སྐར་ཕྲན།

    ཡིག་སྒྱུར་བ། རྐང་ཐང་བ།

ཙང་ཁུ་རྒྱལ། (臧克家1905.10.8-2004.2.5) ཧྲན་ཏུང་ཀྲུའུ་ཁྲིན་ནས་སྐྱེས། 
ཆུང་དུས་ནས་ཀྲུང་གོའི་གནའ་རབས་སྙན་ཚིག་གི་ཤུགས་རྐྱེན་དང་། 1919 ལོར་སློབ་ཆུང་འགྲིམས་དུས་ལྔ་བཞིའི་རླབས་རྒྱུན་གསར་བའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 1923 ལོ་སྟེ་དམའ་འབྲིང་གི་སྐབས་སུ་སྙན་ངག་གསར་རྩོམ་གྱི་མགོ་བརྩམས།1934 ལོར་རྒྱལ་འཛུགས་ཧྲན་ཏུང་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། སློབ་ཆེན་གྱི་སྐབས་སུ་སྙན་ངག་གསར་རྩོམ་གྱི་ངོས་ནས་ཝིན་དབྱིས་ཏའོ་དང་ཝང་ཐའོ་ཀྲའོ་གཉིས་ཀྱི་སྐུལ་ལྕག་དང་རོགས་རམ་ཐོབ།

1933 ལོར་ཐོག་དང་པོའི་སྙན་ངག་ཕྱོགས་སྒྲིག«མེ་ཐེལ»པར་དུ་བཏབ། དེར་མཐུད་ནས་ཡང«ནག་ཉེས་ཀྱི་ལག་པ་ནག་པོ»དང«མིས་བཟོས་གཙང་བོ»ཞེས་པའི་སྙན་ངག་ཕྱོགས་སྒྲིག་གི་དེབ་གཉིས་དང་། སྙན་ངག་རིང་མོ«རང་ཉིད་ཀྱི་འདྲ་གཟུགས»བཅས་པར་དུ་བཏབ། 1936 ལོར་ཀྲུང་གོ་རིག་རྩལ་བའི་མཐུན་ཚོགས་སུ་ཞུགས། 1958 ལོར་ཀྲུང་ཧྭ་རྒྱལ་ཡོངས་རིག་རྩལ་ཁྲོད་ཀྱི་དགྲ་འགོག་ལྷན་ཚོགས་སུ་ཞུགས། འཇའ་འགོག་ལ་རྒྱལ་ཁ་ཐོབ་རྗེས། ཁོས་ཡང་ཆབ་སྲིད་ཟུར་ཟ་སྙན་ངག་མང་པོ་ཞིག་དུས་ཐོག་བྲིས་ཏེ། རྒྱལ་ཁབ་དབང་སྒྱུར་ས་ཁུལ་གྱི་མུན་ནག་དང་རུལ་སུངས་རྗེན་པར་བསྟན། 1949 ལོར་ཐོག་དང་པོར་རྩོམ་རིག་འཐུས་མི་ཚོགས་ཆེན་དུ་ཞུགས། རྗེས་ནས་ཧྭ་པེ་སློབ་ཆེན་གྱི་རིག་རྩལ་སློབ་གླིང་གི་ཞིབ་འཇུག་མི་སྣ་དང་ཀྲུང་གོའི་རྩོམ་པ་པོའི་ལྷན་ཚོགས་ཀྱི་དྲུང་ཆེན་ཁང་གི་དྲུང་ཆེ། (书记) སྙན་ངག་དུས་དེབ་ཀྱི་གཙོ་སྒྲིག་པ། སྐབས་བདུན་པའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་ལྷན་ཚོགས་ཀྱི་བློ་འདྲི་ས། ཀྲུང་གོའི་རྩོམ་པོ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་འཁུར།

སྐར་ཕྲན།

ང་རང མི་གཞན་དག་གིས་སྐར་མ་ཞེས་འབོད་པ་ལས
སྐར་ཕྲན་ཞེས་བོས་ན་ཉན་པར་དགའ
མཚན་མོའི་མཁའ་དབྱིངས་ནི་འཇིག་རྟེན་གཞན་ཞིག་ཡིན་ཞིང
སྐར་ཕྲན་ནི་ཁོའི་འབངས་མི་རེད
གཅིག་གིས་གཅིག་ལ་ཟུར་ཕུད་མི་གནང་བར
ཕན་ཚུན་ཚགས་དམ་གྱིས་ཉེ་སར་བཅར
ཁོ་ཚོ་ནི་དེ་ལྟར་ཆུང་ལ  དེ་ལྟར་ཆུང་བས་མཚན་མིང་མེད
ཁོ་ཚོས་རང་ཉིད་ཀྱི་འོད་སྣང་ལ་བརྟེན་ནས  རང་ཉིད་ཀྱི་གནས་པ་སྒྲོག
མགོ་བོ་ཡར་བཀྱགས་ན  དཀར་ཆེམ་ཆེམ་གྱི་དགུ་ཚིགས་མཐོང་ཡོང
གཅིག  གཉིས  གསུམ  ཁྱོད་ཀྱིས་རྩིས་དང  
ཧི ཁོ་ཚོ་ནི་ཇི་འདྲའི་མང་ལ  ཇི་འདྲའི་མང......

                             1946.8.4  ཉིན་ལ།

སྙན་ངག་མྱོང་རོལ།
 

ཙང་ཁི་རྒྱལ་གྱི་སྙན་ངག་མང་པོས་ཀྲུང་གོའི་རྙིང་བའི་ཞིང་སྡེ་བརྗོད་བྱར་བཟུང་ཡོད་ལ། དེའི་རྐྱེན་གྱིས་ཞིང་བ་སྙན་ངག་པའམ་ས་འདམ་སྙན་ངག་པ་ཞེས་མཚན་མིང་ཐོགས་ཡོད། «སྐར་ཕྲན»གྱིས་སྤྲོ་སེམས་འཁོལ་པོའི་ངང་ནས་བགྲང་གིས་མི་ལངས་པའི་ནམ་མཁའི་སྐར་ཕྲན་ལ་བསྟོད་གླུ་ཕུལ་ཡོད་ཅིང་། དེ་དག་ནི་བགྲང་གིས་མི་ལངས་ཤིང་བརྩི་ཐབས་མེད་པ་ཞིག་ཡིན། ཁོ་ཚོ་ནི་ཆུང་དྲགས་ཏེ་མཚན་མིང་མེད་ནའང་། རང་རང་གི་འོད་ཀོར་ལས་རང་ཉིད་ཀྱི་གནས་པ་དང་རིན་ཐང་སྟོན་པར་བྱེད། ཁོ་ཚོ་ནི་བར་ཚགས་དམ་པོའི་ངང་ཉེ་སར་བཅར་ཞིང་། གཅིག་གིས་གཅིག་ལ་ཟུར་ཕུད་མི་བགྱི། སྐར་ཕྲན་ལ་རྣམ་དག་གིས་བསྟོད་གླུ་བླངས་པ་དེས། ཀློག་པོ་དག་ལ་རང་བཞིན་གྱིས་རྒྱ་ཆེ་བའི་མི་དམངས་དྲན་དུ་འཇུག་ལ། སྙན་གྲགས་དང་འབྱོར་བ་ཞན་པའི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་འོད་སྣང་དང་སྤྲོ་སེམས་ཀྱིས་འཇིག་རྟེན་བཀྱགས་ཡོད་པར་ཡིད་དུ་འཁོར་སྲིད། དེ་མིན་ད་དུང་སྐར་ཕྲན་དག་འདུས་སྡོད་བྱས་ཡོད་པའི་འཇིག་རྟེན་དེར་ལྷད་མེད་རྣམ་དག་གིས་བསྔགས་བརྗོད་བྱས་པ་ལས། རྩོམ་པ་པོས་ཀྲུང་གོ་རྙིང་བའི་མུན་ནག་གི་སྤྱི་ཚོགས་ལ་ཞེན་ལོག་སྐྱེས་ཡོད་པ་དང་། མི་དམངས་ཀྱིས་དུས་རབས་གསར་བ་ལ་རེ་སྨོན་སྙིང་ནས་བཅིངས་ཡོད་པའང་མཐོང་ཐུབ།

སྙན་ངག་འདིའི་གསར་རྩོམ་སྟེང་གི་ཁྱད་ཆོས་གཙོ་བོ་ནི། ཁ་སྐད་དང་གསལ་བསྒྲགས་ཀྱི་རྣམ་པ་སྤྱད་ཡོད་ལ།  གབ་སྦས་དང་དྭངས་གཙང་གི་བརྗོད་དོན་མཚོན་ཡོད།  ཙང་ཁི་རྒྱལ་གྱི་གཞོན་དུས་ཀྱི་སྙན་ངག་གིས།  མིང་ཚིག་གི་ཞུན་བརྡར་ལ་དོ་སྣང་གལ་ཆེན་བྱེད་ཅིང་།  སྙན་ངག་སྐོར་ཞིག་གདུང་འབོད་དང་བར་ཐག་ཉེ།  དུས་སྐབས་འདིར“རང་ཉིད་ཀྱི་རྙི་རྒྱ་ལས་ཐར་བར་བྱས”ཏེ། ཅི་ནུས་ཀྱིས་སྙན་ངག་བབ་ཆགས་ལྷོད་པོ་ཞིག་བྲིས་ནས། མང་ཚོགས་ཀྱིས་ལས་སླ་མོར་དང་ལེན་བྱ་ཐུབ་པ་ཞིག་བགྱི་དགོས་པར་བསྟན། «སྐར་ཕྲན»ཞེས་པའི་སྙན་ངག་འདི་གསལ་དྭངས་བབ་ཆགས་ཀྱི་བརྩེ་མཚོན་སྙན་ངག་ཅིག་ཡིན་ལ། ཁོའི་སྙན་ངག་གི་རྣམ་པ(ཉམས)འགྱུར་མགོ་ཚུགས་པའི་དན་རྟགས་ཤིག་ཀྱང་རེད།
 

  རྩོམ་སྒྲིག་པ།  མྱི་གསར་བ།