ཐག་རིང་གི་སྐར་མ།

    རྩོམ་པ་པོ། བཙན་མི།


ཐག་རིང་གི་སྐར་མ།

                    བཙན་མི།  དཀར་མཛེས།



སྐར་མ་དེ། ལུ་གུའི་སྙིང་ཆུང་དང་མཚུངས། 

       འདར་ཤིག་ཤིག་བྱེད་པའི་ངང་ཚུལ་དེ་སུས་ཀྱང་མཐོང་མི་སྲིད། ཉམ་ཐག་པའི་འོད་སྣང་དེ་སུས་ཀྱང་ཚོར་མི་སྲིད། ཡང་ན། སྐར་མ་དེ་དེ་ལྟར་ཤིག་ཤིག་གིས་འདར་བར་སུ་ཞིག་གིས་སེམས་ཁུར་བྱ་མྱོང་ངམ།


       སྐར་མ་དེའི་འོག་ཏུ་ཅི་ཞིག་ཡོད་མེད་ང་ལ་གསལ་ཆ་མེད། གཅིག་བྱས་ན་ཐང་སྟོང་ངམ་གཡང་རོང་། གཙང་བོ་དང་ཆུ་ཕྲན། ནགས་རི་དང་གངས་རི། གྲོང་ཁྱེར་དང་གྲོང་བརྡལ་སོགས་བརྟན་གཡོའི་རང་བཞིན་དང་བྲལ་བ་དང་མ་བྲལ་བའི་ཁོར་ཡུག་ག་གེ་མོ་རེ་ཡོད་ཀྱང་སྲིད། གང་ལྟར་རྟག་པར་ཁོས་གཅིག་པུར་གྲང་འདར་རྒྱག་དོན་ཅི་ཞིག་ཡིན་ནམ། ཁོས་སུ་ཞིག་གི་བདེ་སྡུག་ཚོར་བ་ཡིན་ནམ། སུ་ཞིག་གི་མིག་ཆུ་དང་གྱེས་བྲལ་མཐོང་བ་ཡིན་ནམ། ཡང་ན་་་་་་་་


       རོལ་དབྱངས་ཤིག་གི་དབྱངས་རྟའི་ལྟེབས་སུ་གདུང་བའི་མིག་ཆུ་ཡོད་ཚད་བཅུག་པའི་ནུབ་མོ་དེར། ང་གང་དུ་ཡང་མེད། ངས་ས་སྲོད་ཀྱི་ལྭ་བ་འདི་གྱོན་མ་འདོད་པར་ཡོད་ཚད་གཏུམ་སོང་བའི་མུན་ནག་གི་ངོས་སུ་འོད་སྣང་ཞིག་འཚོལ་གྱིན་ཡོད། སུས་ཀྱང་གཡོ་འགུལ་མི་ནུབ་པའི་འོད་སྣང་ཞིག་འཚོལ་གྱིན་ཡོད། གསལ་བོར་བཤད་ན། མཚན་དེར་ཡང་ང་རང་ཕྱི་ལོགས་ན་མགོ་འཁོར་བའི་འབུ་མེ་ལྕེབས་ཤིག་ཏུ་གྱུར་ཏེ་མུན་ནག་གི་དགུ་ཚིགས་གཤོག་པས་གཤག་གིན་ཡོད།


       ངའི་འཕུར་རོགས་སུ་འབུ་མེ་ལྕེབས་ཤིན་ཏུ་མང་ཡང་། ཁོང་ཚོས་ཤེལ་གྱི་སྒེའུ་ཁུང་ལ་མགོ་བོས་རྡུང་བ་དང་། སྐབས་གཅིག་ན་ཤིན་ཏུ་གསལ་བའི་གློག་སྒྲོན་རེའི་མཐའ་བསྐོར་ན་མཛེས་པ་ཞིག་གིས་སྣང་བ་ཡོངས་སུ་བཟི་ནས་འདུག འོན་ཀྱང་མཚན་མོ་དེར་མུན་ནག་ནང་ནས་ངས་རོལ་དབྱངས་ཤིག་གི་རྒྱ་ཁྱོན་ལ་ལྡིང་བསྐོར་རྒྱག་པ་མ་གཏོགས་གང་ཡང་ནུས་ཀྱིན་མེད།

       གནའ་སྔ་མོར། ང་རང་རྨོ་མོས་སྒྲོན་པའི་འོད་སྣང་དེའི་ངོགས་ནས་ཁོ་མོའི་གནའ་གཏམ་ལ་ཉན་པ་ཡིན། གནམ་གཏམ་རེ་རེས་ང་རང་མཆིལ་མིད་དུ་མི་གཏོང་བར་ངའི་སེམས་ཀྱི་སྒེའུ་ཁུང་རེ་རེ་དལ་གྱིས་ཕྱེས་ཡོང་བཞིན་འདུག རྨོ་མོ་ལགས་གཟིམས་སོང་ན་ཡང་ངས་གནའ་གཏམ་རེ་རེར་གཞིགས་ཏེ་བསྡད་པ་ཡིན། མཚན་མོ་འདིར་ཡང་ངས་རྨོ་མོས་བཤད་པའི་གནའ་གཏམ་ཞིག་ལ་ཕྱིར་དྲན་བྱེད་བཞིན་པའི་ཚེ་ན། ངའི་མིག་ལམ་དུ་ཐག་རིང་གི་གནམ་མཐར་འཚེར་བའི་སྐར་མ་ཉམ་ཆུང་དེ་སྣང་ཡོང་། འོད་སྣང་མ་བརྙེད་པས་སེམས་ཀྱི་ཉི་མ་ནུབ་པའི་ང་ལ་མཚོན་ན་སྐར་མ་དེ་མཐོང་བ་ནི་བདེ་སྡུག་གང་དུ་ཡང་བཤད་ཐིག་མི་ཟིན།

       སྐར་མ་དེའི་མིང་ལ་ཅི་ཟེར་འདུག་ངས་མི་ཤེས་ན་ཡང་། དེ་ནི་རྟག་པར་ས་རུབ་པ་ན་རྒྱང་རིང་གི་གནམ་མཐའ་ནས་འཚེར་ཡོང་། མི་རྣམས་ཀྱིས་སྐར་མ་དེར་མིང་ཅི་ཞིག་བཏགས་ཡོད་མེད་མི་ཤེས་ཀྱང་། ཁོང་ཚོ་ལ་ལས་སྐར་མ་དེ་རྟག་པར་ནམ་མཁའ་ན་འཚེར་ཡོང་བ་མཐོང་ནས་ཡོད། ཁོང་ཚོ་མུན་ནག་གིས་གློག་སྒྲོན་གྱི་འོག་ལ་བཙན་གྱིས་འདེད་སྐབས། ཁོང་ཚོས་ཤེལ་གྱི་སྒེའུ་ཁུང་དང་སྒོ་བར་ནས་སྐར་མ་དེར་རྒྱང་ལྟ་རེ་བྱེད་ཀྱིན་འདུག 

       ངས་སྐར་མ་དེ་མཐོང་བ་ན་དེའི་ཕྱོགས་སུ་ཉིན་མཚན་ལྟོས་མེད་དུ་བསྐྱོད་ཀྱང་། སྐར་མ་དེ་དང་ངེད་གཉིས་ཀྱི་བར་ཐག་ཐག་ཚོད་ཅིག་གིས་ཇེ་རིང་ལ་བུད་འགྲོ། ངས་སྐྱོ་ཡས་ཀྱི་མཆི་མ་གཏོང་གིན་སྐར་མ་དེའི་ཕྱོགས་སུ་ལག་བརྡ་བཏང་ན་ཡང་། ཁོས་སྔར་བཞིན་འུ་གཉིས་ངོ་འཕྲད་པའི་དུས་ཤིག་ནམ་ཡང་ཡོད་མི་སྲིད་ཅེས་པ་བཞིན། མིག་མཐའ་ནས་ལྷུང་ལ་ཁད་ཀྱི་མཆི་མ་བཞིན་གྱི་འོད་ཅིག་ང་སར་བཀར་ནས་འདུག ད་དུང་ཁོས་ཁོ་ཡང་ཁྱོད་དང་ཁྱོད་ཀྱི་རོགས་པ་དག་ལ་འཕྲད་འདོད་ཡོད་ཅེས་བཤད་ཀྱིན་པ་དང་ཡང་མཚུངས།

       ངས་སྐར་མ་དེ་བར་སྣང་ནས་བླངས་ཏེ་ཕྱི་དོར་ཐེངས་ཤིག་བྱས་པ་འམ། སྐར་མ་དེའི་འོད་སྣང་ལ་འཁོར་བའི་འདར་ཤིག་ཤིག་གི་ངང་ཚུལ་དེ་གཏན་དུ་མེད་པར་གཏོང་དགོས་འདོད། དེ་ལྟ་ན་ཡང་། འཁྲུལ་སྣང་ནི་རྣམ་ཀུན་འཁྲུལ་སྣང་ལས་བདའ་ཐབས་མི་འདུག་ལ། འཁྲུལ་སྣང་ནི་མེ་ལོང་ནང་གི་གཟུགས་བཞིན་མཐོང་བར་སླ་ཡང་ལག་པས་བཟུང་སྟེ་བྲང་ཁར་སྦྱོར་རྒྱུ་ནི་ཇི་འདྲའི་དཀའ་བ་ཞིག་རེད་ཨང་། སྐབས་འདིར་ང་ལ་དེ་ལྟ་བུའི་བསམ་བློ་ཞིག་འཁོར་བ་ནི་གཅིག་བྱས་ན་འཁྲུལ་སྣང་མིན་ཤེས་ཆེ་མོད། ཤིན་ཏུ་ནག་པའི་མུན་པ་དང་། གྲོང་ཁྱེར་གྱི་གློག་སྒྲོན་དག་གི་འོད་ཀྱིས་ང་གཏན་དུ་བཀྱིགས་བཞག་པ་བཞིན། ངས་འདི་དག་ཡོད་ཚད་འཁྲུལ་སྣང་འབའ་ཞིག་ཏུ་མི་གཏོང་ཀ་མེད་དུ་གྱུར།

       སྐར་མ་དེ། ཐག་རིང་ཐག་རིང་ན། ང་ཡི་ལས་དབང་དང་ཁྱོད་ཀྱི་གདུང་སེམས་གར་དུ་འཁྲབ་ཀྱིན་འདུག སྐར་མ་དེ་དང་ང་ཅག་རྣམ་ཀུན་འཕྲད་མི་ཐུབ་པའི་གདུང་ཡས་ཀྱིས་ང་ཚོ་ཁ་ཐོར་གྱི་དུས་ཚོད་ཇེ་མགྱོགས་ཡིན་པ་མཚོན་པར་བྱེད་ཀྱིན་འདུག སྐར་མ་དེ་ཁ་རོག་གེར་ནམ་མཁའ་རུ་འཚེར་ཏེ་ཁ་རོག་གེར་ང་ཚོར་ལག་བརྡ་གཏོང་གིན་འདུག འོན་ཀྱང་། སྐར་མ་དེ་མཐོང་མཁན་ང་ལྟ་བུའི་དབུལ་བོ་མིག་ཆུ་མང་མཁན་འགའ་ཤས་དང་། དུས་ཚོད་ཀྱིས་ནམ་མཁའ་ཞིག་བཟོ་བཞིན་པའི་ལས་ཀ་བ་དེ་དག་ཁོ་ན་ཙམ་མོ།།

                                    2020/12/6
                        རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease