲན་སོང་། ངས་ནི་མང་པོ་མང་པོ་ཞིག་དྲན་བཞིན་དཔེ་དེབ་ཀྱིས་གང་བའི་རྒྱབ་ཁུག་དམར་པོ་ཞིག་རྒྱབ་ཏུ་ཁུར་ཏེ་ཨ་མས་ང་ལ་བསྐུར་བའི་གྲོ་ཆས་དག་འགྲུད་སྒོམ་ཞིག་ཏུ་བརྫིབས་ནས། ནམ་ཟླ་འདིའི་རླུང་བུ་དང་ཁ་ཐག་ཉེ་ཞིང་རང་དབང་བྲལ་བའི་གཞུང་ལམ་ནང་གི་ལོ་འདབ་སེར་པོ་ནང་ལྟར། ཁ་ཕྱོགས་ཙམ་ཡང་མེད་པར་སྲོང་མདོ་ནས་མི་ཚོགས་ཀྱི་གསེབ་ཏུ་འཚང་སོང་། 

ཨ་མ་མེད་པའི་མི་ཚོགས་ཀྱི་གསེབ་ནས་ང་ནི་མ་མེད་ཀྱི་“བེའུ”་ཞིག་ནོར་ཁྱུའི་ཁྲོད་ནས་སུ་ལ་ཡང་འཁྲི་ས་མེད་པ་ཇི་བཞིན་བཅར་ས་དང་འཁྲི་སའི་ངོ་ཤེས་སུ་ཡང་ཐུག་རྒྱུ་མི་འདུག   གལ་ཏེ་ཨ་མ་མི་ཡུལ་དང་ཁ་གྱེས་རྗེས་ཡོད་ཚད་ཀྱིས་ང་ལ་འདི་ལྟར་མཐོང་ཆུང་བྱེད་ཅིང་ང་རང་ཡང་མཉམ་ཆུང་ངེར་མི་ཚེ་བསྐྱེལ་དགོས་པ་རེད་དམ།   ཡང་ན་ངས་ཨ་མ་ལས་སུ་ལ་ཡང་ཡིད་ཆེས་མེད་པས་ང་རང་འདི་བཞིན་དུ་མཉམ་ཆུང་ཆུང་བྱེད་དེ་འགྲོ་དགོས་པ་རེད་ཅེས་འདྲི་ཚིག་དུ་མ་ཞིག་འཚང་ཁ་ཤིག་གེར་བཤར་སོང་།  དེའི་ཚེ།   སྐབས་ལ་ལར་ད་ནས་བཟུང་ངའི་ཨ་མ་དགོན་ནང་དུ་ཁྲིད་ནས་ངས་ཡིད་ཚིམས་པའི་ལྟ་སྐྱོང་བྱེད་པ་དང་། ཡང་སྐབས་ལན་རེར་ང་རང་ཕ་ཡུལ་དུ་འགྲོ་ནས་ཨ་མའི་མཉམ་དུ་དཀའ་སྡུག་གི་ལག་རོགས་བྱེད་ཀྱིན་འདུག་དགོས་པ་སོགས། རྟོག་བཟོ་ལན་མང་བྱས་ཏེ་གང་སར་སོང་། 

སྲོང་བར་ཞིག་གི་ཤར་ངོས་སུ། ལྷམ་ཁོ་ན་ལས་བཙོང་རྒྱུ་མེད་པའི་ཚོང་ཁང་ཞིག་ནས་རང་ལ་འཚམས་པའི་ལྷམ་ཞིག་ལ་དམངས་སྒོར་སུམ་བརྒྱ་ལྔ་བཅུ་སྟེར་ནས་ཉོས། ང་རང་ཕྱི་རུ་བུད་སྐབས་ཨ་མ་ལ་ཡང་དགུན་ལྷམ་འདི་ལྟ་བུ་ཞིག་ཉོས་ན་དྲོ་ས་དང་བདེ་ས་རེད་ཅེས་རང་གིས་རང་ལ་ཁེར་གཏམ་བྱེད་དེ་འགྲོ་དུས། གསར་བུ་དང་གསར་མོ་འགའ་ཞིག་གིས་ངའི་གདོང་ལ་བལྟས་ནས་བགད་ཀྱིན་འདུག   ངས་ལན་དུ་“ཁྱོད་ཚོ་མ་བགད”།  ངེད་མ་བུ་གཉིས་ནི་ཧ་ཅང་བརྩེ་བ་ཟབ་སྟབས།ངའི་འཇིག་རྟེན་ན་མེད་དུ་མི་རུང་བ་ནི་ཨ་མ་ལས་མེད་ཅིང་། ཨ་མས་ཀྱང་ཉིན་མཚན་བར་མ་ཆད་པ་དྲན་རྒྱུ་དང་བསམ་རྒྱུ་ང་ལས་མེད་པས་ད་ལྟ་ཡང་ཨ་མས་ང་རང་རབ་ཏུ་དྲན་གྱིན་ཡོད་ངེས། དེའི་ཕྱི་ངས་ཨ་མ་དྲན་གྱིན་ཡོད་ཅེས་སུས་ཀྱང་མི་གོ་བའི་སྐད་གདང་དམའ་མོའི་གཏམ་དེ་ཕྱི་ཁར་བཞག་སྟེ་འགྲུད་སྒོམ་འགྲུད་གྱིན་བུད་སོང་།

བཟོད་ཐབས་མེད་པའི་དྲན་གདུང་རྣོན་པོ་ཞིག་གིས། ངའི་འགྲམ་པ་གཡས་གཡོན་ནས་འཁྱག་སིམ་སིམ་གྱི་མིག་ཆུ་རྡོག་རེ་བསླངས་ཏེ།  རང་དབང་མེད་པར་ང་རང་རྫོགས་མི་ཚར་བའི་གཏམ་བརྗོད་མང་པོ་ཞིག་ཀློག་ཏུ་ཁྲིད་སོང་།  འགྲོ་བ་མཐའ་དག་ལ་མ་རེ་རེ་ཡོད་པ་ནང་བཞིན་ང་ལ་ཡང་དཀོན་མཆོག་གིས་ཨ་མ་ཁྱེད་རང་གནངས་སོང་།  བུ་ཡིས་མི་ལོ་ཉེར་ལྔའི་རིང་ལ་མ་རབ་ཀྱི་བྱ་བ་གང་འདྲ་ཞིག་ལས་ནའང་ཨ་མས་འཕྱ་སྨོད་དང་རྡུང་རྡིག་གཏན་ནས་བྱས་མ་མྱོང་བ་མ་ཟད།དགའ་དགའ་ཡག་ཡག་དང་གཅེས་གཅེས་བྱམས་བྱམས་ཁོ་ནས་གཉོར་མཁན་ནི་ཨ་མ་ཁྱེད་ཉིད་ཙམ་རེད། ང་ཁྱེད་རང་གི་མངལ་དུ་འཁོར་ནས་བཟུང་དེ་རིང་གི་བར་དུ་སྐུ་ཁག་དང་འོ་རྒྱལ་ཇི་ཙམ་མཛད་ཡོད་པ་ལས་མང་པོ་ཞིག་ངས་རྟོགས་ཀི་ཡོད། ཨ་མའི་བཀའ་དྲིན་ནི་རི་བོ་ལས་སྤང་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ།

འཚང་ཁ་ཤིག་ཤིག་གི་མི་ཚོགས་འདིའི་དབུས་སུ་ཨ་མ་ཡོད་ན། གསེར་འོད་ལམ་ལམ་གྱི་ཉི་ཟེར་འདི་ཉིད་ཨ་མ་ཡིན་ན། ཡང་ན། ང་རང་ནར་མ་སོན་པའི་བྱིས་པ་སྣབས་ལུག་ཅིག་ཡིན་ན་ད་དུང་ང་རང་ཨ་མའི་མཉམ་དུ་ཡོད་ངེས། བྱིས་པ་ནར་སོན་པ་ནི་ཕ་མས་རེ་སྒུག་འབུམ་གྱིས་བསུས་པ་ཡིན་ལ། རང་ཉིད་ཀྱིས་ཀྱང་རེ་བ་ཆེན་པོ་བཅངས་ནས་ཆུ་ཚོད་སྐར་མ་བསགས་པའི་ལོ་ཟླའི་འཕྲོ་ནས་རིམ་བཞིན་ཐོབ་པ་ཞིག་ལས་མ་འདས་མོད།  དོན་ངོ་མར་བྱིས་པ་ནར་སོན་པ་ནི་ཨ་མ་དང་རྒྱང་ཐག་ཇེ་རིང་དུ་གཏོང་བ་རེད་འདུག་སྟེ། ཨ་མའི་རུམ་ནས་པང་དུ། པང་ནས་གམ་དུ། གམ་ནས་མཐོང་ཙམ་དུ། མཐོང་ཙམ་ནས་ཐོས་ཙམ་སོགས། རྒྱང་ཐག་ཇེ་རིང་དུ་བུད་འགྲོ་བས་ང་རང་ནར་སོན་པ་ལ་སུན་སྣང་ལས་ཅི་ཡང་མི་འདུག 

ཕ་ཡུལ་དང་དཀར་མཛེས་གྲོང་ཁྱེར་བར་དུ་རྒྱང་ཐག་དེ་ཙམ་རིང་རྒྱུ་མེད་ན་ཡང་། ཨ་མ་དྲན་པ་ནི་འདི་འདྲ་ཞིག་རེད་ཅེས་མཚུངས་དཔེ་ཞིག་གཏན་ནས་བརྙེད་ཐབས་མི་འདུག  ཨ་མ་ནི་བདེ་འཇགས་ཀྱི་ངང་ནས་ཕ་ཡུལ་དུ་བཞུགས་ཡོད་པས། ངས་ཨ་མ་དྲན་ན་ང་རང་འདི་ཙམ་སྐྱོ་དགོས་དོན་མེད་ཀྱང་། ངས་ཨ་མ་དྲན་ན་ཨ་མའི་ཞལ་རས་དྲན་ཡོང་།  ཨ་མའི་ཞལ་རས་དྲན་ན།  ཞལ་རས་ཀྱི་གཉེར་མ་དེ་དག་མི་དྲན་ནས་སྐུང་ཐབས་མི་འདུག   ཨ་མའི་ཞལ་རས་ཀྱི་གཉེར་མ་དེ་དག་ལོ་ཟླ་མང་པོ་རུ་མ་སོང་ནའང་ཉིན་ཞག་རེ་གཉིས་ཀྱི་མཚམས་ནས་ཇེ་མང་དུ་ཡོང་བར་བསམ་ན།  ངའི་སེམས་ནང་གི་སྐྱོ་བ་ནི་ལྷུང་ལྷུང་དུ་འབབ་གཙང་བོ་ཇི་བཞིན་ཡེ་ནས་འགོག་ཐབས་མི་འདུག  

འདིའི་ཕྱོགས་ནི་ཕ་ཡུལ་དང་བརྡུར་ན་ཧ་ཅང་གནམ་གཤིས་དྲོན་པོ་འདུག་པས་ངས་ཉི་ཞྭ་ཞིག་ཉོ་བསམ་སྟེ་ཚོང་ཁང་ཁ་ཤས་ཤིག་བརྒྱུད་པ་ཡིན།   འོན་ཀྱང་ངའི་བློར་བབ་པའི་ཉི་ཞྭ་གཅིག་ཀྱང་འཕྲད་ཐུབ་མ་སོང་།   འདི་ནས་ཉི་ཞྭ་ཉོ་རྒྱུ་མ་ལོན་ཡང་དགོན་ནང་ན་ཡོད་ངེས་བསམ་སྟེ་ཡོད་པའི་རེ་བ་ཡང་དེ་ཙམ་མ་བྱས།  གྲོང་ཁྱེར་འདི་གཞི་རྒྱ་ཇི་ཙམ་ཆེ་ན་ཡང་ཨ་མ་ཁྱེད་རང་འདྲ་བ་ནི་མོ་གཤམ་གྱི་བུ་དང་མཚུངས་པས་གཏན་ནས་མཐོང་ཐབས་མ་བྱུང་།  

༡༠

ང་རང་དགོན་ནང་དུ་འགྲོ་རྩིས་བྱས་ཏེ་རླངས་འཁོར་འབབ་ཚུགས་སུ་སོང་བས།  ད་དུང་ཨ་མ་དྲན་པ་ནི་འབུར་བརྐོས་ཀྱི་རི་མི་ཇི་བཞིན་ངའི་སེམས་ངོགས་ནས་ཡལ་ཐབས་མི་འདུག རྒྱང་ཐག་འདི་ལས་རིང་བ་ཞིག་གམ་ཡང་ན་ཤི་བྲལ་དགོས་པ་ནི་ཆོས་ཉིད་ཡིན་པས་ངས་ཇི་ལྟར་བཟོད་དགོས་སམ་བསམ་སྟེ། མཆོག་གསུམ་ལ་སྐྱབས་འཇུག་ཞུ་བཞིན་རླངས་འཁོར་འབབ་ཚུགས་སུ་ཐོན་སོང་།  འབབ་ཚུགས་དེར་ང་དང་བཟང་སའི་ཁ་ལོ་བ་ཞིག་དང་འཕྲད་པས་ང་རང་ཁོའི་རླངས་འཁོར་དུ་བསྡད་ནས་ལམ་ལ་ཆས་འགོ་བརྩམས།

༡༡

ལམ་བར་ནས་ངས་བསམ་གཞིག་གི་བར་སྟོང་ཞིག་ལ་ཐོན་པ་ནི་ཨ་མའི་ཚེ་སྲོག་གི་ནམ་ཟླ་དང་དུས་བཞིའི་འཕོ་འགྱུར་རེད།  དབྱར་ཁའི་ཞོགས་པ་རེ་རེར་ཤག་ཤག་ཏུ་བབ་པའི་དྲག་ཆར་དེ་དག  དགུན་ཁའི་ས་སྲོད་རེ་རེར་ལྷབ་ལྷབ་ཏུ་བབ་པའི་ཁ་བ་དེ་དག ཨ་མས་ཅི་ཡང་མི་སྙམ་པར་འཛུམ་མདངས་ཀྱིས་བསུས་པ་དྲན་ན་སླར་ཡང་ངའི་ངོ་གདོང་ནས་མིག་ཆུ་མི་བཞུར་རང་དབང་མ་བྱུང་། རླངས་འཁོར་ནང་ནས་ང་རང་གཟན་གྱིས་མགོ་བོ་དཀྲི་བཞིན་ཡོང་བས། ཁ་ལོ་བས་ཨ་རོ་ཁ་བརྡ་གྱིས་ད་ཞེས་ལན་མང་བསྐུལ་ཡང་ངས་ཅི་ཡང་མ་སྨྲས་པར་དགོན་ནང་དུ་འབྱོར་སོང་།

༡༢

ད་ནི་ངས་རང་ཉིད་ཀྱི་ཁང་པ་གཙང་སྦྲ་བྱས་ཟིན་ནས་ང་རང་ཉལ་ཆས་བྱེད་ཀྱིན་ཡོད།"ཨ་མ་"ང་ལ་ཨ་མ་ཞེས་འབོད་ས་ཞིག་འཇིག་རྟེན་འདིར་ཡོད་པས་ཅིའི་ཕྱིར་དུ་སྡུག་དགོས་པ་རེད། ཨ་མ་མེད་པའི་དྭ་ཕྲུག་ཚོའམ་ཡང་ན་ཨ་མ་ཁྱེད་རང་འཇིག་རྟེན་འདི་ནས་ཕེབས་རྗེས་ངས་སུ་ཞིག་ལ་ཨ་མ་ཞེས་གདགས་དགོས་སམ། སྐྱོ་དགོས་དོན་མི་འདུག ང་རང་སྐྱོ་དགོས་དོན་མི་འདུག ང་ལ་ད་དུང་ཨ་མ་ཞེས་འབོད་ས་ཞིག་ཡོད་པས་གཏན་ནས་སྐྱོ་དགོས་དོན་མི་འདུག 

༡༣

ད་ནི་ང་རང་ཉལ་ཟིན་ནས་དུས་ཚོད་ཅུང་ཙམ་འགོར་སོང་།  ངས་“འདར་དབྱངས་”དང་“མགྱོགས་འཕྲིན་”གཉིས་ལྟ་རེས་བྱས་ནས་ཡར་དེད་མར་དེད་ཇི་ཙམ་བྱས་ཀྱང་ཨ་མའི་སྐུ་གཟུགས་དང་འདྲ་བ་ཡང་གཏན་ནས་མཐོང་རྒྱུ་མི་འདུག  ངས་ཨ་མ་སྐུ་ན་གཞོན་དུས་ཀྱི་སྐུ་པར་ཆུང་ཆུང་ཞིག་སྔས་མགོ་རུ་བཤམས་ནས་ཉལ་དུས།   ཨ་མའི་བྱམས་པ་དང་བརྩེ་བ་སོགས་མཐའ་ཡས་པའི་བཀའ་དྲིན་དེ་ཇི་ལྟར་འཇལ་དགོས་སམ་ཞེས་བསམ་རྣོ་མི་འདོན་རང་དབང་མི་འདུག 

༡༤

ད་ནི་མཚན་མོའི་དུས་ཚུད་བཅུ་གཅིག་དང་རྒྱང་ཐག་དེ་ཙམ་རིང་པོ་མི་འདུག་པས་ང་རང་གཉིད་རྒྱུ་ཡིན།   ཨ་མ། རྒྱང་རིང་གི་ཨ་མ་ཁྱེད་རང་ཡང་གཟིམས་མལ་བདེ། སང་ཉིན་ཁྱེད་ཉིད་དྲྭ་ལམ་དུ་ཕེབས་པར་ངས་རེ་སྒུག་བྱེད་ཀྱིན་འདུག ད་དུང་མ་འོངས་པའི་དབྱར་དགུན་སྟོན་དཔྱིད་ལ་ངས་བར་སྟོང་གི་དུས་ཚོད་རེ་བརྙེད་ཚེ་ནམ་ཡང་ཨ་མ་མཇལ་སར་ཡོང་ངེས་ཡིན།  ཨ་མ་གཟིམས་ལམ་སྤྲོ་པོ་ཡོང་བར་ཤོག

     2021  10 25 ལ་ཉིན་ཐོ་ཞིག་གི་ཚབ་ཏུ་བྲིས་སོ།།
                      རྩོམ་སྒྲིག་པ། འཕགས་མི། 


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease