མཛེས་པ།

    ཡིག་སྒྱུར་བ། གུ་རུ་དོན་གྲུབ།


མཛེས་པ།


                ཐེ་ཀོར་གྱིས་བརྩམས།
                           གུ་རུ་དོན་གྲུབ་ཀྱིས་བསྒྱུར།

   
        ནུབ་ཁའི་ཉི་མ་རི་བོའི་མངལ་དུ་འཛུལ་བ་ན།  ནུབ་མཐའི་མཚམས་སུ་མཚམས་སྤྲིན་དམར་པོ་མེ་རུ་འབར་བྱུང་། ལྷིང་འཇགས་ལེབ་མོ་ཞིག་འཇམ་ཅག་གེར་སྒྲ་རིག་པའི་སློབ་གླིང་གི་སྤོས་དཀར་ལྗོན་པའི་ཡལ་གའི་སྟེང་དུ་བབས་ཤིང་། མཚན་མོའི་རླུང་བུ་འཇམ་པོ་དང་བསྟུན་ནས་ཡོངས་སུ་ལྷོད་ལ་བབས་པར་གྱུར་པ་ན། ཕུན་སུམ་ཚོགས་པའི་མཛེས་པ་ཞིག་འཇམ་ཐིང་ཐིང་ངང་བདག་གི་སེམས་ཁོང་དུ་འཛུལ། བདག་ལ་མཚོན་ནས་བཤད་ན། སྐབས་འདི་དག་ནི་བོར་བརླག་ཅིག་ཡིན་པར་མ་ཟད་བཅད་མཚམས་ཤིག་ཀྱང་ཡིན་པ་རེད། དེ་རིང་གི་ས་སྲོད་རྒྱང་ནས་རྒྱང་དུ་བསྲིངས་ཏེ། བསྐལ་བ་གྲངས་མེད་པའི་སྔོན་གྱི་རྒྱང་རིང་གི་ས་སྲོད་ཤིག་གི་ཁྲོད་དུ་འདྲེས། ཉིན་རྒྱུན་གྱེན་དུ་འཕྱུར་འོང་བའི་ཉི་གཞོན་དེས་ལྷིང་འཇགས་ཀྱི་ནགས་ཚལ་རེ་རེའི་ཁྲོད་ཀྱི་བྱ་སྐད་དང《སྙན་ཚིག་རིག་བྱེད》ཀྱི་བསྟོད་གླུ་དག་གཉིད་ལས་སློང་བར་བྱེད་ཅིང་། ཉི་མ་ནུབ་རྗེས། མཚམས་སྤྲིན་གྱི་མཛེས་སྡུག་འཁྱིལ་བའི་ཁུ་སིམ་པའི་ས་སྲོད་ཀྱིས་ལོ་ཧྲིལ་བོའི་མཆོད་སྦྱིན་ལ་མར་ཞུན་འདོན་པའི་ནོར་ཁྱུ་དག  རྩྭ་ལོའི་དྲི་ཞིམ་འཐུལ་བའི་གཙང་འགྲམ་དང་རི་འདབས་ནས་ལྷས་ལ་ལོག་པར་འབོད་པ་གཏོང་བཞིན་ཡོད། རྒྱ་གར་གྱི་བབ་ཆགས་པའི་འཚོ་བ་དང་གཟབ་ནན་སྒྲིབ་སྦྱོང་གི་འོད་སྣང་དེ། དེ་རིང་གི་ལྷིང་འཇགས་ཀྱི་ས་སྲོད་ངོས་ན་གསལ་ཀྲིག་གེར་མངོན།

           ངས་གློ་བུར་དུ་ང་ཚོའི་ཨར་ཡན་གྱི་མེས་པོ་རྣམས་ཀྱིས་ཉིན་གཅིག་ལའང་མཐའ་མེད་པའི་གཱང་གའི་ངོས་ཀྱི་ཉི་ཤར་དང་ཉི་ནུབ་ཀྱི་མཛེས་སྡུག་སྣང་མེད་དུ་བསྐྱུར་མྱོང་མེད་པ་དྲན་བྱུང་། ཁོང་ཚོས་ཉི་ཤར་གྱི་མཛེས་པ་དང་དགོང་ཀའི་གསོལ་འདེབས་ལ་སྣང་ཆུང་གིས་སྐྱེལ་མ་གཏན་ནས་བྱས་མྱོང་མེད། རྣལ་འབྱོར་བ་རེ་རེ་དང་འཁོར་བའི་གཞི་འཛིན་པ་རེ་རེ་ཡིས་སེམས་གཏིང་ནས་ཡིད་དབང་འཕྲོག་པའི་ལྗོངས་རྣམ་འདི་ལ་དགའ་བ་འབུམ་གྱིས་བསུ་བ་བྱས་མྱོང་། ཁོང་ཚོས་རང་བྱུང་གི་མཛེས་པ་དག་མཆོད་བཀུར་བྱེད་སའི་ལྷ་ཁང་དུ་དྲངས་ཏེ། དད་པའི་མིག་མདངས་ཀྱིས་མཛེས་པའི་ཁྲོད་ལུད་འོང་བའི་སྤྲོ་སྣང་ལ་རེ་བས་སྒུག་པར་བྱེད་ལ། དགའ་ཞེན་གཅུན་ཞིང་ཡིད་སེམས་བག་ལ་ཕབ་ཚེ་ཞོགས་པའི་མཚམས་སྤྲིན་དང་མུན་པའི་ཁ་དོག་ཡོད་ཚད་ཁོ་ཚོའི་མཐའ་མེད་པའི་ཕུགས་བསམ་ཁྲོད་ཐིམ་ངེས་ཡིན། ངས་ནི་ཁོང་ཚོ་ཆུ་བོའི་འདྲེས་མཚམས་དང་མཚོ་འགྲམ། རི་རྩེ་སོགས་སུ་བསྡད་དེ་རང་བྱུང་མཛེས་ལྗོངས་ཀྱི་ཡུལ་གྲུ་ལ་རོལ་མྱོང་བྱེད་པ་མ་གཏོགས། ཁོང་ཚོས་རང་ཉིད་ཀྱིས་ལོངས་སུ་སྤྱད་ཆོག་པའི་སྐྱེད་ཚལ་ཞིག་ཡེ་ནས་བསྐྲུན་མྱོང་མེད་པར་འདོད།  ཁོང་ཚོས་བཞེངས་སྐྲུན་བྱས་པའི་གནས་མཆོག་དང་ཤུལ་དུ་བཞག་པའི་གནའ་ཤུལ་གྲགས་ཅན་དག་གི་ཁྲོད་དུ། མི་དང་ལྷ་གཉིས་ནི་ངོ་བོ་གཅིག་ཏུ་བཟོས་ཡོད།  

           ས་སྲོད་ཀྱི་མཁའ་དབྱིངས་སུ་ངའི་ནང་སེམས་ཀྱི་གསོལ་འདེབས་ལྷོག་ལྷོག་འཕྱུར་བྱུང་། དེ་ནི་ངའི་དྭངས་གཙང་གི་མིག་གིས་མཛེས་པ་ཡི་སྣང་བརྙན་རླབས་པོ་ཆེ་ལ་རོལ་མྱོང་བྱ་འདོད་པ་ལས། སྤྲོ་སྣང་ཙམ་ལ་བརྟེན་ནས་འཇིག་རྟེན་གྱི་མཛེས་པའི་ཁ་དོག་བསྒྲིབ་ཅིང་དམའ་འབེབས་གཏོང་འདོད་པ་ག་ལ་ཡིན་ཏེ། དེ་ནི་དད་གུས་ཆེན་པོས་ཡང་དག་པ་དང་མཆོག་གྱུར་ལ་སྔར་ལས་ལྷག་པར་སློབ་སྦྱོང་བྱེད་ཤེས་དགོས་པར་སྨོན་པ་ཡིན། སྐད་ཆ་གཞན་ཞིག་གིས་བཤད་ན།  ང་ཚོས་མཛེས་པ་བདག་གིར་འཛིན་པའི་སྟོང་བསམ་འདོར་དགོས་ཤིང་། དེའི་ཆེད་དུ་རང་སྲོག་འབུལ་བའི་ཆོད་སེམས་རབ་ཏུ་རྒྱས་པར་བྱེད་དགོས་པ་ཡིན།

           ངས་སླར་ཡང་བདེན་པ་ངོས་ཟིན་པ་ནི་མཛེས་པ་ཉིད་དེ། མཛེས་པ་ནི་བླ་རུ་བཀུར་བྱ་ཉག་གཅིག་ཡིན་པས། དེ་ནི་དེ་འདྲའི་ལས་སླ་བོ་ཞིག་ཀྱང་ག་ལ་ཡིན་སྙམ་བྱུང། ང་ཚོས་བྱ་དངོས་མང་པོ་ཅི་འདོད་དུ་འདོར་བར་བྱེད་ཅིང་། ལྷག་པར་དུ་སུན་སྣང་སྟེར་བའི་བྱ་དངོས་མང་པོ་རྒྱང་ནས་རྒྱང་དུ་སྤྱུགས་པར་བྱེད་པ་མ་ཟད། འགལ་འདུ་མང་པོ་མཐོང་ཡང་མ་མཐོང་བ་ལྟར་བྱས་ཏེ།  རང་གི་འདོད་མོས་དང་མཐུན་པའི་ཁྱབ་ཁོངས་དོག་མོ་དེའི་འོག་ཏུ། མཛེས་པ་ནི་དུས་རབས་དང་མཐུན་པའི་རྒྱས་སྤྲོས་ཡོ་བྱད་འབའ་ཞིག་ཏུ་གཏོང་བཞིན་ཡོད། ང་ཚོས་འཇིག་རྟེན་གྱི་སྒྱུ་རྩལ་ལྷ་མོ་ཉིད་བུད་མེད་ཅིག་ཏུ་འགྱུར་བའི་རེ་ངན་བཅངས་ཏེ། དེ་ལ་བརྙས་དམོད་གཏོང་ཞིང་བས་མཐར་འདེད། ཁོ་མོ་དེ་བཞིན་ཡལ་བར་དོར་ཚེ། ང་ཚོའི་ཡོང་འབབ་ཀྱང་དེ་དང་མཉམ་དུ་འཇའ་ཚོན་བཞིན་སྐད་ཅིག་ལ་ཡལ་ཚར་བ་ཡིན་ནོ།།  

           མིའི་འདུ་ཤེས་སྟེང་གི་བཟང་ངན་ཡག་བཙོག་གི་ཆ་དག་ཧྲིལ་གྱིས་དོར་ཏེ་ལྟ་ཞིབ་བྱས་ཚེ། འཇིག་རྟེན་གྱི་ངོ་བོ་ནི་དེ་འདྲའི་རྙོག་འཛིང་ལྡན་པ་ཞིག་ཡིན་མི་སྲིད་དེ། ལས་སླ་མོའི་སྒོ་ནས་དེའི་ཁྲོད་ཀྱི་མཛེས་པ་དང་རྣམ་ཤེས་མཐོང་བར་འགྱུར། བྱེ་བྲག་གི་ཆ་ཕྲ་མོ་དག་ལ་ལྟ་ཞིབ་བྱས་ཏེ་རྙེད་པའི་མཐོང་སྣེ་དག་མཛེས་པའི་ཁྱབ་ཁོངས་ཧྲིལ་བོའི་ཁྲོད་བསྲེས་ཐུབ་པ་བྱུང་ན། གཞི་རྒྱ་ཆེ་བའི་འཆམ་མཐུན་རིགས་ཤིག་ང་ཚོས་ལས་སླ་མོའི་ངང་མཐོང་ཐུབ་པ་ཡིན།

          ཡིན་ཡང་ང་ཚོས་རང་བྱུང་ཁམས་ལ་ལྟ་བ་བཞིན་མི་ལ་བལྟ་མི་རུང་སྟེ། མཐའ་འཁོར་གྱི་མི་རེ་རེ་ང་ཚོ་དང་ཆེས་ཉེ་བས། ང་ཚོས་ཆེད་དུ་སྐྱོན་འཚོལ་བའི་མིག་གིས་བལྟས་ཚེ་ཁོ་ཚོའི་སྐྱོན་ཆ་ཕྲན་བུ་ཙམ་ཡང་ཕྲ་ཞིང་ཕྲ་བའི་སྒོ་ནས་ཟིན་ཐུབ་པ་ཡིན། དེ་བས་ཁོ་ཚོའི་སྐབས་ཙམ་གྱི་གླེང་རིན་མེད་པའི་སྐྱོན་ཆ་དེ། ཏག་ཏག་ང་ཚོའི་བརྩེ་དུང་གི་ཁྲོད་དུ་ཧ་ཅང་ཚབས་ཆེ་བའི་ནོར་འཁྲུལ་དུ་འགྱུར་ངེས་ཡིན། ཆགས་སྲེད། ཁོང་ཁྲོ། འཇིགས་སྐྲག་སོགས་ཀྱིས་ཕྱོགས་ཡོངས་ནས་ང་ཚོས་མི་ལ་བལྟ་བར་བར་ཆད་བཟོས་ཏེ། ཁོ་ཚོའི་ནོར་འཁྲུལ་ཆུང་ངུའི་ཁྲོད་དུའང་ང་ཚོ་རང་ཚུགས་མེད་པར་གཏོང་བཞིན་ཡོད། དེ་བས་ང་ཚོས་མཐའ་མེད་པའི་ས་སྲོད་ཀྱི་ངོགས་ནས་མཛེས་པ་རྙེད་སླ་མོད། ཡིན་ཡང་ཕལ་བའི་འཇིག་རྟེན་ངོགས་ནས་ལྡོག་སྟེ་རྙེད་དཀའ་བ་ཡིན།

           དོ་དགོང་གི་ས་སྲོད་ཁྲོད་དུ། ང་ཚོས་ཚེགས་མེད་དུ་འཇིག་རྟེན་གྱི་མཛེས་པའི་སྣང་བརྙན་མཐོང་བྱུང་། འཇིག་རྟེན་གྱི་བདག་པོས་མཛེས་པའི་སྙིང་བོ་ཡོད་ཚད་ལག་ཟུང་གིས་ང་ཚོའི་མིག་མདུན་དུ་བཏེགས་འདུག གལ་ཏེ་ང་ཚོས་ཞིབ་ཕྲས་དབྱེ་ཞིབ་བྱས་ཏེ་དེའི་གཏིང་སར་ཞུགས་ཚེ། ངོ་མཚར་བགྲང་དུ་མེད་པ་ཞིག་འཚང་ཁ་ཤིག་ཤིག་གིས་ཕྱི་ལ་ལུད་ཡོང་བ་ཡིན། མཐའ་མི་མངོན་པའི་ས་སྲོད་ཀྱི་སྐར་ཚོམ་གསེབ་ཏུ་མེ་ལྕེའི་དྲག་རླུང་འཚུབ་པའི་དུས་སུ། ང་ཚོས་དེའི་ཆ་ཤས་ཙམ་མཐོང་བའི་ཚེ་ནའང་ཧ་ལས་ཧོན་འཐོར་བར་བྱེད་པ་གདོན་མི་ཟ། གལ་ཏེ་ང་ཚོས་ཕྲ་མཐོང་ཆེ་ཤེལ་སྤྱད་དེ་ང་ཚོའི་མིག་མདུན་གྱི་མཛེས་ཤིང་ཡིད་དུ་འོང་ཞིང་། སྐར་ཚོགས་བཀྲ་བའི་མཁའ་དབྱིངས་ལ་བསྙེས་པའི་སྡོང་བོ་དེར་བལྟ་ཞིབ་བྱས་ཚེ། ང་ཚོས་སྡོང་བོ་འདིའི་རྩ་རིས་མང་པོ་དང་ལྕུག་ཕྲན་མང་པོ་མཐོང་ཐུབ་པ་མ་ཟད། སྡོང་ཤུན་གྱི་རིམ་པ་རེ་རེའི་ལྟེབ་གཉེར་དང་། ཡལ་གའི་གནས་གང་ཞིག་སྐེམ་བཞིན་པ་དང་གནས་གང་ཞིག་རུལ་ཏེ་འབུ་ཚང་དུ་འགྱུར་བཞིན་པའི་ཆའང་གསལ་བོར་མཐོང་ཐུབ་པ་ཡིན། ས་སྲོད་ཀྱི་མཁའ་དབྱིངས་སུ་འགྲེང་སྟེ་མི་ཡུལ་ལ་བལྟས་ཚེ། མིག་ལམ་དུ་མངོན་པ་མཐའ་དག་ལ་རྫོགས་ལྡན་མིན་པ་དང་རྒྱུན་ལྡན་མིན་པའི་ཆ་ངེས་པར་ཡོད་མོད། ཡིན་ནའང་། མཐོང་ཚད་འདོར་མི་རུང་བར་གང་ཐུབ་ཅི་ཐུབ་ཀྱིས་ཡོད་ཚད་བསྡུ་ལེན་བྱ་དགོས། ང་ཚོས་ཉམ་ཆུང་གི་རིགས་དང་གས་ཆག་གི་རིགས། ཚུལ་མིན་གྱི་རིགས་ཀུན་ལ་ཡ་ཡོ་མེད་པར་འཐམ་འཁྱུད་བྱས་ཚེ། འཇིག་རྟེན་གྱིས་ཟོལ་མེད་གཞུང་དྲང་གིས་རང་གི་མཛེས་པ་མཐའ་དག་བཤམ་སྟོན་བྱ་ངེས་ཡིན། ཆ་ཡོངས་སུ་རྫོགས་པ་ནི་མཛེས་པ་སྟེ། མཛེས་པ་ནི་ཚེར་མས་བསྐོར་བའི་ར་བ་ཆུང་ཆུང་ནང་གི་དངོས་པོ་ཞིག་ག་ལ་ཡིན། ལྷིང་འཇགས་ཀྱི་མཚན་མོའི་མཁའ་དབྱིངས་འདི་ནི་འཇིག་རྟེན་བྱེད་པོས་འགྲོ་བ་མི་ལ་ཆེད་དུ་བཤམས་སྟོན་བྱས་པ་ཉིད་དོ།  

            ཟིལ་ཤུགས་ཆེ་བའི་རང་བྱུང་ཁམས་ཀྱི་ནུས་པའི་རོལ་རྩེད་ནི་ཧ་ལས་ཧང་སངས་པ་ཞིག་ཡིན་མོད། ཡིན་ནའང་ང་ཚོས་ས་སྲོད་ཀྱི་མཁའ་དབྱིངས་སུ་མཐོང་བ་ནི་དེ་འདྲའི་ལྷིང་ཞིང་འཇགས་ལ་མཚར་སྡུག་ལྡན་པ་ཙམ་ཡིན། དེ་བཞིན་རླབས་ཆེན་གྱི་མི་ཚེ་ཞིག་གི་མྱོང་བ་ནི་སྡུག་བསྔལ་ཧ་ཅང་ཆེན་པོ་ཞིག་ཡིན་མོད། ང་ཚོའི་མིག་ལམ་དུ་དེ་ཡང་དེ་འདྲའི་མཚར་སྡུག་ལྡན་པ་ཙམ་ཞིག་དང་བླ་ན་མེད་པ་ཙམ་ཞིག་ཡིན། ང་ཚོས་དོན་དངོས་ཁྲོད་མཐོང་བའི་སྡུག་བསྔལ་དེ་ནི། དོན་ལ་སྡུག་བསྔལ་མིན་པར་སྤྲོ་སྣང་ཡིན།
           མཛེས་པ་ངོས་ཟིན་བྱ་དགོས་ཚེ་བཟོད་སྒོམ་དང་དཀའ་བ་ཆེན་པོས་ཉམས་ཞིབ་བྱ་དགོས་པ་བདག་གིས་སྔོན་ཆད་ནས་བཤད་མྱོང་། རང་གི་འདོད་མོས་ཁོ་ནས་མཛེས་པར་བསྙེག་ཚེ། དེ་ནི་དྲི་ཟའི་གྲོང་ཁྱེར་ལ་རེ་བ་དང་གཉིས་སུ་མེད་དོ།།

           ང་ཚོས་ཕུན་སུམ་ཚོགས་པའི་སྒོ་ནས་བདེན་ལུགས་ངོས་ཟིན་པའི་དུས་སུ། ད་གཟོད་དོན་དམ་པས་མཛེས་པ་རྟོགས་པ་ཡིན་ལ། ཕུན་སུམ་ཚོགས་པའི་སྒོ་ནས་བདེན་ལུགས་ངོས་ཟིན་ཚེ། མིའི་མིག་ཤེས་ནི་ལྷད་མེད་ཅིང་སེམས་རྒྱུད་ནི་དྲི་མེད་དྭངས་གཙང་ཡིན་པས། ད་གཟོད་བཀག་རྒྱ་ཅི་ཡང་མེད་པའི་སྒོ་ནས་འཇིག་རྟེན་གྱི་གྲུ་ག་རེ་རེ་ན་བསྐུངས་པའི་སྤྲོ་སྣང་ཡོད་ཚད་རྙེད་ཐུབ་པ་ཡིན།

                      རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease