རྒྱ་མཚོའི་རྨི་ལམ།

    ཡིག་སྒྱུར་བ། གཅན་མེ་ཏོག


རྒྱ་མཚོའི་རྨི་ལམ།

 
        ཁྲིན་ཧྲི་ཞུའུ་ཡིས་བརྩམས།   
              གཅན་མེ་ཏོག་གིས་བསྒྱུར།


        མུ་མཐའ་མེད་པའི་མཚོ་འགྲམ་དུ་ཁུ་སིམ་མེར་ཙོག་སྟེ།  ཁ་རོག་གེར་རྒྱང་ལྟ་དང་གཟབ་ཉན།  བསམ་གཞིག་རེ་བཏང་ན་སྙམ།  དེ་ནི་བསམ་པའི་འགྲུལ་བཞུད་ཐེངས་ཤིག་རེད་ལ།   ཡུན་རིང་མ་མཇལ་བའི་ཡིད་ཁམས་ཤིག་ཀྱང་རེད།
       སྤྲིན་གྱི་འགྱུ་བག་གྲུ་གཟིངས་སུ་བྱས་ཏེ།  ལོ་ཟླའི་འཇམ་མཉེན་འདྲེན།  གྲང་བསིལ་ཕོར་གང་བཏེགས་ཏེ།  གཉེར་རིས་ཀྱི་སེམས་ཁམས་གཅལ་དུ་བཀྲམ།   དུས་བཞིའི་མཛེས་ལྗོངས་ཅི་འདྲ་མང་པོ་ཞིག་རེ་རེ་བཞིན་མངོན་པར་བསྟར། ལྷན་སྐྱེས་ཀྱི་སྐད་སྒྲས་སེམས་པའི་རོལ་མོ་དཀྲོལ་བས།   མཚར་སྡུག་གནམ་སར་ལྡོག་སྟེ་འཆར།   མཚོ་ཁུགས་ཀྱི་འདམ་རྩྭ་ནི།  ཉམས་སྣང་སྣ་ཚོགས་ཀྱི་དར་ཆ་ཡིན།  སྙན་ངག་དང་རླུང་བུ།  རྦ་རླབས་ཀྱི་མིང་གིས་དམ་དུ་འཁྱུད།  ཡུན་རིང་མ་འགོར་བའི་ལས་དབང་མཚར་བོ་དེ།  འཚབ་འཚུབ་ཀྱི་རྒྱབ་གཟུགས་ཁོ་ན་ལྷག   རྡོག་སྒྲ་རིམ་གྱིས་རྒྱང་དུ་ཡལ་ཞིང་།  ཆར་ཟིམ་དེ་ཆུ་རྒྱུན་སྐེམ་པའི་ལུང་ཤུར་དུ་བཞུར།  ཡུན་རིང་བསྙལ་བའི་འཇོ་སྒེག  སྔ་མོ་ནས་ཡལ།  མེ་ཏོག་གི་ཡལ་ག་ཉི་འོད་འོག་ལྡེམ་ལྡེམ་གཡོ་ཞིང་།  དྭངས་བསིལ་ཁ་ཤས་ཀྱིས་སྐྱོར། གབ་ཚིག་ལྟ་བུའི་རྨི་ལྗོངས་དེ།  རྒྱ་ལྕང་གི་མཉེན་ལྕུག་དང་མེ་ཏོག་གི་བཀྲག་མདངས་ཁྲོད་དུ་བོར།

       བྱེ་ཐང་གི་ཡིག་འབྲུ་མཚོ་ཆུའི་ལྗིད་ཚད་ལ་སིམ་ཞིང་།  གནོན་དཀའ་བའི་སེམས་ཚོར་མཚོ་ངོགས་ཀྱི་དྲང་ཐིག་བརྒྱུད་དེ་དགའ་སྐྱོའི་ངོ་བོ་རེག་ཟིན་དུ་བཏབ།  རླབས་རྒྱུན་གྱིས་བྱུ་རུ་བྲག་རྡོའི་མཚོ་རླབས་བསྙེགས་ལ། དཔྱིད་ཟླ་གསུམ་པའི་རྒྱ་ལྕང་གི་མུ་ཁྱུད་བྲིས།  ཡང་བསྐྱར་ཁོ་མོའི་སྒེག་ཉམས་གསལ་ལེར་མཐོང་ཞིང་།  རླུང་བུ་གོས་སུ་བཀླུབས།  ཆུ་མོ་མགུལ་དུ་དཔྱངས།  ཕྲ་ལ་ལྡེམ་པའི་གཟུགས་བྱད་དང་ཀེམ་ཀེམ་གཡོ་བའི་མིག་ཟུང་།  ཞི་དུལ་གཤིས་འཇམ་གྱིས་རི་ཆུ་གང་འདོད་དུ་སྒུལ།  འཇམ་ཐིང་ཐིང་གི་བསུང་ཞིམ་ཕྲན་བུ་ནགས་ཀློང་དུ་ཁྱབ་པར། མཆོར་སྒེག་གིས་མིག་དབང་ཅི་ཙམ་འཕྲོག  འདི་གའི་ཨ་སྔོན་སྤྲིན་གཟུགས་ཀྱི་སྙོར་སྐྱེད་ཐོབ་པ་ཡིན་ནམ།  ཡང་ན་འདི་གའི་རི་མཚོའི་མཛེས་སྡུག་གིས་རླབས་སུ་སློང་བ་ཡིན་ནམ་ཆ་མ་འཚལ།

        དེ་ལྟར་ཕེབས་འོང་།  ཟླ་འོད་བཀླུབས་ནས།  བདེ་ལྷོད་ལྷོད་ཀྱིས་ཟོལ་སྒྲིབ་ཀྱི་ཤིང་སྒོ་ཕྱེས་ཡོང་།  ལྷན་སྐྱེས་ཀྱི་མཛེས་སྡུག་ཁྱེར་ནས།    ཐུན་མིན་གྱི་ཤེས་རིག་བསྣམས་ནས།  མཛེས་སྡུག་གི་ཡིག་འབྲུ་ཐོགས་ནས___
        ཞག་གང་བོར་གཉིད་མ་ཁུགས།ཙོག་པུར་བྱ་འདབ་ཀྱི་ཡོལ་བ་ལྟ་བུའི་ཆར་བར་ཉན་ཞིང་།  མཆི་མས་གོས་ཐུ་བརླན་པའང་མ་ཚོར།  བློས་ཐུབ་ཁྱོད་ལྟ་བུ་འཕྲད་ཐུབ་པ་ཡིད་རྟོན་བྱ་ཐབས་བྲལ་ལ།  འཇིག་རྟེན་དུ་འདི་ལྟའི་སྟེས་དབང་ཡོད་པར་དེ་ལས་ཀྱང་ཡིད་རྟོན་བྱ་ཐབས་བྲལ།  ཞོགས་སྨུག་རིམ་གྱིས་སྟུག་པོར་གྱུར་ནས་སྲང་ལམ་གྱི་ཟབ་སར་རྩེན་ཞིང་།  ཁམ་བུ་མེ་ཏོག་གི་ཚོམ་བུས་གཡབ་མོ་བྱེད།  ཤུབ་བུར་ཟློ་བ་ཚང་མ་གསང་གཏམ་ཡིན་ལ།  མི་ཚོགས་ལང་ལོང་ཁྲོད་སྐྱེ་བ་འདིའི་བློས་ཐུབ་ཁོ་ན་འཚོལ།  འཐོབ་ན་ངའི་བདེ་སྐྱིད་ཡིན་ལ།  ཤོར་ན་ང་ཡི་ལས་དབང་སྟེ།  དེ་ལས་ཐབས་གཞན་ཅི།  བདེ་སྡུག་གང་ཡིན་རུང་།  དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཡིན་ནམ།  གཟིངས་ལ་བསྡད་དེ་འབྲི་ཆུའི་རབ་ཁ་བརྒལ།  དེ་རིང་ནི་དོན་འགྲུབ་པའི་ཉིན་མོ་ཡིན་ནམ།  རྒྱལ་སྲས་དང་མཉམ་དུ་གཟིངས་ལ་ཞུགས།
       མཆི་མ་གྲོག་གེར་ཕྱོགས་བཞིར་ལྟ་དུས།  གནམ་ས་ལྷོད་གྱི་ལེར།  སུས་ཀྱང་སྐད་ཆ་བཤད་མ་སོང་།  ཁྱོད་དང་ཐུག་འཕྲད་བྱུང་བའི་བར་དུ།  ཕྲ་ལ་མཉེན་པའི་སྐྱེས་གཟུགས་ཀྱི་ཆ་རྒྱུས་དང་བལྟ་བས་མི་ངོམ་པའི་གོ་དོན་གྱིས་སེམས་པ་སྒུལ་དུས།  ལོ་མང་པོར་བསྙལ་བའི་བརྩེ་སེམས་ཀློང་དུ་བརྡོལ།  ཞེ་འཁོན་གྱིས་ངའི་སེམས་ཀྱི་འདབ་མ་མཉེད་མི་ཐུབ་པས།  བསུང་ཞིམ་གྱི་ཟོལ་གྱིས་ཆང་ཕོར་བཏེགས་དུས།  སུས་ཀྱང་རྟོགས་དཀའ་བའི་བརྩེ་སེམས་ལ་བཞི་ཤད་བྲིས།
       གཏན་དུ་མི་སྲིད་སྙམ་པའི་མི་དེ།  དངོས་སུ་མངོན་བྱུང་།  གལ་ཏེ།  བདེ་སྐྱིད་ཀྱི་མི་ཚེ་འདིར་སྙན་ངག་བྲི་ཆོག་ན།  རྨི་ལམ་རྨི་ཆོག་ན། ང་རང་བདེ་ཞིང་སྐྱིད་པ་ཡིན།  སྙན་ངག་དང་རྨི་ལམ་ཁྲོད་འཚོ་བ་རོལ་ཞིང་།  ཉི་འོད་འོག་རྨི་ལམ་རྨིས་པ་དེ།  ག་ལེར་འཕྱོ་བ་མི་ཤེས་པའི་རྐྱེན་ཡིན།  དུད་ཞགས་སྲབ་མོར་བརྟེན་ནས།   སྐྱོ་བའི་ཆིག་ལབ་བརྒྱབ།

       ལྷག་བསམ་རྣམ་དག་སྤྲིན་ལམ་བསྙེགས་ཙ་ན།།  དགོངས་པ་ཤིང་ཏོག་མེ་ཏོག་དང་ཅིར་འདྲ།། གློ་བུར་བརྡོལ་བའི་སུའུ་ཏུང་ཕོའི་སྙན་ཚིག་གིས།  སྙན་ངག་གི་རྨི་ལམ་གྱི་ཞོགས་པ་མཆན་དུ་བཀོད་ཅིང་།  མིག་ཟུང་དགའ་བས་བརླན།  འོན་ཀྱང་།  ཁྱོད་ཉིད་བྲུག་བཞིན་པའི་ངའི་ཚེ་སྲོག་གི་གཙང་འགྲམ་དུ་སོམ་ཉིར་ཚུད་ཡོད་དམ།  ཨ།  ངའི་གཏན་དུ་རྫོགས་མེད་ཀྱི་ལོ་ཟླའི་མཛའ་གྲོགས།  ད་ལྟ།  གཏན་དུ་འཇགས་ཐབས་མེད་པའི་རེ་སྒུག་དེ་ངའི་ལུས་སྟེང་ན་གཤོག་རླབས་རྡེབ་པའི་འུར་སྒྲ་ཐོས་ཐུབ།  ཁྱོད་ལས་གཞན་ད་དུང་སུ་ཞིག་ཡོད་དམ།  
       རྒྱ་ལྕང་གི་ཡལ་འདབ་དང་པོ་དཔྱིད་རླུང་གིས་གཅོད་དུས།  ངས་དེ་ཡིས་ཁྱོད་ཀྱི་ངོ་གདོང་ཕྱགས་ན་བསམ།  དབྱར་གྱི་རླུང་བུས་ཉི་ནུབ་ཀྱི་འོད་མདངས་སྒུལ་དུས།  ངས་འབུ་བླ་མ་མ་ཎིས་ཁྱོད་ལ་དྭངས་བསིལ་སྐྱེལ་ན་སྙམ།  སྟོན་གྱི་ཁམ་བུ་དཀར་པོས་ནམ་མཁའ་སེར་ལམ་མེར་བཀང་དུས།  སར་ཟགས་པའི་ལོ་མ་ཞིག་བཏུས་ཏེ་ཁྱོད་ཀྱི་ལག་ཏུ་འཇོག་ན་འདོད།     གལ་ཏེ་དགུན་ཁ་སླེབས་ཀྱང་།   ངས་ཁྱོད་རང་ཉི་འོད་འོག་གི་གྲོ་ལྕོག་ཅིག་དང་འདྲ་བར།  གཙང་ཞིང་མཐུག་ན་བསམ།  ཁྱོད་རང་རྣམ་རིག་གིས་དགོད་དུས།  མི་ཡུལ་ལ་དབྱར་ཟླ་ཐོག་མ་བསྣམས་ཡོང་།  ཁྱོད་ལས་གཞན་ད་དུང་སུ་ཞིག་ཡོད་དམ།  
      ང་ཚོ་ཚང་མར་སྔོན་གྱི་གནའ་མི་མ་མཐོང་ཞིང་ཕྱིས་ཀྱི་རྗེས་རབས་མི་མཐོང་བའི་ཁེར་རྐྱང་དང་སོ་སྲུང་ཡོད།  ང་ཚོའི་ཁྲག་རྒྱུན་ཁྲོད་གནའ་བོའི་དུས་ཡོལ་གྱི་སྙན་ངག་བཞུར་བཞིན་ཡོད།  རྩི་ཏོག་འཐུ་ཞིང་འདམ་རྩྭ་སྐྱ་ཐིང་ཐིང་།  ཁམ་བུ་སྨིན་ནས་དུད་ཀྱང་།  ང་ཡི་ཆེད་དུ་བཏོགས་པ་མིན།  མཚམས་སྤྲིན་ནུབ་ཅིང་ངང་བ་ཁེར་རྐྱང་གིས་འཕུར་ལ།  སྟོན་གྱི་གཙང་བོ་ནམ་མཁའི་མཐའ་ལ་འདྲེས།  ཨ་སྔོན་སྔོ་ཞིང་བསངས་།  ས་གཞི་སེར་ལོས་གཡོགས།  ང་དང་མཉམ་དུ་ཆང་གིས་རླུང་བུ་བསུས་ཏེ།  ཕྲན་ཙམ་མཆོད་ཅིང་སྐད་དམའ་མོས་ལེན་མཁན།  ཁྱོད་ལས་གཞན་ད་དུང་སུ་ཞིག་ཡོད་དམ།  
       རི་བོ་མཐོ་ལ་མཚོ་མོ་ཡངས་པས།  གཉུག་གཤིས་འཛེམ་མེད་དུ་ངོམ་ཆོག  དུས་ཚོད་ཀྱི་མུ་མེད་ཐང་སྟོང་དུ།  མདའ་མོ་རེ་ཟུང་ཁོམ་མེད་འཇིག་རྟེན་དུ་རྒྱུ།  འདས་པའི་ལོ་ཟླར་ཚ་འདྲི་དང་།  ཁུ་སིམ་པའི་སྐྱོ་བར་ཁ་རོག་གེར་ལྟ་དུས།  ཚེ་སྲོག་རིགས་དྲུག་ཏུ་འཁོར་བའི་དུས་མདར་ཡི་མུག་ཅིང་།  ཁུ་སིམ་མཛེས་སྡུག་གི་རྐང་རྗེས་དབེན་ཞིང་འཇགས།  ང་དང་འོད་གྲིབ་ཀྱི་ངོགས་གཉིས་ལ་ལྟ་དུས།  ལམ་ཐག་རིང་ཐུང་ཆར་རླུང་གིས་ཁེངས་ཤིང་།  རྒྱ་མཚོར་དུད་སྨུག་དང་མཚམས་སྤྲིན་གྱིས་གཡོགས།  སྐྱེ་བ་སྔ་ཕྱི་གསུམ་གྱིས་རྡོ་སྟེང་དུ།  སྙན་ངག་གི་རྨི་ལམ་གྱི་ལུང་བསྟན་བརྐོས།    ཁྱོད་ལས་གཞན་ད་དུང་སུ་ཡོད་དམ།

       ཁྱོད་འདི་ལྟར་ཕེབས་འོང་།  དཔྱིད་ཀྱི་ཁམ་བུའི་དམར་མདངས་ཡིད་ལ་ཡང་ཡང་ཤར་ཞིང་ཕྱི་མིག་ཡང་ཡང་བལྟས།  མཆོར་སྒེག་གི་ཝ་དཀར་གྱིས་སེམས་རྩ་འཁོལ་བའི་གར་དུ་རྩེན།  འབྱོར་ཕྱུག་གི་གླིང་ཕྲན་ཆུང་ཆུང་ཞིག་དང་ངལ་གསོ་འཁེན་ཡུལ་གྱི་མཚོ་ཁུག་ཅིག་ཡོད་པར།  ཕན་ཚུན་གྱིས་སྙིང་གི་འཕར་ལྡིང་ལས་དྲོད་ཁོལ་ལེན་ཞིང་།   མཛུབ་མོའི་ཞི་འཇམ་གྱིས་མཚོ་ངོགས་ཀྱི་ཁྲ་ཐིག་བརྒྱུད་དེ།   རྨི་ལམ་གྱི་བས་མཐར་དམར་མདངས་ལྷག་མར་བསྙེགས།   ལམ་ཕྲན་གྱ་གྱུའི་ཟབ་སའི་ལྗོན་གྲིབ་དང་།   བག་ལྷོད་ཀྱི་སྒྲོན་མེ་ཞིག  བརྩེ་བའི་ལྷ་ལ་ཕུལ།  སྐྱེ་བའི་སྔོན་མའི་རླབས་ཕྲེང་བརྒལ་ཏེ།   མེ་ཕུང་དང་མཉམ་དུ་དབལ་ཚ་བར་གྱུར།  
      ཉིན་མོའི་འོད་སྟོང་གིས་སྒེའུ་ཁུང་བརྟོལ་ཞིང་།  ཕྱི་གསལ་ནང་གསལ་གྱི་མཚན་མོས་རྟག་བརྟན་གྱི་ཟིན་ཐོ་བཞག བརྩེ་བའི་གྲུ་གཟིངས་སྒུལ་བཞིན།  སྙན་ངག་གསང་མཐོར་གྱེར།  སྨིན་མ་གནག་ལ་མིག་དཀྱུས་རིང་བ།  གཤིས་རྒྱུད་དྲང་ཞིང་ངང་རྒྱུད་རིང་བས།  ཞི་འཇམ་ཁྲི་ཕྲག་སིག་སིག་ཏུ་འདར།  མཚོ་རླུང་ནི་མེ་ཏོག་གི་ལྷ་མོ་ཞིག་སྟེ།   ཁོ་མོ་ཕེབས་པ་ན།  རླབས་ཀྱི་མེ་ཏོག་བརྒྱ་ཕྲག་མངོན་པར་བཞད།  མཚོ་རླུང་ནི་རོལ་མོ་བ་ཞིག་སྟེ།  ཁོ་མོ་ཕེབས་པ་ན།  གདངས་དབྱངས་མང་པོ་སྙན་པར་དཀྲོལ།   
        བསིལ་ཟེར་ག་ལེར་ཡར་འཕགས་ཤིང་།  དགུན་ཟླའི་མཚན་མོའི་ཟླ་འོད་འཇམ་ཞིང་མཉེན།  སྒེའུ་ངོགས་སུ་མེ་ཏོག་དང་ལྗོན་པའི་གྲིབ་རིས་གཡོ་ལ།  སྡོང་འོག་ཏུ་ཕུ་རིང་རླུང་གིས་སྐྱོད་ཅིང་ལྭ་བ་ལྷབ་ལྷུབ་ཏུ་ཡོམ།   ཟླ་འོད་འཁྲེང་བའི་དཔུང་བ་གཉིས་ཀྱི་གཉེར་རིས་སྐབས་འགར་མངོན་ཞིང་རེས་འགར་ཡིབ།  མཉེན་ལྕུག་གི་གར་སྟབས་མཚམས་རེར་འཁྲུག་ཆ་དོད་ཅིང་ལན་རེར་ལྷིང་ཞིང་འཇགས།  
       སྒེའུ་འགྲམ་དུ་རླུང་དྲིལ་བཀལ་ཞིང་།  དཀར་གཙང་གི་ཉ་ཕྱིས་དང་ལྗང་ནག་གི་དུང་དཀར་ལ་ཆུ་གཉེར་གྱི་མཛེས་ཆོས་དང་རྒྱ་མཚོའི་བརྗིད་ཆགས་མངོན་པས།  རྒྱ་མཚོའི་ལེགས་ཚོགས་ཀུན་ནས་འཛོམས།  རླུང་བུས་ཡལ་གའི་གྲིབ་གཟུགས་བཏེགས་ཤིང་།  རླུང་དྲིལ་གཉིད་ལས་དཀྲོལ་ལ།  དུས་ཚོད་རྒྱང་རིང་ཞིང་ཟོལ་གྱིས་བྲལ།  རབ་རིབ་ཀྱི་ཉམས་འགྱུར་དེ་འཇིག་རྟེན་ཕ་རོལ་གྱི་བྲག་ཅ་འདྲ།  
        རླུང་དྲིལ་གྱི་སིང་སྒྲ་རེ་རེས།  རྒྱང་རིང་གི་འཛུམ་བག་ཅིག་རྨི་ལམ་གྱི་སྒོ་འགྲམ་དུ་བསྣམས་ཡོང་།  ཐེངས་རེ་རེ་རྒྱ་མཚོ་དང་ཁ་ཆད་བྱས་ཤིང་། ཐེངས་རེ་རེར་ཡུལ་དུས་སྟོང་ཟད་དུ་བཏང་། ཐེངས་རེ་རེར་དུས་ཚིགས་ལ་གོ་འཛོལ་ཏེ།  དུས་ཚོད་ཀྱི་གོ་རིམ་ཉོག་ཅིང་རིང་དུ་གྱེས་པར་སྨྲེང་བས་ཁེངས།  
        མཚོ་རླབས་ལོ་ངོ་སྟོང་ཕྲག་གི་བྲག་ངོར་བསྙེགས་ཤིང་།  ཟླ་འོད་གནམ་མཐར་དཔྱངས་བས།  རྒྱ་མཚོ་དང་ལོ་ཟླའི་སོ་བར་བྱས།  བྲང་གཞུང་དུ་རྒྱ་མཚོའི་བྲག་ཅ་བསྐྱིལ་བ།  སྟོང་སིང་སིང་གི་ཆོས་ཁང་ཞིག་དང་འདྲ་བར།  མཇལ་ཞག་ཏུ་ཡོང་བར་སྒུག དོན་དུ་རྒྱ་མཚོ་སེམས་སུ་ཡོད་དེ།  སེམས་པ་ཅི་ཙམ་རྒྱ་ཆེ་ཞིང་ཁོད་ཡངས་ན།  རྒྱ་མཚོའི་བསམ་གཞིག་ཀྱང་དེ་ལྟར་རྒྱང་ཐག་རིང་།
        གནའ་དུས་ཀྱི་རླབས་སྒྲ་ལང་ལོང་དུ་འཕྱུར་ཞིང་།  རྒྱ་མཚོའི་འུར་སྒྲ་འབུ་ཕྲ་འདབ་གསུམ་མའི་རྒས་འཁོགས་ཀྱི་ཡལ་འདབ་སྟེང་ཡོམ་ཡོམ་གྱིས་ཕེབས།   ཁྲག་རྒྱུན་གྱི་སྐད་སྒྲ་ཕྱོགས་བཞིར་མཆེད་དེ།  བྱ་བྱེའུ་འཕུར་ཞིང་ཉ་མོས་རྐྱལ་རྩལ་ངོམ།  ལྗོན་པར་ལོ་འདབ་རྒྱས་ཤིང་མེ་ཏོག་གི་བསུང་ཞིམ་འཐུལ།  མཚོ་རླབས་ཀྱིས་རང་ཉིད་བསྣུབས་པར་བྱས་ཏེ།  གསན་ཐུབ་པའི་སྐད་སྒྲ་ཡོད་ཚད་ཁུ་སིམ་མེར་བཏེགས།  རྒས་ཟིན་པའི་ལང་ཚོ་དང་བརྩེ་དུངས།  ཡང་བསྐྱར་འཕོ་འགྱུར་གྱི་དུས་རིམ་དུ་བསྐྱོད།  
        སུ་ཡིས་གནམ་ལ་བསྙེས་ནས་གླིང་བུ་འབུད་ཅིང་།  ཤོར་ཟིན་པའི་རྨི་ལམ་གྱི་གྲིབ་གཟུགས་ལ་སྨྲེང་བས་གཟིར།   སྒྲ་སྙན་འཁོར་ཞིང་རྒྱུ་བས་ངུ་ཤུབ་ཏུ་གྱུར།   ཟླ་འོད་མཚོ་ངོགས་སུ་ཆེམ་ཆེམ་འཕྲོ་ཞིང་།   དེ་སྔོན་གྱི་བརྩེ་བ་ཟབ་མོ་རེ་རེ་དུས་ཚོད་དང་བར་ཐག་གིས་དུར་དུ་སྦས།  
མདངས་ཟད་པའི་རྩྭ་སྐམ་གྱིས་རྒོད་དུ་ལུས་པའི་ཞིང་སའི་སྐྱོ་ངལ་བརྗོད་ཅིང་།   མཚོ་ཁུག་གི་རྨི་ལྗོངས་སྟོན་དང་མཚུངས།   མག་མོག་གི་ཟླ་བ་དྲན་བཞིན།   འཁྱག་སིབ་སིབ་ཀྱི་བྲག་རྡོས་ལྷད་མེད་ཀྱི་བརྩེ་བར་མཆོད།   རླུང་བུ་དངོས་སུ་ཕེབས་བྱུང་།   ཆུ་བོ་སྐྱོ་བས་ངལ་ཞིང་།  ག་སར་ཁྱབ་པའི་ངར་ཤུགས་མཚོ་རླབས་དང་འདྲ་བས།  འགྲོ་འོང་ནི་ཞག་གཅིག་གི་དུས་ཡུན་ཙམ་མོ།།

      མཐིང་མདོག་གི་མཚོ་ཁུག ཁྱེད་ཀྱིས་གནང་བའི་ཡོད་ཚད་ལོངས་སུ་སྤྱོད་བཞིན་བཀའ་དྲིན་ཞུ།  སེམས་ལ་དོགས་ཟོན་མི་དགོས་པར།  བརྩེ་སེམས་དང་རྒྱ་ཡན་གྱི་བསམ་གཞིག་གིས་སྤྲིན་རུམ་ནས་རྒྱང་ལ་བལྟས།  རིང་ལ་ཉེ་བའི་གཟུགས་བརྙན་དེ།  རྡོ་བརྐོས་ཤིག་དང་འདྲ།  ཁྱོད་ལ་དྲན་ཤིང་ཁ་ཤས་བཞག་པས།  གྱེས་བྲལ་གྱི་མིག་མདངས་ཧ་ཅང་ལྕི།  རླུང་རླབས་ཀྱིས་རྡེག་པའི་བྲག་རྡོས་ལུས་པོ་འཁྱོག་ཅིང་མིག་ཟུང་བཙུམ་ཏེ།  ཆུ་བོས་འཛད་ཅིང་རླུང་བུས་བརྐོ་བའི་སྐད་སྒྲར་གསན།  སྐྱོ་ངལ་རྒྱང་དུ་བཞུད་པའི་རྦ་རླབས་ལ་འཐིམས།  ཟོལ་མེད་ཀྱི་མི་ཚེ་ནི་དོན་དུ་འདི་འདྲའི་སྟབས་བདེ་ཞིག་རེད།  སྔོན་ཆད་རེ་སྙེག་བྱས་པའི་ཡོད་ཚད།  རྒྱ་མཚོར་ལྟ་བའི་སྐད་ཅིག་མ་དེར།  འདི་ལྟར་སྣང་ལ་མ་ངེས་པར་གྱུར།  ལྷིང་འཇགས་ཀྱི་རྗེས་སྙེག་ཅིང་།  རྒྱ་མཚོར་བསྙེས་ནས་གཉིད་པས།  རྙོག་འཛིང་གི་འཇིག་རྟེན་གྱིས་རང་ཉིད་གཞལ་མོད།  འཇིག་རྟེན་ལས་ཐར་བའི་ཧམ་སེམས་མི་འཆང་།  ལམ་ནོར་བ་ནི་ཁ་གཡོར་ས་ཡིན་པས།  དམིགས་པ་ནི་འདྲ་མཚུངས་ཀྱི་གནས་ལུགས་ཤིག་ལ་བལྟས་ནས་ཁ་གཡོར་ཏེ་ཕྱིར་མི་འོང་བ་དེ་རེད།  

        ཁུ་སིམ་མེར་གནའ་ནས་བརྒྱུད་འོངས་པའི་ཅོང་སྒྲ་ཐོས་ཤིང་།   རི་ཆུ་ཁྲི་སྟོང་ལ་བྲག་ཅ་འཁོར།  རྒྱང་སྐྱོད་པའི་གོམ་སྟབས་ལ་ཚོད་འཛིན་བྱེད་ཐབས་མེད་ནའང་།  འདི་ནི་ཁེར་ཧྲེང་དང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་ཚད་ཅིག་ཏུ་ངེས།  དངོས་ཡོད་ཀྱི་འཇིག་རྟེན་ནི་གཞི་ནས་དེ་འདྲའི་རྒྱང་ཐག་རིང་ཞིང་།  ཟོལ་བཅོས་གཙང་མར་སེལ་དུས།  སེམས་ཁམས་བདེ་ལ་བབས་ནས་དཔྱིད་རླུང་གིས་བྲན་པ་འདྲ།  མི་རེ་རེ་ཧ་ཅང་ལྷད་མེད་ཡིན་པས།   བྱིས་པ་དང་འདྲ།  ཟོལ་མེད་ཀྱི་མིག་ཟུང་ཕྱེས་པར།  མཛེས་སྡུག་གིས་བརྒྱན་ཅིང་སྤྲོ་སྐྱིད་ཀྱིས་ཁེངས།  
        རླབས་ཀྱི་འགྲོ་འོང་ནི་ཚེ་སྲོག་གི་ཁྲག་རྩ་དང་འདྲ་ལ།  རླབས་ཀྱི་འཕྱོ་འཇགས་དེ་སྐྱོ་ལྷང་ལྷང་གི་རྒྱང་རིང་ནས་འཕྱུར་ཡོང་།  རྒྱ་མཚོ་ནི་རྣམ་ཤེས་ཀྱི་ཕ་གཞིས་ཡིན་པས།  ཚེ་སྲོག་གི་བྲེལ་འཚབ་དང་ཚེ་གང་བོའི་མཛེས་ལྗོངས་ཡོད།  མིག་མདངས་རིམ་གྱིས་རྙོག་འཛིང་དུ་གྱུར་ནའང་།  རྒྱ་མཚོ་སྔར་ལས་དྭངས་ཤིང་གསལ།  གྲངས་མེད་པའི་གཏམ་རྒྱུད་ཀྱི་མེ་ཏོག་བཞད་ཅིང་འབྲས་བུར།  སྨིག་རྒྱུར་ཆུར་མཐོང་གི་འཁྲུལ་ཤེས་རེ་རེ་གཅིག་འཇགས་གཅིག་ལངས་བྱེད།  རྦ་རླབས་འཕྱོ་འཇགས་དང་ཟླ་བ་འཕེལ་འགྲིབ།  རྨི་ལམ་རབ་རིབ་དང་རྨོངས་སད་དེ།  རྒྱ་མཚོ་ནི་དུས་གཏན་གྱི་མཛའ་གྲོགས་ལགས།  མདོར་ན་ལང་ཚོ་མངོན་པར་བཞད་པའི་མཛེས་པ་ཡོད་ལ།  བརྩེ་བ་ཟབ་མོའི་གྱེར་གླུ་ཡོད་པ་མ་ཟད།  བགྲང་བྱ་སྟོང་གི་རྦ་རླབས་དང་དྭངས་ཤིང་བསིལ་བའི་ཟླ་འོད་ཀྱང་ཡོད་ཨང་།

                         རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease