༄༅། །སྙན་རྩོམ་འབྲི་ཚུལ་གྱི་མྱོང་བྱང་མདོར་བསྡུས།
རྩོམ་པ་པོ། མཁན་འཆི་མེད་རིག་འཛིན།
མཐའ་མེད་རྒྱ་མཚོའི་རླབས་ཀྱི་ཟུར་ཁ་ནས། །
མཚར་སྡུག་ལང་ཚོའི་མེ་ཏོག་ཡོངས་གྲོལ་བའི། །
ཉི་མ་ཟླ་བའི་སྲིང་མོ་དབྱངས་ཅན་མས། །
སྙན་ཚིག་སྨྲ་བའི་ངག་ལ་ཤིས་པ་སྩོལ། །
དེ་ལ་ཐོག་མར་རང་གིས་མི་ཚེ་འདིར་རྩོམ་གྱི་རིག་པ་ལ་ཇི་ལྟར་བསླབས་པའི་སྔོན་འགྲོའི་གཏམ་མདོར་བསྡུས་ཙམ་ཞིག་བརྗོད་ན།
དེ་ཡང་ཁོ་བོ་ཨ་མདོ་རྨེ་ཡུལ་གྱི་འབྲོག་ཁྱིམ་ཞིག་ནས་ནར་སོན་ཏེ་ལོ་ངོ་བཅུ་ཙམ་ལོན་པའི་དུས་སུ་སློབ་གྲྭར་ཞུགས་ཤིང་ཡི་གེར་བསླབས་པ་ཡིན་ནོ། །ལོ་བཅུ་བཞིའི་དུས་ཙམ་ན་ཉིན་ཞིག་ངེད་ཅག་གི་སློབ་ཚན་གྱི་ནང་དུ་རང་ཁྱིམ་དུ་སོང་ནས་ལས་བྱ་བྲི་རྒྱུ་ནི། ཐོན་ཁུངས་ཕུན་སུམ་ཚོགས་པ།[ ] ཡུལ་ལྗོངས་མཛེས་སྡུག་ལྡན་པ།[ ] ཞེས་པའི་དཔེར་བརྗོད་དེ་གཉིས་ཀྱི་ཁ་སྐོང་དགོས་པ་དེ་རེད། ང་ཡང་ཕྱིར་རང་ཁྱིམ་དུ་འོངས་ནས་བསམ་བློ་གཏོང་ཅི་ཤེས་ཀྱིས་ཁ་སྐོང་གི་ཚིག་རེ་འབྲི་ཁུལ་བྱས་སོ། །
ཕྱི་ཉིན་སློབ་གྲྭར་སོང་ནས་དགེ་རྒན་ལ་ཕུལ་སྐབས་ངེད་ཅག་གི་སློབ་གྲོགས་རྣམས་ཀྱི་ནང་དུ་སྨན་པ་མཁས་པ་ཞིག་གི་བུ་ནོར་བུ་དོན་གྲུབ་དང་། བུ་མོ་མཁའ་འགྲོ་སྐྱིད་ཟེར་བ་གཉིས་ཡོད། དགེ་རྒན་གྱིས་ང་ཚོའི་དཔེར་བརྗོད་དག་ལ་རིམ་གྱིས་བལྟས་ཏེ་དེ་གཉིས་ཀྱི་དཔེར་བརྗོད་ཀློག་སྐབས། ཐོན་ཁུངས་ཕུན་སུམ་ཚོགས་པ། །རྒྱ་ནག་འཕྲུལ་ཆའི་གླིང་རེད། །ཡུལ་ལྗོངས་མཛེས་སྡུག་ལྡན་པ། །དབྱར་གསུམ་སྟེང་གི་སྤང་ལགས། །ཞེས་བྲིས་འདུག་པ་དེ་བཏོན་ནས་དཔེར་བརྗོད་འདི་གཉིས་རེད་འདུག་སྟེ། ཕལ་ཆེར་འདི་ཚང་གི་ཕ་རྒན་གྱིས་བྲིས་པ་ལས་ཁོང་གཉིས་མིན་པ་འདྲ། སྤང་ལགས་ཞེས་པའི་ལགས་དེའི་དོན་ཁོ་བོས་ཀྱང་ཅི་ཡིན་མི་ཤེས་ཟེར་འདུག །
རང་གིས་ཚིགས་བཅད་དེ་ཐོས་རྗེས་ཚིག་དེ་ཅི་འདྲའི་སྙན་པ་ཞིག་ལགས་སྙམ་ནས་ནམ་རྒྱུན་ཡིད་ལ་འཁོར་ཞིང་། ངས་ཀྱང་དེ་འདྲ་ཞིག་ཐོན་ན་ཅི་མ་རུང་བསམས་ཏེ་ཟླ་བ་མང་པོའི་བར་ཉིན་རྫི་བོའི་ཞོར་དང་མཚན་མལ་སའི་ནང་ནས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་པའི་དབང་གིས་ཚིག་དེ་ནི་ཁོ་བོའི་མི་ཚེ་འདིའི་སྙན་ངག་སློབ་པའི་ཐོག་མའི་འཇུག་སྒོ་དང་བརྗེད་དུ་མེད་པའི་ལོ་རྒྱུས་ཤིག་ཏུ་གྱུར་པ་ཡིན་ནོ། །
རང་ལོ་བཅུ་དྲུག་ཙམ་གྱི་དུས་ན་རྩེད་གྲོགས་འགའ་དང་མཉམ་དུ་ཅི་དྲན་གྱིས་རྩོམ་དང་གླུ་ཚིག་སོགས་འགའ་རེ་འབྲི་ཁུལ་བགྱིས་ནའང་ཅི་ཞིག་བྲིས་པ་ནི་ད་ལྟ་གང་ཡང་དྲན་རྒྱུ་མེད་དོ། ། དེ་རྗེས་བླ་རུང་ཆོས་སྡེ་ཆེན་པོའི་ཆོས་ཀྱི་གྲལ་མཐའ་རུ་འཁོད་པའི་སྐལ་བ་བཟང་པོའི་སྣེ་ནས་ཟིན་ཏེ་མི་རིང་བ་ཞིག་ན་མཚན་བརྗོད་པར་དཀའ་བ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དཔལ་བཟང་པོ་མཆོག་གིས་ངེད་ཅག་སློབ་བུ་ལྔ་བཅུ་ལྷག་ཙམ་ལ་བོད་མཁས་པའི་སྙན་འགྲེལ་དནྜིའི་དགོངས་རྒྱན་གྱི་ལེའུ་གཉིས་པ་མཐར་ཆགས་སུ་ཁྲིད་དེ་རེ་རེ་ནས་དཔེར་བརྗོད་འགོད་དུ་བཅུག་པ་ཡིན་ནོ།
དེ་དུས་ཀྱི་དཔེར་བརྗོད་འབྲི་མཁན་གཙོ་བོ་ནི་ལོ་ན་རྒན་པ་མཁན་དགེ་འདུན་ནོར་བུ། བླ་མ་ཏེ་པ། མཁན་ཆོས་པད་སོགས་དང་། གྲྭ་ཆུང་གཞོན་པ་དག་གི་ནང་ནས་ཚུལ་ཁྲིམས་བློ་གྲོས། བསྟན་འཛིན་ནོར་བུ་སོགས་ཡིན་ལ་རང་གིས་ཀྱང་དཔེར་བརྗོད་ཅི་རིགས་རེ་འབྲི་ཁུལ་བགྱིས་ཏེ་ཕུལ་བ་ལགས་ཤིང་། རྗེ་བླ་མ་དམ་པས་ཀྱང་མཁན་ཚུལ་ཁྲིམས་བློ་གྲོས་དང་བསྟན་འཛིན་ནོར་བུ་གཉིས་ཀྱི་རྩོམ་ལ་ཁྱེད་གཉིས་ཀྱིས་རྗེས་སུ་རྩོམ་ལ་བསླབས་ན་ཚིག་སྦྱོར་ལེགས་པོ་ཡོད་ཚུལ་སོགས་གསུངས་སོ། །
སྐབས་དེར་རྗེ་བླ་མ་ཉིད་ཀྱིས་ཀྱང་དཔེར་བརྗོད་འགའ་རེ་བྲིས་ཏེ་གནང་བ། དཔེར་ན། གབ་ཚིག་གི་རྒྱན་ལ། རྡུལ་དམར་ཆར་གྱིས་བརླན་པའི་ས་ཕྱོགས་སུ། །སོར་མོས་རྩེན་པའང་སྐལ་བ་བཟང་ལགས་ན། །བག་རྐྱང་ལྷོད་པོར་གནས་རྣམས་ངོ་མཚར་ཞེས། །བདག་གི་སེམས་ཀྱི་བརྟན་པ་ཕྲོག་པར་གྱུར། །ཅེས་གསུངས་པ་སོགས་དེང་སང་གསུང་འབུམ་གྱི་ཁྲོད་ནའང་འགའ་རེ་ཡོད་པ་དེ་དག་གོ །
དེ་ནས་བཟུང་རང་གིས་ཀྱང་སྙན་ངག་གི་ཚིག་སྦྱོར་རྩོམ་པ་ལ་རིམ་གྱིས་བསླབས་ཤིང་གླུ་ཚིག་དང་། མགུར་མ། བསྟོད་པ་སོགས་གང་མང་ཞིག་བྲི་བའི་མགོ་བརྩམས་པ་ལགས་སོ། །
དེ་ལྟར་སྔོན་འགྲོའི་ལོ་རྒྱུས་ཅུང་ཙམ་བརྗོད་དེ་འདིར་བཤད་པར་བྱ་བ་ནི། རང་ལ་མཚོན་ན་སྙན་ངག་གི་ཚིགས་བཅད་རྩོམ་པར་སྤྲོ་བ་ཆེ་ཞིང་ལོ་ན་གཞོན་པའི་དུས་སུ་ལྔ་བ་ཆེན་པོ་དང་སྒེའུ་སྟེང་བློ་བཟང་དཔལ་ལྡན་སོགས་ཀྱི་རྩོམ་གཤིས་ཚིག་སྦྱོར་སྙན་ལ་གོ་དཀའ་བ། དཔེ་དོན་གྱི་རྣམ་འགྱུར་མང་དུ་བརྩེགས་པ་འཇའ་ཚོན་སྣ་ལྔ་བསྒྲིགས་པ་ལྟ་བུ་དེ་ཚོ་ལ་དགའ་ཞེན་ཧ་ཅང་ཆེ་ཞིང་དེ་འདྲའི་ཕྱོགས་ཅི་ཐོན་གྱིས་འབད་བརྩོན་ཀྱང་རིང་ཞིག་བྱས་པ་ཡིན་ནོ། །
འོན་ཀྱང་། སྐབས་སྐབས་སུ་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་འགའ་རེ་ཚིག་དེ་ཙམ་གྱི་སྙན་ངག་གི་མངོན་བརྗོད་སོགས་ཀྱིས་བརྒྱན་མེད་ཀྱང་དཔེ་ཁྱད་པར་བ་འགའ་རེ་དང་སྦྱར་བའི་སྒོ་ནས་དོན་གྱི་རྣམ་པ་ཐུན་མིན་སེམས་ལ་གསལ་ལྷང་ངེར་འཆར་ཐུབ་པའི་རྩོམ་གྱི་རྣམ་པ་དེ་འདྲས་ཀྱང་ཡིད་སེམས་གཏིང་ནས་འཕྲོག་པ་ཡང་མང་ཞིག་བྱུང་བ་ཡིན་ཏེ། དཔེར་ན། རོ་དང་འདྲ་བའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་དག །མཉམ་དུ་ཤི་ན་ཤིན་ཏུ་ཕངས། །ཞེས་སོགས་གསུངས་པ་ལྟ་བུ་དག་ཡིན་ནོ། །
དེ་ལྟར་ལོ་ཟླ་རིང་བོའི་དུས་ཚོད་ཀྱི་ཁོམ་སྐབས་དང་འབྲེལ་ཏེ་རྒྱ་གར་དང་རྒྱ་ནག་བོད་གངས་ཅན་གྱི་སྔ་རབས་མཁས་པ་དུ་མའི་རྩོམ་གྱི་སྒྱུ་རྩལ་ལ་མཐོང་ཐོས་ཀྱི་རྒྱུས་ལོན་ཡུན་དུ་བྱས་པའི་བསམ་ཚུལ་མདོ་ཙམ་བརྗོད་ན། རྩོམ་མ་དྲན་པ་དྲན་བྱེད་ཀྱི་ཐབས་དང་། དྲན་པའི་ཚིག་ཉམས་བཏོད་ཚུལ་གཉིས་ལས། དང་པོ་ནི། དེ་ཡང་ཐོག་མར་རྩོམ་ལ་སློབ་སྐབས་ཚིག་སྦྱོར་སྙན་ལ་འཇེབས་ཤིང་སྐྱོན་དང་བྲལ་བ་ཞིག་རང་ཤུགས་ཀྱིས་འོང་མཁན་ནི་ཤིན་ཏུ་ཉུང་ངུ་ཡིན་ནོ། །
དེས་ན་བྱིས་པ་ལང་མ་གོག་དེ་ལག་པ་གཞན་ལ་བརྟེན་ནས་གོམ་འགྲོས་ལ་སློབ་པ་བཞིན་དུ་མཁས་པ་གོང་མ་རྣམས་ཀྱིས་མཛད་པའི་སྙན་རྩོམ་རང་གི་སེམས་ལ་འཐད་པ་དག་ཡང་ནས་ཡང་དུ་སྙན་པའི་ངག་གིས་འདོན་བཞིན་དེ་དག་གི་ཚིག་སྦྱོར་དེ་འདྲ་ཅི་ཐོན་གྱི་སྒོ་ནས་འབྲི་བ་དང་། རྩོམ་དེ་ལས་མགོ་མཇུག་སོགས་ཀྱི་ཚིག་འགའ་རེ་རང་གི་རྩོམ་གྱི་ནང་དུ་བསླད་ནས་འབྲི་ཚུལ་ལ་བསླབས་ན་ཅི་ཞིག་ན་རང་གི་རྩོམ་གཤིས་དེ་ཡང་དེ་འདྲའི་ཕྱོགས་སུ་འགྲོ་བ་ཡིན་ནོ། །
གཞན་ཡང་། དཔེར་ན་བསྟོད་པ་དང་། མགུར་གླུ་སོགས་ཀྱི་རྩོམ་རིང་ཞིག་འབྲི་དགོས་ནའང་མགོ་ནས་མཇུག་གི་བར་རིམ་བཞིན་བསྟར་ཆགས་སུ་ཤར་འོང་རྒྱུ་ཞིག་དཀའ་བས། དེས་ན་མགོ་མཇུག་གང་ནས་དྲན་ཡང་ཤོ་ལོ་ཀ་རེ་རེ་ཙམ་རེ་རང་སེམས་མགུ་བའི་ཚིག་སྦྱོར་དུ་སོང་བ་དེ་འདྲ་འགའ་རེ་ཅི་ཐོན་དུ་བྲིས་ནས་ཚིགས་བཅད་མང་ཙམ་ལོང་ཚེ་ད་གདོད་གོ་རིམ་བསྒྲིགས་ཏེ་མཐར་ཆགས་སུ་བཀོད་པའི་སྒོ་ནས་ཆ་ཚང་དུ་བགྱི་བ་སྟེ། དེ་ཡང་རྩོམ་མི་དྲན་པ་དྲན་བྱེད་ཀྱི་ཐབས་རེ་ཡིན་ནོ། ། དེ་ཡང་གསུང་འགའ་རེའི་མཇུག་རྩོམ་དུ་ཐོགས་མེད་དུ་ཤར་མར་སྤེལ་བའོ། །ཞེས་བྲིས་པ་ཡོད་ཅིང་། དེ་འདྲ་ནི་རྟོགས་པ་མཐོན་པོར་སོང་བའི་དམ་པ་གོང་མ་དག་གི་ཐ་མལ་གྱི་རྣམ་རྟོག་གིས་མ་བསླད་པའི་རྟོགས་པའི་ཡོན་ཏན་གྱི་ཆེ་བ་སྟོན་པའི་གསུང་ཚུལ་རེ་ཡིན་ནོ། །
འོན་ཀྱང་། རྩོམ་སྙན་མོ་ཞིག་འོང་བ་ལ་ཚིག་ལ་གདམ་ཀ་དང་སྤང་བླང་སོགས་བསམ་བློ་ཞིབ་མོ་བཏང་སྟེ་གཞན་སེམས་འགུགས་ནུས་ཀྱི་རྩོམ་གཤིས་ཤིག་རྩལ་འདོན་མཛད་རྒྱུ་དེ་གལ་ཆེ་བ་ལས་གང་བབ་བབ་ཏུ་ཤར་མར་འབྲི་ཐུབ་མིན་ལ་གཙོ་བོར་འཛིན་པར་མི་བྱའོ། །
དེས་ན་སྔོན་གྱི་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་དག་གིས་རྩོམ་བྲིས་ནའང་། དཔེར་ན། ཟླ་འོད་ཀྱི་འོག་ན་མི་ཞིག་གིས་ཁང་པའི་སྒོ་རྡུང་བཞིན་ཡོད་པའི་རྩོམ་ཚིག་ཏུ་སྒོ་དེ་རྡུང་དང་འཕུལ་ཞེས་པའི་ཚིག་གི་གདམ་ཀ་ལ་ཡང་ལོ་དུ་མར་བསམ་བློ་བཏང་བ་ཡིན་པར་གྲགས་པ་ལྟ་བུ་སྟེ། དེ་ལྟར་ཚིག་གི་འགྲོ་ཕྱོགས་ལ་བསམ་གཞིག་མང་པོ་བྱས་ཏེ་རྩོམ་པ་ལ་བསླབས་ན་སྙན་ཚིག་ཕལ་དང་མི་འདྲ་བའི་ཁྱད་ཆོས་འབུར་ཐོན་འོང་རྒྱུ་ཡོད་པ་ཡིན་ནོ། །
དེང་དུས་ཀུན་ལ་སྙན་པར་གྲགས་པའི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་ཚིགས་བཅད་འགའ་རེའི་ཐོག་མའི་མ་ཕྱི་མཁས་དབང་ཉིད་ཀྱིས་ཕྱག་བྲིས་ད་ལྟ་མཇལ་རྒྱུ་ཡོད་ཀྱང་རྩོམ་དེ་དག་གི་ཚིག་ལ་ཡང་འཕྲི་སྣོན་དང་བརྗེ་ལེན་ལན་མང་པོ་བྱས་པའི་ཐ་མ་དེ་ད་ལྟ་གསུང་འབུམ་གྱི་ཁྲོད་དུ་བཞུགས་པ་དེ་ཚོ་ཡིན་ནོ། །དེས་ན་ཚིག་དེ་དག་སྙན་པར་སོང་བའི་རྒྱུ་མཚན་ཡང་རྩོམ་པ་པོ་ཁོང་གིས་ཤར་མར་བྲིས་པ་མིན་པའི་གནད་ལ་ཐུག་ཡོད་དོ། །
གཞན་ཡང་རྩོམ་དོན་ཉམས་དང་ལྡན་པ་ཞིག་འོང་དགོས་ན་བརྗོད་བྱའི་དོན་གྱི་ངོས་ནས་གང་བརྗོད་དགོས་པའི་ཁྱད་ཆོས་དེ་སེམས་ལ་ལེགས་པོ་ཞིག་ཤར་དགོས་པ་སྟེ། དཔེར་ན། རང་གིས་མཐོང་བའི་རྩོམ་ཞིག་ལས། ཉི་མ་མཐོ་ཞིང་མེ་ཏོག་གྲིབ་མ་འཐུག །ཅེས་པ་ལྟ་བུའི་ཚིག་ལ་བསམས་ན་དབྱར་དུས་ཉི་མ་ཚ་བའི་སྐབས་ན་མེ་ཏོག་གི་གྲིབ་མར་དོན་ལ་སྲབ་འཐུག་ཅིག་མེད་ཀྱང་། རང་ཅག་གི་མིག་ལམ་དུ་ཤིན་ཏུ་འཐུག་པའི་རྣམ་པ་ཞིག་ཡོད་པ་དེ་འདྲའི་ཁྱད་ཆོས་དེ་ཐོག་མར་སེམས་ལ་ཤར་ཞིང་ཤེས་མ་ཐུབ་ན་ཞིབ་ཆ་ཐོན་པའི་ཚིག་དེ་དག་འབྱུང་མི་ཐུབ་པ་ཡིན་ནོ། །
གཉིས་པ་ནི། དྲན་པའི་ཚིག་ཉམས་བཏོད་ཚུལ་ལ། སྙན་ངག་ཅེས་པ་ནི་རྗོད་བྱེད་ཚིག་གི་ངོས་ནས་ཚིག་སྦྱོར་སྐྱོན་མེད་ཅིང་ཡིད་ལ་འཐད་པ་དང་། བརྗོད་བྱ་དོན་གྱི་ངོས་ནས་ཀྱང་གང་བརྗོད་བྱའི་དོན་དེའི་རང་གི་ཐུན་མིན་གྱི་རྣམ་པ་དེ་ཀློག་པ་པོའི་རྒྱུད་ལ་མིག་གིས་བལྟས་པ་བཞིན་གསལ་བོར་འཆར་ཐུབ་ཅིང་སེམས་ཁམས་བསྒུལ་ནུས་པའི་བརྗོད་ཚུལ་ཁྱད་པར་བ་ཞིག་ལ་ཟེར་དགོས་པ་ཡིན་ནོ། །
དེ་འདྲའི་དགོས་དོན་དེ་གྲུབ་པའི་ཚིག་གི་སྡེབ་ཚུལ་དང་དཔེའི་མཚོན་ཚུལ་གྱི་སྐོར་ལ་སྙན་ངག་མེ་ལོང་མ་སོགས་སུ་དཔེར་བརྗོད་ཀྱི་རྣམ་གཞག་མང་ཞིག་བཀོད་ནས་བསྟན་ཡོད་པ་ཡིན་ཡང་། དེ་དག་ནི་ཐོག་མར་སློབ་པའི་སྐབས་ཀྱི་དཔེ་སྟོན་ཙམ་ལས་དོན་དུ་ལམ་སྲོལ་དེ་ཁོ་ན་ལ་ལྟོས་མི་དགོས་ཤིང་མཐའ་གཅིག་ཏུ་དེ་འདྲའི་མཚོན་དཔེ་འགའ་རེའི་ལམ་སྲོལ་ཁོ་ན་དེད་ཚེ་ཀུན་ཀྱང་མཚུངས་པ་ལས་སྔར་མེད་པའི་ཚིག་སྦྱོར་གྱི་ཁྱད་པར་ཐོན་མི་ཐུབ་བོ། །
དེ་ཡང་སྔོན་གྱི་སྙན་རྩོམ་གྱི་རིགས་རྣམས་ཀྱི་ཚིག་ཉམས་བཏོད་ཚུལ་ལ་མི་འདྲ་བ་གཉིས་སུ་ཡོད་པ་ཡིན། གཅིག་ནི་དོན་གྱི་རྣམ་པ་བློ་ངོར་སྟོན་ཐུབ་མིན་གཙོ་བོར་མ་བྱས་པར་ཚིག་རང་གི་སྡེབ་ཆ་ལེགས་པ་ཁོ་ན་རྩལ་དུ་བཏོན་པའི་སྙན་ངག་གི་རིགས་སུ་གནས་པ་སྟེ། དཔེར་ན། ངོ་མཚར་ཉི་མའི་འོད་ཁྱིམ་བླ་བྲེས་མཛེས་སྡུག་ཟུར་མིག་ཕྱོགས་འདིར་ངོམས། །རྐང་གཅིག་སྤོས་ཀྱི་ཙན་དན་སྡོང་པོར་རབ་དཀར་དུད་པའི་དར་འཕྱང་གཡོ། །ཞེས་པ་ལྟ་བུའོ། །དེ་འདྲའི་སྙན་ངག་དེ་ཀློག་བཞིན་པའི་སྐབས་སུ་མ་བརྟགས་ཧང་བསམ་ཙམ་ལ་གླིང་བུ་སྙན་མོ་ཞིག་ལ་ཉན་པ་དང་མཚུངས་པར་ཤིན་ཏུ་སྙན་པ་འདྲ་ཡང་བཀླགས་རྗེས་ཀྱི་ཚོར་སྣང་ལ་དོན་གྱི་རྣམ་པ་ཐུན་མིན་སེམས་ལ་ཤར་བའི་མཇུག་འབྲས་གང་ཡང་འཇོག་རྒྱུ་མེད་དོ། །
གཉིས་པ་ནི། ཚིག་ལ་དེ་འདྲའི་དཔེ་སོགས་ཀྱི་སྒོ་ནས་སྒྲོས་ཆ་མང་པོ་མ་བཏོན་པར་དོན་གྱི་ཁྱད་པར་དེ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཡིད་ལ་གསལ་བོར་ཤར་ཐུབ་པའི་ངག་སྦྱོར་རྩལ་དུ་བཏོན་པའི་རིགས་ཤིག་སྟེ། དཔེར་ན། ནམ་ལངས་དགུན་གྱི་ཉི་འོད་ཁྱིམ་ལ་ཕོག །ཟེར་ཐག་རེ་ན་རྡུལ་གྱིས་འཚང་ཁ་བྱེད། །རྐང་གཅིག་སྤོས་ཀྱི་དུད་པ་དུམ་བུར་ཆད། །དུམ་བུ་རེ་ལ་ཆུ་བོའི་ཁུག་འགྲོས་དོད། །ཅེས་པ་ལྟ་བུའོ། །སྙན་ངག་དེ་འདྲ་བཀླགས་པ་ན་སེམས་འགུལ་ཐེབས་པའི་སྐད་ཆ་ཐོས་པ་བཞིན་དོན་གྱི་གནས་བབས་དེ་ལྷང་ངེར་ཡིད་ལ་གསལ་བར་ཤར་ཐུབ་ཅིང་དགའ་སྐྱོའི་སེམས་ཁམས་གཡོ་ནུས་པ་ཡིན་ནོ། །
ཚིག་ལ་སྙན་ཆའི་སྡེབ་སྦྱོར་གྱི་མཛེས་ཆ་མེད་ཚེ་དོན་གྱི་རྣམ་པ་ཚུལ་བཞིན་མཚོན་པའི་ངག་ཕལ་བ་ཙམ་སྙན་ངག་གི་གྲངས་སུ་མི་འགྲོ་སྙམ་མཁན་ཡོད་ཀྱང་བསམ་ཚུལ་དེ་ནི་སྙན་ཚིག་ཅེས་པའི་མིང་གི་འཇུག་ཡུལ་ལ་གུ་དོག་པའི་གོ་བ་ལེན་ཚུལ་ཙམ་དུ་ཟད་དོ། །
ཕྱི་མའི་རྩོམ་གཤིས་དེ་འདུལ་བའི་གླེང་གཞིའི་ཚིགས་བཅད་འགའ་དང་རྒྱ་ནག་གི་མཁས་པ་འགའ་རེའི་རྩོམ་དག་ན་མང་ཙམ་ཞིག་མངོན་རྒྱུ་ཡོད་ལ། བོད་ཀྱི་སྙན་རྩོམ་དག་གི་ནང་ནའང་འགའ་རེ་ཡོད་མོད་དེ་འདྲ་ལ་ཆེད་དུ་རྩལ་འདོན་མ་བྱས་པ་འདྲ་ཞིག་མངོན་ནོ། །
འདི་ལྟ་བུའི་རྩོམ་གྱི་ཉམས་འགྱུར་འོང་བ་ལ་ཆོས་གང་ཞིག་མཚོན་ཡང་དེ་ཡི་དུས་ཚོད་དང་། ཁོར་ཡུག །ཆོས་རང་གི་རྣམ་པ་སོགས་ཀྱི་ཞིབ་ཆ་འདོན་ཐུབ་པ་དེ་ནམ་ཡང་མཉམ་འཇོག་དགོས་པའི་གནས་ཤིག་ཡིན་ནོ། །
དེ་ལ་རྩོམ་ཞིག་བྲི་བའི་དགོས་པ་གཙོ་བོ་ནི། རང་གིས་གང་བརྗོད་བྱའི་དོན་དེ་གཞན་ཀློག་པ་པོ་དག་ལ་ཚུལ་བཞིན་དུ་སྟོན་ཐུབ་པའི་ཆེད་ཡིན་པས་སྔ་ཕྱིའི་རྩོམ་གཤིས་དེ་གཉིས་ལ་གདམ་ཀ་ཞིག་དགོས་ན་ཕྱི་མའི་རྩོམ་གཤིས་དེ་འདྲ་ལ་རྩོམ་གྱི་རིན་ཐང་ཆེ་བར་སེམས་པ་ནི་རང་གི་འདི་དག་གི་སྐོར་ལ་རྒྱུས་ལོན་བྱས་པའི་སྡོམ་ཚིག་གོ །
གཞན་ཡང་རྩོམ་ཞིག་བྲི་བ་ལ་གལ་ཆེ་བའི་གནས་གསུམ་ཙམ་ཡོད་དེ། དང་པོ་ནི། གོ་རིམ་དེ་ཡིན། ང་ཚོས་ངོ་མཚར་ཅན་གྱི་ལོ་རྒྱུས་ཤིག་གཞན་ལ་བཤད་དགོས་ན་ཡང་ཚིག་དེའི་གོ་རིམ་ལ་ལྟོས་ནས་གཞན་ལ་བརྡ་འཕྲོད་མི་འཕྲོད་དང་། སེམས་འགུལ་ཐེབས་མི་ཐེབས་སོགས་ཀྱི་ཁྱད་པར་ཆེན་པོ་ཞིག་འོང་བཞིན་ཡོད་པ་ཡིན། དེ་དང་མཚུངས་པར་སྙན་ཚིག་གི་ལམ་ནས་བརྗོད་བྱ་གང་ཞིག་གཞན་ལ་སྟོན་དགོས་ཀྱང་ཚིག་གི་གོ་རིམ་དེ་ལེགས་པོ་ཞིག་བསྒྲིག་ཤེས་ན་དགོས་དོན་དེ་གྲུབ་པ་དང་། མ་ཤེས་ན་མི་འགྲུབ་པས་དེ་ནི་དགའ་སྐྱོ་ངོ་མཚར་བ་སོགས་ཀྱི་དོན་གང་ཞིག་སྟོན་པ་ལ་གལ་ཆེ་བའི་རྩོམ་གྱི་གནད་དང་པོ་དེ་ཡིན་ནོ། །
གཉིས་པ་ནི། བརྗོད་བྱ་དེ་སྟོན་ཚུལ་ལ་དཔེ་སོགས་རྒྱན་གང་དང་ཡང་མ་འབྲེལ་བར་ཐད་ཀར་རང་བཞིན་བརྗོད་པའི་ཚིག་ཉམས་ཁྱད་པར་ཅན་གྱིས་སྒོ་ནས་མཚོན་པ་པའམ། ཚིག་རྣམས་དཔེ་དང་དཔེ་ཅན་ནམ་ཡང་ན་དཔེའི་གཟུགས་སུ་བཀོད་པ་དང་། རབ་བཏགས་ལྟ་བུའི་དོན་གྱི་རྣམ་པ་གསལ་བོར་སྟོན་ཐུབ་པའི་ཚིག་སྦྱོར་གྱི་སྒོ་ནས་དོན་དེ་མཚོན་པར་བྱ་དགོས་ཤིང་། འོན་ཀྱང་། དོན་གཅིག་མཚོན་པ་ལ་མཛེས་ཆོས་ཀྱི་དཔེ་དུ་མས་ཚིག་དེ་བརྒྱན་ཆེས་ན་ཚིག་ཅི་ཙམ་སྙན་ཡང་དོན་གྱི་རྣམ་པ་ཡིད་ལ་འཆར་བ་ལ་སྒྲིབ་བྱེད་དུ་འགྱུར་རོ། །
དེས་ན་དཔེའི་ཚིག་སྦྱོར་དེ་དག་དོན་གྱི་སྒྲིབ་བྱེད་དུ་མ་སོང་བར་དོན་གྱི་བརྗོད་བྱ་དེ་ཀློག་པ་པོའི་རྒྱུད་ལ་མཚོན་ཐབས་ཁྱད་པར་བ་ཞིག་གི་སྒོ་ནས་ལྷང་ངེར་འཆར་ཐུབ་པ་ཞིག་སྙན་ངག་གི་གཅེས་སྲོག་ཏུ་སེམས་ཏེ། རྗེ་མི་ལ་གངས་ཁྲོད་དུ་བཞུགས་སྐབས་ཁ་བ་བབས་ཚུལ་གྱི་མགུར་དུ། འབབ་ཆེ་སྟེ་ཆེ་བ་བལ་འདབ་ཙམ། །འདབ་ཆགས་བྱ་ལྟར་ལྡིང་ཞིང་བབས། །ཆུང་སྟེ་ཆུང་བ་འཕང་ལོ་ཙམ། །བུང་བ་ལྟ་བུར་འཁོར་ཞིང་བབས། །ཡང་ཆུང་སྲན་མ་ཡུངས་འབྲུ་ཙམ། །ཁུ་འཕངས་བཞིན་དུ་འདྲིལ་ཞིང་བབས། །ཞེས་གསུངས་པ་ལྟ་བུ་ཞིག་དགོས་སོ། །
དཔེ་ལ་བརྟེན་ནས་དོན་གྱི་རྣམ་པ་མཚོན་ཚུལ་ལ་འདིར་ལོ་རྒྱུས་ཤིག་བཀོད་ན། སྔར་ཡུལ་ག་གེ་མོ་ཞིག་ན་ལོ་ན་ལོན་པའི་རྒན་པོ་མགོ་དཀར་ཞིག་ཡོད་པ་རེད། དེ་ལ་བུ་ཞིག་ཡོད་པ་རྗེས་སུ་རྐྱེན་དབང་གིས་གློ་བུར་དུ་གྲི་ཤིར་སོང་བར་གྲགས། སྐབས་དེར་རྒན་པོ་ཁོས་རང་ཉིད་དགའ་ཞེན་ཆེ་བའི་བླ་མ་ཞིག་ཁྱིམ་དུ་གདན་དྲངས་ཏེ་གཤིན་པོ་ལ་ཆོ་ག་དང་བསྔོ་སྨོན་སོགས་ཀློག་ཏུ་བཅུག་ནས་བླ་མ་དེ་ཕེབས་ཁར་རྒན་པོ་དེའི་མིག་མཐར་མཆི་མ་འཁོར་བཞིན་འདི་ལྟར་བཤད་པར་ཐོས། དེ་རིང་ཁྱེད་ཉིད་འདིར་ཕེབས་ནས་ངའི་གཅེས་ཕྲུག་བུ་ཆུང་དེ་ལ་བསྔོ་སྨོན་ལན་གཅིག་གནང་བ་དེ་ཤིན་ཏུ་བཀའ་དྲིན་ཆེ། ང་རང་དངོས་གནས་ངའི་བུ་དེ་སླར་གསོན་ནས་ངོ་ཐུག་པ་ལྟ་བུའི་དགའ་སྤྲོ་ཞིག་སྐྱེས་པ་ཡིན། ཟེར་བའི་གཏམ་དེ་ལ་བསམ་གཞིག་རེ་བྱས་ན་ཁོ་རང་གི་བླ་མ་དེ་ལ་དགའ་ཞེན་གྱི་ཚད་དེ་དཔེ་དེ་འདྲའི་སྒོ་ནས་མཚོན་པའི་གཏམ་ཚིག་གཅིག་པོ་དེ་ལ་དངོས་གནས་མི་སེམས་བསྒུལ་ཐུབ་པའི་སྙན་ངག་ཟེར་བའི་ཚིག་གི་ཁྱད་ཆོས་ཤིག་ཚང་འདུག་སྙམ་མོ། །
གཞན་ཡང་ཁོ་བོས་སྔར་རྩོམ་ཡིག་ཅིག་མཐོང་བ་དེར། སྟོན་ཀའི་དུས་ཤིག་ན་གྲྭ་ཆུང་ཞིག་དཔེ་ཆ་ཕྲག་གང་ཁུར་ཏེ་སྔ་མོའི་ཟླ་འོད་ཀྱི་ངོགས་ནས་ལུང་ཆུང་ཞིག་གི་ནང་དུ་ཡར་སོང་བ་ན་ཆུ་རྒྱུན་དྭངས་མོ་ཞིག་འབབ་པ་དང་འཕྲད། ཆུ་དེ་ལ་བརྒལ་བའི་ཚུལ་འདི་ལྟར་ཡོད་དེ། ཁོ་བོས་ཟླ་བ་དང་སྐར་མའི་ཟམ་གྱི་སྟེང་དུ་རྐང་པ་རྗེན་པར་བཞག་སྟེ་ཆུ་བོའི་ཕར་ཁར་སོང་ཞེས་བྲིས་ཡོད་དོ། །དཔེས་དོན་མཚོན་ཚུལ་དེ་འདྲ་རྩོམ་ཚིག་གི་རྒྱན་དུ་བརྗོད་ཆོག་པ་རེད། གཞན་དུ་དཔེ་མང་པོའི་སྒོ་ནས་མཚོན་ཡང་སྙན་ངག་གི་རྒྱན་དུ་མི་འགྱུར་བར་ཁུར་དུ་གྱུར་ན་མི་རྒན་པོ་ལ་གཞོན་པའི་རྒྱན་ཆ་མང་པོ་བཏགས་པ་དང་འདྲ་བར་འགྱུར་བས་དེ་འདྲར་མ་སོང་བ་གལ་ཆེའོ། །
སྤྱིར་ཚིག་གི་ཉམས་བཏོད་ཚུལ་ཟེར་བ་དེ་ནི་གླུ་གཞས་ཀྱི་ངག་འགུགས་ཚུལ་དང་མཚུངས་པ་ཞིག་ཡིན། ངག་འགུགས་ཚུལ་ནི་རང་གི་ངག་རིག་གི་སྒྱུ་རྩལ་ལ་བརྟེན་ནས་འདྲ་མིན་སྣ་ཚོགས་ཤིག་འོང་ཐུབ་བཞིན་ཡོད་པ་སྟེ། ང་ཚོས་སྔར་གྱི་དམངས་ཁྲོད་ཀྱི་གླུ་གཞས་འགའ་ཞིག་གི་ངག་འགུགས་ཚུལ་གྱི་གདངས་ཀྱི་ནང་དུ་གཏན་མེད་པའི་ཀི་འདེབས་པ་དང་། རྐན་སྒྲ་རྡེབ་པ་དང་། བཤུགས་གླུ་ལེན་པ་དང་། ཨག་སྐད་འདོན་པ་སོགས་ཅི་དྲན་དྲན་ཞིག་མི་རྣམས་ཀྱིས་ཡིད་སེམས་འགུགས་པའི་གླུའི་སྒྱུ་རྩལ་གྱི་ནང་དུ་ཐོན་བཞིན་ཡོད་པ་ཡིན་ནོ། །
དེ་དང་མཚུངས་པར་སྙན་ངག་གི་ཚིག་སྦྱོར་འབྲི་ཚུལ་ལའང་ཚིག་གི་གཅོད་ཚུལ་དང་། ཚིག་རྐང་གི་མང་ཉུང་། དཔེ་འཇོག་ཚུལ། ཕལ་སྐད་དང་མངོན་བརྗོད་སོགས་བསྲེས་མ་བསྲེས། དོན་གྱི་རྣམ་པ་དངོས་དང་ཟུར་གྱིས་མཚོན་ཚུལ་སོགས་དང་། གཞན་ཡང་། དཔེར་ན། བདག་མི་སྤྲོ། ཞེས་པ་ལྟ་བུའི་ཚིག་གཅིག་རེ་ཚིགས་བཅད་དུ་མའི་དཀྱིལ་སྙིང་ལྟ་བུར་བྱས་པ་དང་། ཞིག་ལྟ་བུའི་ཚིག་གཅིག་ཚིག་རྐང་དུ་མའི་དཀྱིལ་ཐིག་ལྟ་བུར་བྱས་པ་དང་། འདི་ན་མེད་ཅེས་པ་ལྟ་བུའི་ཚིག་གཅིག་ཚིགས་བཅད་དག་གི་མཇུག་སྡུད་ལྟ་བུར་བྱས་ནས་རྩོམ་པ་སོགས་རྣམ་པ་སྣ་ཚོགས་ཤིག་འོང་ཆོག་པ་ཡིན་པས་རང་གི་བློ་རྩལ་གྱིས་ལྕོགས་ན་སྨན་པ་མཁས་པ་ལ་ས་སྟེང་འདི་ན་སྨན་མིན་གང་ཡང་མེད་ཅེས་བཤད་པ་བཞིན་སྙན་ངག་གི་ནང་དུ་བཀོལ་མི་རུང་བའི་ཚིག་སྦྱོར་གང་ཡང་མེད་པར་ཤེས་དགོས་ཤིང་། དེ་འདྲའི་ཚིག་སྦྱོར་རྩོམ་པ་ལ་རང་དབང་འབྱོར་ཚེ་ངག་གི་དབང་ཕྱུག་ཅེས་པའི་མིང་སྙན་དེ་ལེན་ཆོག་པ་ཡིན་ནོ། །ཚིག་ཉམས་བཏོད་ཚུལ་གྱི་རྣམ་གཞག་དེ་དག་ནི་སྙན་ངག་ལ་ཉེ་བར་མཁོ་བའི་གནད་གཉིས་པའོ། །
གསུམ་པ་ནི། སྙན་ངག་གི་ཚིག་སྦྱོར་ལ་བཅད་ལྷུག་གང་ཞིག་ཡིན་ཡང་ཐམས་ཅད་སྙན་པའི་ཚིག་འབའ་ཞིག་འོང་བ་ཡང་མིན་ལ་དེ་ལྟར་བྱུང་ཡང་དེ་ཙམ་གྱི་ཆེ་བ་ཁྱད་པར་བ་མངོན་ཐུབ་པ་མ་ཡིན་པར་སེམས་ཏེ། དཔེར་ན། བྲོ་གར་ཞིག་ལ་མཚོན་ན་འཁྲབ་སྟོན་པ་ཐམས་ཅད་འདྲ་བ་ཁོ་ན་ཞིག་ཏུ་སོང་ཞིང་དེ་ཡི་ནང་དུ་བཟང་ངན་དང་མཛེས་མི་མཛེས་སོགས་ཀྱི་ཁྱད་པར་ལྟོས་ས་གཏན་མེད་ཚེ་སེམས་ལ་སྤྱི་ཡམ་ཡམ་ཙམ་གྱི་བྲོ་གར་གྱི་རྣམ་པ་ཞིག་ལས་འདི་ལེགས། འདི་མཛེས་སྙམ་པའི་དམིགས་བསལ་གྱི་འགྱུར་བ་ཁྱད་པར་ཅན་གང་ཡང་སྟེར་མི་ཐུབ་པ་ཡིན་ནོ། །འོན་ཀྱང་། དེ་དག་གི་ནང་དུ་བཟང་ངན་རབ་འབྲིང་གི་ཁྱད་པར་དང་ཕན་ཚུན་ལྟོས་ས་མང་ཞིང་དེའི་ནང་ནས་ཀྱང་ཕུལ་དུ་བྱུང་བའི་སྒྱུ་རྩལ་བ་འགའ་རེ་ལྷང་ལ་མངོན་ན་ཡིད་ལ་ཚོར་བ་སྐྱེན་པོ་སྟེར་ཐུབ་པའི་བྲོ་གར་ཁྱད་འཕགས་ཤིག་ཏུ་འགྲོ་ཐུབ་པ་ཡིན་ནོ། །
རྩོམ་གྱི་ཚིག་སྦྱོར་ཡང་དེ་དང་འདྲ་སྟེ་སྤྱིར་བཏང་ཚིག་སྦྱོར་ལེགས་ཤིང་གོ་བདེ་བ་དང་། དེ་ཡི་ནང་གི་ཚིགས་བཅད་འགའ་རེའི་ནང་དུ་དོན་གྱི་རྣམ་པ་མཚོན་པའི་བརྗོད་ཚུལ་ཁྱད་པར་ཅན་མངའ་བ་དང་ཚིག་རྐང་སྔ་མ་རྣམས་སྤྱིར་བཏང་ཙམ་ཡིན་ཡང་ཕྱི་མ་དེ་དཔེ་དང་སྦྱར་བ་སོགས་ཀྱི་སྒོ་ནས་ཚིག་སྦྱོར་ཕལ་དང་མི་འདྲ་བ་ཐོན་ན་རྩོམ་དེའི་སྤྱིའི་བབས་མཛེས་པའི་རྒྱན་དུ་འགྱུར་བ་དཔེར་ན་རྣ་བ་རྐྱང་པ་ལ་གསེར་བཏགས་པ་ལུས་སྤྱིའི་རྒྱན་དུ་འགྲོ་བ་བཞིན་ནོ། །དེ་དག་ནི་རྩོམ་ལ་ཉེ་བར་མཁོ་བའི་གནད་གསུམ་པ་ཡིན་ནོ། །
ད་དུང་། དཔེར་ན་ཚིག་ལྷུག་ལྟ་བུ་རྩོམ་པའི་སྐབས་སུ་མཉམ་འཇོག་དགོས་པ་ལ་རྫོགས་ཚིག་མང་ཆེས་པ་དང་ཉུང་དྲགས་པ། དེ་ཡང་དང་། དེ་ལ། དེས་ན་སོགས་ཚིག་གི་འགོ་འདྲེན་དགོས་སར་མེད་པ་དང་མི་དགོས་སར་མང་བ། རྒྱུ་མཚན་འདྲེན་པའི་ལྷག་བཅས་ཀྱི་འོག་ཏུ་རྒྱུ་མཚན་སྟོན་པའི་ཚིག་ཕྱིར་དང་ཕྱིར་རོ་ལྟ་བུ་མེད་པར་དེའི་ཚབ་ཏུ་ཡིན་ནོ་དང་དེ་ལྟ་བུའོ་སོགས་སྔ་མ་དང་འབྲེལ་མི་ཆགས་པ། མིང་གི་རྣམ་གྲངས་དུ་མའི་མ་མཚོན་པར་ཐ་སྙད་གཅིག་སྐབས་དུ་མར་བསྐྱར་ཟློས་སུ་སོང་བ་དང་། ཚིག་གི་གཅོད་མཚམས་རིང་ཞིང་སྐབས་ཐོབ་ཀྱི་བརྗོད་བྱ་ཐད་ཀར་སྟོན་མི་ནུས་པ་དང་། ཚིག་གི་གཅོད་མཚམས་ཐུང་དྲགས་པས་ཀློག་མི་བདེ་བ་སོགས་དོན་གྱི་རྣམ་པ་སེམས་སུ་ལྷང་ངེར་ཤར་བ་ལ་གེགས་སུ་གྱུར་པ་མང་བས་དེ་འདྲར་མ་སོང་བར་ཆད་ལྷག་མེད་ཅིང་བརྡ་སྤྲོད་ཀྱི་བབས་དང་ཤིན་ཏུ་འབྲེལ་ཆགས་པར་བྱུང་ན་ཚིག་སྦྱོར་དེ་དག་རང་ཤུགས་ཀྱིས་རྣ་བར་འཇེབས་ཤིང་། གོ་དོན་ཡིད་ལ་གསལ་བོར་སྟོན་ཐུབ་པ་ཡིན་པས་དེ་སོགས་སྙན་ངག་འབྲི་བ་ལ་མཉམ་པར་འཇོག་དགོས་པའི་གནས་མང་པོ་ཡོད་ངེས་ཀྱང་རང་གིས་རྒྱུན་དུ་རྩོམ་འབྲི་བ་ལ་གལ་ཆེན་དུ་འཇོག་རྒྱུའི་གནས་ནི་མདོར་བསྡུས་ན་དེ་ཙམ་ལགས་སོ། །
བཅད་ལྷུག་ཚིག་གི་ཆུ་གཙང་དྭངས་མ་ལ། །
སྒྲོ་བཏགས་རྒྱན་གྱིས་བཟི་ཁ་ཕབ་པ་ཡི། །
སྙན་ངག་ནས་ཆང་སྔོན་མོ་ཧུབ་གང་གིས། །
དཔྱོད་ལྡན་མཁས་པའི་ཐུགས་ཀྱི་རྒྱ་མཚོ་གཡོ། །
ཞེས་པའང་གླུ་གཞས་དང་སྙན་ངག་གི་ཚིག་སྦྱོར་སོགས་ལ་དགའ་ཞེན་ཆེ་བའི་གྲྭ་ཨོ་རྒྱན་འབངས་ཀྱིས་སྙན་རྩོམ་འབྲི་བ་ལ་ཉེ་བར་མཁོ་བའི་ཉམས་མྱོང་ཞིག་འབྲི་དགོས་པའི་སྐུལ་མ་བྱས་ཤིང་ཡི་གེ་པ་བགྱིས་ཏེ་ཁམས་མི་ཉག་དར་རྩེའི་མདོར་འཆི་མེད་རིག་འཛིན་གྱིས་སྨྲས་པའོ། །
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease