ཁོའུ་མོ་ཆེ། བོད་ཁྱིམ་གཅིག་ལས་མེད་པའི་གྲོང་ཚོ་ཆེན་པོ།

    རྩོམ་པ་པོ། སྟོབས་ལྡན།


ཁོའུ་མོ་ཆེ། བོད་ཁྱིམ་གཅིག་ལས་མེད་པའི་གྲོང་ཚོ་ཆེན་པོ།

 
            
             སྟོབས་ལྡན།  གཅན་ཚ།


     འཇིག་རྟེན་འདི་ནི་འགྱུར་བའི་ཆོས་ཉིད་ཅན་ཞིག་ཡིན་ཏེ། ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་འགྱུར་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་མངའ་ཐང་དང་མི་རིགས་ཀྱི་ངོ་བོ་ཡང་འགྱུར་བཞིན་ཡོད། གང་ཟག་སྒེར་བའི་འདུ་ཤེས་འཛིན་སྟངས་དང་། དེ་དང་འབྲེལ་བའི་ཆ་ལུགས་ཀུན་སྤྱོད་སོགས་ཀྱང་འགྱུར་བཞིན་ཡོད་པ་མ་ཟད། རང་གི་ཉེ་འཁོར་གྱི་ལོ་རྒྱུས་ཤུལ་བཞག་ཏུ་གྱུར་པའི་ས་མིང་ཁག་ཀྱང་འགྱུར་ནས་ད་ལྟ་ངོ་མི་འཕྲོད་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
ཁོའུ་མོ་ཆེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་རྫོང་མཚེ་མགུར་གྲོང་རྡལ་གྱི་ཁོངས་སུ་ཡོད་པའི་གྲོང་ཚོ་ཆེན་པོ་ཞིག་གི་མིང་སྟེ། ཁ་ཆེའི་དུད་ཁྱིམ་བཞི་བརྒྱ་བརྒལ་བའི་གྲོང་ཚོ་ཆེན་པོ་འདིའི་ནང་ད་ལྟ་བོད་མི་གཅིག་མ་གཏོགས་མེད་པས་གྲོང་ཚོ་འདི་ཉིད་ཧ་ཅང་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་མང་མང་ལ་མཚོན་ན་ད་ལྟ་ཨ་ཕྱི་རྡོ་གོ་མ་གཏོགས་བོད་མིང་ཐོགས་པའི་མི་གཅིག་ཀྱང་མེད་པའི་གྲོང་ཚོ་འདི་ལ་ཆ་རྒྱུས་ཡོད་མི་སྲིད་དེ། ང་ཚོས་རྒྱུན་དུ་རང་མ་གཏོགས་གཞན་མི་མཐོང་ཞིང་། རང་གི་སྐྱེ་ཁུངས་མཐོ་རབས་དང་ཆོ་རིགས་བཙུན་རབས་ཁོ་ན་གླེང་བར་བརྟེན་ཉེ་འཁོར་གྱི་ངོ་མཚར་བའི་ལོ་རྒྱུས་དག་ཆ་མེད་རྒྱུས་མེད་དུ་འགྱུར་བཞིན་ཡོད་པ་ལྟར། གྲོང་ཚོ་འདི་གའི་བོད་པ་ཚོས་སྔ་མོ་ཞིག་ནས་ཡུལ་གྱར་གྱི་བརྟུལ་ཞུགས་དང་དུ་བླངས་འདུག་པས་ད་ལྟ་ཨ་ཕྱི་རྒན་མོ་ཁོང་གཅིག་པུར་ཐུག་ཡོད་པ་ཡང་ཤེས་མཁན་ཧ་ཅང་ཉུང་བ་རེད།
དེ་ཡང་གྲོང་ཚོ་འདིའི་མིང་གི་ཐོགས་ཚུལ་གྱི་ཐད་ནས་ཁ་ཅིག་གིས་རྨ་ཀླུང་དལ་འབབ་རིང་མོའི་ཁུག་པ་རུ་ཆགས་པའི་རྐྱེན་གྱིས་ཁུག་མོ་ཆེ་ཞེས་པའི་མིང་ཆགས་ན་ཡང་། དུས་ཀྱི་བསྐལ་བ་མང་དུ་བརྗེས་པའི་མཐའ་མར་སྔར་གྱི་ས་མིང་གི་སྒྲའི་ཟུར་ཆག་ནས་ཁོའུ་མོ་ཆེ་ཞེས་དོན་ཅི་ཡང་སྟོན་དུ་མེད་པའི་མིང་ཞིག་ཏུ་གྱུར་པར་འདོད་གྱིན་ཡོད་པ་དང་། ཡང་ཁ་ཅིག་གིས་གནས་འདི་བོད་བཙན་པོའི་དམག་གིས་ཟིལ་གྱིས་མནན་པའི་སྐབས་སུ་དམག་སྒར་དང་སྲིད་ཀྱི་རྟེན་གཞི་རུ་གྱུར་པའི་མཁར་མོ་ཆེ་བརྩིགས་པ་ནས་མིང་དེ་ལོ་རྒྱུས་ཀྱི་གཙང་པོས་མ་བསྣུབ་པར་ད་ལྟའི་བར་རྒྱུན་བསྲིངས་བར་འདོད་པ་རེད། དེ་ཡང་ཡིན་ཏེ། གནས་འདིར་ཨ་འདར་ཆ་གའི་མཁར་ནང་དང་བོན་པོ་བུ་རྒྱུད་མཁར་ནང་། གོག་ཅུ་མཁར། མཁར་ཟུར་སྣ་གའི་མཁར་ལ་སོགས་པའི་མཁར་མིང་དང་མཁར་ཤུལ་ཤིན་ཏུ་མང་བ་ལ་གཞིགས་ན། ཁོའུ་མོ་ཆེ་ཞེས་པ་དེ་མཁར་མོ་ཆེ་ཞེས་པའི་མིང་ལས་ཟུར་ཆག་པར་འདོད་པ་དེ་ཉིད་ལོ་རྒྱུས་ཀྱི་བྱུང་རབས་དངོས་དང་མཐུན་པ་ཞིག་མིན་ནམ་སྙམ་ཞིང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་པའི་དཔྱད་འབྲས་དང་སྔ་རབས་ཀྱི་རྒྱ་བོད་མཁས་པའི་ཡིག་ཚང་ཁག་ནས་གསུངས་པའི་བོད་བཙན་པོའི་དམག་གི་རྟེན་གཞིར་གྱུར་པའི་གོག་ཅུ་མཁར་རམ་གོག་ཅུ་ཁྲོམ་དང་། དེ་དང་ཉེ་བར་འབྲེལ་བའི་གོག་ཅུའི་ཆོས་གྲྭ་སོགས་ཀྱི་གནས་ཡུལ་ངེས་ཏིག་ཅིག་ད་ལྟ་གར་ཡོད་ཚོད་མི་ཐིག་ན་ཡང་། ཁོའུ་མོ་ཆེ་དང་དེའི་ཉེ་འཁོར་གྱི་གྲོང་ཚོ་འདི་དག་ཏུ་ཡོད་ངེས་ཏེ། ལོ་རྒྱུས་ཀྱི་གཙང་པོ་རྒྱང་ནས་རྒྱང་དུ་བཞུད་ཟིན་ན་ཡང་། འདི་གའི་ས་མིང་ཁག་གིས་ད་དུང་ཡང་ང་ཚོར་ཁྲེལ་མེད་མ་བྱས་པར་ཡོད་པ་འདི་ངོ་མི་མཚར་རམ།
ལོ་འགའི་སྔོན་ལ་ཡུན་རིང་འདྲིས་པའི་གྲོགས་པོ་ཞིག་གི་ངག་ནས་རྨ་ཆུའི་ཕར་ངོགས་ཀྱི་ཁོའུ་མོ་ཆེ་གྲོང་ཚོའི་ནང་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཨ་ཕྱི་རྡོ་གོ་ཟེར་བ་ཞིག་བཞུགས་པ་ཐོས་འཕྲལ། ཁོང་དང་ལྷན་དུ་མགྱོགས་འགྲོའི་དོན་དང་ལྡན་པའི་རླངས་འཁོར་ཆུང་བ་ཞིག་ལ་བསྡད་དེ་ཐད་ཀར་ཁོའུ་མོ་ཆེ་གྲོང་ཚོའི་ཕྱོགས་སུ་བསྐྱོད་པ་ཡིན། ངེད་གཉིས་གཅན་ཚ་རྫོང་ཐོག་ནས་རྨ་ཆུའི་ཟམ་ཆེན་བརྒལ་ཏེ་བྱང་ཕྱོགས་སུ་བསྐྱོད་པ་ན་མིག་རྡེབ་དབང་ཙམ་གྱིས་མཁར་ཟུར་སྣ་ག་ཞེས་པའི་ཉག་ག་ཞིག་ཡོད་པ་དེ་རུ་སླེབས་ཤིང་། ཉག་ག་དེ་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་གི་ལས་ཀར་འཐམ་པའི་གྲོགས་པོ་ཁོང་གིས་སྔར་གྱི་དུས་སུ་མཁར་ཟུར་སྣ་ག་ཟེར་བ་འདི་ནས་ཕར་བལྟས་ན་མཁར་ཆེན་པོ་ཞིག་གི་ཟུར་སྣེ་མཐོང་ཐུབ་པས་འདི་ལ་མཁར་ཟུར་སྣ་ག་ཞེས་འབོད་པ་དང་། ཡང་ཁ་ཅིག་གིས་ཉག་ག་འདི་ནས་མཁར་ཟུར་གསུམ་ཅན་ཞིག་གི་ཟུར་སྣེ་མཐོང་ཐུབ་པས་མཁར་ཟུར་སྣ་ག་ཞེས་འབོད་པ་རེད་ཟེར། གྲོགས་པོས་བཤད་པ་ལྟར་ན་མཁར་དེ་ནི་ཙོང་ཁའི་རྒྱལ་བོས་མདོ་ཁམས་ཀྱི་ཡུལ་གྲུ་རྣམས་དབང་དུ་བསྡུས་པའི་སྐབས་ཀྱི་མཁར་ཞིག་ཡིན་ཏེ། འདི་ལ་རྡོ་རྗེ་མཁར་ཟེར་ཞིང་རྒྱའི་ཡིག་ཚང་ཁག་ཏུ་ཡང་ཅིན་ཀང་ཁྲིན(金刚城)ཞེས་འབོད་པ་དང་། འདི་དང་རྨ་ཆུའི་ཕར་ངོགས་ཀྱི་རྨ་ཀླུང་རྡོ་རྗེ་བྲག་རའམ་ལོ་བའི་རྡོ་རྗེ་བྲག་གཉིས་ལ་གཅན་ཚ་ཉིན་གྱི་རྡོ་རྗེ་མཁར་དང་གཅན་ཚ་སྲིབ་ཀྱི་རྡོ་རྗེ་བྲག་ཞེས་འབོད་སྲོལ་ཡོད་པ་རེད། ཡིན་ན་ཡང་ད་ལྟ་འདི་གའི་ས་གནས་ལོ་རྒྱུས་ཀྱི་གནད་འགག་ཏུ་གྱུར་པའི་ས་མིང་དེ་དག་གི་བྱུང་རབས་ཤེས་མཁན་ཧ་ཅང་དཀོན་པ་མ་ཟད་མཁར་ཤུལ་ཙམ་ཡང་ལུས་མི་འདུག་པ་རེད། ཉག་ག་དེ་ནས་བྱང་ཕྱོགས་སུ་རིམ་བཞིན་རི་ལམ་དང་ཨ་འདར་ཆ་ག སྐ་བར་མ། ཤོར་གཙང་། ཁོའུ་མོ་ཆེ། ཤེས་བཞིན། མོག་ག གཞིས་གསར། བོན་པོ་བུ་རྒྱུད་སོགས་གྲོང་ཚོ་དགུ་ཙམ་བསྟར་ཆགས་སུ་ཡོད་པའི་སྤྱི་མིང་ལ་དམག་ལུང་ཞེས་འབོད་ན་ཡང་། ད་ལྟ་དམག་ལུང་ཞེས་པའི་མིང་འདི་ཤེས་མཁན་འདི་གའི་རྒན་རྒོན་ཚོ་མ་གཏོགས་མི་འདུག་ཅིང་། དམག་ལུང་གི་ཡུལ་སྡེ་འདི་དག་ལས་རི་ལམ་དང་ཨ་འདར་ཆ་ག་གྲོང་ཚོ་གཉིས་མ་གཏོགས་གཞན་རྣམས་ཕལ་ཆེར་སྐད་དང་ཆ་ལུགས་སོགས་གང་ཅིའི་ཐད་ནས“མུ་སི་མན”དུ་གནས་འགྱུར་བྱུང་ཡོད་པ་རེད། ལམ་བར་དུ་ཁ་ཆེའི་གྲོགས་པོ་འགས་ལམ་རྒྱུས་མཛད་པ་ལ་བརྟེན་ནས་ངེད་གཉིས་ཀྱིས་ཁོའུ་མོ་ཆེ་གྲོང་ཚོ་གར་ཡོད་བདེ་ལེགས་ངང་རྙེད་པ་མ་ཟད། “ཁོའུ་མོ་ཆེ་གྲོང་ཚོའི་བདག་མོ”ཨ་ཕྱི་རྡོ་གོ་ལགས་ཀྱི་ཁྱིམ་ཡང་མྱུར་དུ་རྙེད་པ་རེད། ཁོང་གི་ཁྱིམ་དུ་འཛུལ་མ་ཐག་ཐོག་མར་བདག་གི་མིག་ལ་ཐོགས་པ་ནི་མཁར་གྱང་གི་ངོས་སུ་ཁུང་བུ་བརྐོས་ཏེ་གྲུབ་པའི་བསང་ཁྲིའི་ནང་བསང་མེ་སྦར་བའི་ཐལ་བ་སྤུངས་འདུག་པ་དེ་ཡིན་ལ། བསྟར་ཆགས་སུ་འདུག་པའི་ཁང་མིག་དེ་དག་ལ་ཅུང་ཙམ་སྐྱོ་ཉམས་དོད་འདུག་ན་ཡང་གཞིས་ཀའི་གྱང་རྣམས་གྲ་མ་ཆག་གྲུ་མ་ཉམས་པར་འདུག་པ་ལས་སྔར་གྱི་གཞིས་ཀ་དེ་ཉིད་ཆེ་རུ་མ་བསྐྱེད་ཅིང་ཆུང་དུའང་མ་སོང་བར་འདུག་པ་རྟོགས་ཐུབ། ཇ་ཡུན་ཙམ་གྱི་རིང་ལ་ཨ་ཕྱི་རྒན་མོ་ཁོང་དང་ལྷན་དུ་ལབ་གླེང་མང་པོ་བྱས་པ་ལས་ངེད་གཉིས་ཀྱིས་ཁོའུ་མོ་ཆེ་གྲོང་ཚོའི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཅུང་ཙམ་ངོས་ཟིན་པ་དང་། སྤྲེལ་རྒན་དང་བྲག་སྲིན་གྱི་རྒྱུད་པ་རྐྱང་བས་གྲུབ་པའི་ཁོའུ་མོ་ཆེ་གྲོང་ཚོ་དེ་ད་ལྟ་ཁ་ཆེ་བའི་གྲོང་ཚོ་ཆེན་པོ་ཞིག་ཏུ་གྱུར་པ་མ་ཟད། གྲོང་ཚོ་འདིའི་ནང་ཨ་ཕྱི་རྡོ་གོ་མ་གཏོགས་བོད་མིང་ཐོགས་པའི་མི་གཅིག་ཀྱང་བཙལ་དཀའ་བར་བཤད་པ་དེ་ཡང་ངག་སྒྲོས་ཙམ་མ་ཡིན་པར་མངོན་སུམ་མིག་གི་སྤྱོད་ཡུལ་ཏུ་གྱུར། ཡིན་ན་ཡང་ཨ་ཕྱི་རྒན་མོ་ཁོང་དགུང་ལོ་བདུན་ཅུ་དོན་དྲུག་ཏུ་སླེབས་ཡོད་པས་ལོ་ན་བགྲེས་པའི་ཁར་ལུས་ཕུང་ཡང་དེ་འདྲའི་བདེ་ཐང་མིན་པར་བརྟེན་ངེད་གཉིས་ཀྱིས་དྲི་བ་མང་པོ་ཞིག་ཕྱིར་རང་ཡུལ་དུ་ཁུར་ནས་ལོག་དགོས་བྱུང་། ང་ཚོས་རེ་ཞིག་ཁ་བརྡ་མཚམས་བཞག་ནས་ངེད་གཉིས་ཕྱིར་ལོག་པའི་ལམ་དུ་ཞུགས་པ་ན། ཨ་ཕྱི་རྒན་མོས་ཁོང་གི་མཆོད་ཁང་ཡིན་ཟེར་བའི་ཁང་ཆུང་ཞིག་ནས་གློག་ཞུའི་མཆོད་མེའི་ཤེལ་ཏོག་ཅིག་ངེད་གཉིས་ལ་བསྟན་ནས། ཤེལ་ཏོག་འདིའི་ནང་སྙིང་ཚིག་ནས་ད་ལྟ་བེད་སྤྱོད་གཏོང་ཐབས་མི་འདུག་ཟེར་ཞོར་སྒོར་མོ་འགའ་བདག་གི་ལག་པའི་ནང་བསྟབས་ནས། “གལ་ཏེ་ཁྱོད་ཚོ་རྗེས་མ་སླར་ཡང་གནས་འདིར་ཡོང་ན་ང་ལ་ཤེལ་ཏོག་འདི་འདྲ་ཞིག་ཉོས་ཤོག དེ་རིང་ང་ལུས་ཕུང་བདེ་མོ་མིན་པས་ཁ་བརྡ་མང་པོ་བྱ་ཐུབ་མ་སོང་། རྗེས་མར་ཤོག་དང་ང་ཚོས་ཡུན་གྱིས་ཁ་བརྡ་བྱེད”ཅེས་བཤད་པ་ན། ངེད་གཉིས་ཀྱིས“ཁོམ་དུས་ཤིག་ལ་ཡང་བསྐྱར་ཁྱེད་ལ་འཚམས་འདྲིར་ཡོང་ངེས་ཡིན། དེ་དུས་ཁྱེད་ལ་ཉོས་ཡོང་ཆོག”ཅེས་བཤད་ནས་སྒོར་མོ་དེ་དག་ནན་གྱིས་ཕྱིར་ཁོང་གི་ཕྱག་ཏུ་བཞག་རྗེས་ཡུལ་ཏུ་ལོག་པ་ཡིན། ཨ་ཕྱི་རྡོ་གོ་ལགས་ཀྱིས་ལས་དེ་འདྲ་ཞིག་བཅོལ་ནས་ད་ལྟ་ལོ་ཕྱི་ནང་བཞི་ལྷག་འགོར་འདུག་ན་ཡང་། དུས་རྒྱུན་ཁ་དན་ཚིག་ལ་མི་གནས་རྒྱུར་གོམས་པའི་ངེད་ཅག་གིས་ཨ་ཕྱི་རྒན་མོ་ཁོང་ལ་ཁས་ལེན་བྱས་པའི་ལས་ཀ་ཕྲན་ཚེགས་དེ་ཙམ་ཡང་སྣང་མེད་དུ་བསྐྱུར་ནས་མ་འགྲུབ་པར་ཡོད་པ་ནི་ངོ་གནོངས་དགོས་པ་ཞིག་མ་ཡིན་ནམ། ཁོང་གིས་ད་ལྟའི་བར་ཤེལ་ཏོག་དེ་ལ་རེ་སྒུག་བྱ་མི་སྲིད་ན་ཡང་། དེ་དུས་ཀྱི་ངའི་ཁ་བརྡ་བྱ་རོགས་དེ་གཉིས་ཚིག་ཐོག་ནས་མ་བསྡད་ཅེས་འཁང་ར་བྱེད་བཞིན་ཡོད་སྲིད་སྙམ། དྲི་བ་དེ་དག་ལ་བསམ་བློ་ཡང་ཡང་བཏང་མཐར་ནོངས་འགྱོད་དང་བཅས་ཏེ་རང་གིས་རང་ལ་ཁོམ་སྐབས་ཤིག་མི་སྟེར་ག་མེད་བྱུང་ཞིང་། སྔར་གྱི་ཁས་ལེན་དེ་ལ་ཁ་གསབ་བྱ་ཕྱིར་འཚམས་རྟགས་ཕྲན་བུ་ཤིག་ཁྱེར་ནས་དེ་རིང་ཡང་བསྐྱར་ཁོའུ་མོ་ཆེ་གྲོང་ཚོར་བསྐྱོད་པ་ན། ད་ལོ་དགུང་གྲངས་བརྒྱད་ཅུར་ལོན་པའི་ཨ་ཕྱི་རྒན་མོ་ཁོང་སྔར་བཞིན་ཁོའུ་མོ་ཆེ་གྲོང་ཚོར་བདེ་བར་བཞུགས་པ་མཐོང་ཞིང་། བཟའ་བཏུང་གཡོས་སྦྱོར་ཚུན་ཆད་རང་ལག་རང་འགུལ་བྱ་དགོས་པའི་ཨ་ཕྱི་རྒན་མོ་ཁོང་གི་ཚེ་མཇུག་གི་འཚོ་བ་རོལ་སྟངས་མཐོང་ནས་སྐྱོ་ཤས་ཤིག་ཀྱང་འགོག་མེད་དུ་སྐྱེས་བྱུང་།
ཁོའུ་མོ་ཆེ། རྒོད་པོ་སྒང་། མཆོད་རྟེན་རིང་མོ། འདི་གའི་ཁ་ཆེ་བ་རྣམས་ལ་མཚོན་ན་ས་མིང་འདི་དག་ཧ་ཅང་གལ་ཆེ་བ་ཞིག་མིན་ན་ཡང་ཁོ་ཚོས་ད་དུང་ཡང་ངག་ནས་ངག་ཏུ་བརྒྱུད་དེ་མ་བོར་བར་འདུག་པ་ནི་ངོ་མཚར་མི་ཆེའམ། དེ་ལས་ཀྱང་ངོ་མཚར་བ་ཞིག་ལ་གནས་འདིའི་གཉུག་གནས་མི་རིགས་སམ་ས་བདག་ཆུ་བདག་ཏུ་གྱུར་པའི་བོད་པ་ཚོས་སྔ་མོ་ནས་ཕ་ས་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་འགྲིམས་ཟིན་པ་དང་། ཁ་ཅིག་གིས་ཕ་མས་གནང་བའི་རྣང་ཞིང་གྲུ་བཞི་དེ་ལྷམ་ཆ་གཅིག་ལ་བརྗེས་ནས་བུད་སོང་བ་དང་། ཡང་ཁ་ཅིག་གིས་ཕ་ཞིང་གསེར་གྱི་གཞོང་བ་འདྲ་བོ་དེ་ཟས་ཐུན་གཅིག་ལ་བརྗེས་ནས་བུད་སོང་བ་རེད། ཡིན་ན་ཡང་ཨ་ཕྱི་རྡོ་གོ་གཅིག་པུས་ཨུ་ཚུགས་ཀྱི་གོམ་པ་ཕ་ས་སྨུག་པོ་འདིའི་ཕང་བར་སྤོས་ནས་ཚེ་མཇུག་གི་ཉི་མ་འཁྱོལ་ཐབས་བྱེད་པ་རེད། འདི་གའི་ཁ་ཆེ་བ་ཚོའི་ཁྲོད་དུ་ཁོང་གི་མགོ་ཁང་བ་དང་མདོ་ས་ཞིང་ལ་སྨོན་པ་འཆོར་ནས་གཉིད་མ་ཁུག་པར་ཡོད་པ་ཤིན་ཏུ་མང་ཞིང་། བོད་པ་ཚོ་དང་ཁོང་གི་ཉེ་འབྲེལ་ཚོའི་ཁྲོད་ན་ཁོང་ད་ལྟ་ལོ་ལོན་ནས་ལ་ཁའི་ཉི་མ་དང་ལ་རྟིང་གི་གྲིབ་མ་ལྟ་བུར་གྱུར་ཡོད་པས་ཁྱིམ་གཞིས་འདི་གཞན་ལ་བཙོང་ནས་སྒོར་རྡོག་འགའ་ལ་བརྗེ་ཐུབ་ན་རབ་ཡིན་ཚུལ་ལབ་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། འོན་ཀྱང་ཨ་ཕྱི་རྒན་མོ་ཁོང་གི་ཨུ་ཚུགས་དེར་སུས་ཀྱང་ཐབས་བཀོད་མ་རྙེད་པར་ཡོད་འདུག ཨ་ཕྱི་རྒན་མོའི་ཨུ་ཚུགས་དེ་ལ་ཁོང་གི་ཉེ་འབྲེལ་ཚོས་ཀྱང་གོ་བ་ལོན་གྱིན་མེད་པ་འདྲ། དོན་དངོས་སུ་ཨ་ཕྱི་རྒན་མོ་ཁོང་གིས་ངོ་མཚར་བའི་ལོ་རྒྱུས་གང་ཡང་བསྐྲུན་མི་འདུག་ན་ཡང་། ཁོ་བོས་འདི་ལྟར་མཚར་མཚར་དུ་འཛིན་པ་ནི་དགོས་མེད་ཀྱི་འོ་དོད་ཙམ་དུ་བསམ་མཁན་ཤིན་ཏུ་མང་སྲིད་ཀྱང་། ཞིབ་ཏུ་བསམ་ན་འདི་ནི་ངེས་པར་བྲེད་ཤ་ལངས་པའི་ན་ཟུག་གི་ཕུང་བོ་ཞིག་ཡིན་ཏེ། སྒོར་རྡོག་འགའི་ཆེད་དུ་ཕ་ས་སྨུག་པོ་འདི་ཚལ་བར་གཤགས་ཤིང་དུམ་བུར་གཏུབས་ནས་གཞན་ལག་ཏུ་གཏོད་མཁན་དེ་ཚོ། ད་ལྟ་ག་ཤེད་ཅིག་ན་ཡུལ་གྱར་བའི་བརྟུལ་ཞུགས་དང་དུ་བླངས་ཡོད་ངེས་ཤིང་། ཕ་ཡུལ་རྒྱབ་དུ་བསྐྱུར་མཁན་དེ་ཚོའི་ཀླད་ལྐོགས་ནང་ཕ་ཡུལ་གྱི་རི་ཆུའི་གྲིབ་མ་ཙམ་ཡང་ལུས་མི་འདུག་པར་བརྟེན་འདི་ནི་ངེས་པར་གླེང་དགོས་པ་ཞིག་ཡིན་ཏེ། ནམ་ཞིག་གི་ཚེ་ན་ཡུལ་སྡེ་འདི་གའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་དེ་སུས་ཀྱང་འགྲོལ་དཀའ་བའི་གསང་བ་ཡང་གསང་གི་དགུ་མདུད་ནག་པོ་ཞིག་ཏུ་གྱུར་ཚེ་ཡིད་ཕངས་པ་ཞིག་མ་ཡིན་ནམ།
ལོ་ཟླ་གཙང་པོ་བཞིན་བཞུར་ཤུལ་དུ། ང་ཚོས་མཐོང་ཐུབ་པ་ནི་ལོ་རྒྱུས་ཀྱི་རྨ་ཁ་ལས་ཅི་ཡང་མི་འདུག་ན་ཡང་། མཐོན་པོའི་སྒང་ལ་བུད་ནས་རྨ་འགྲམ་ཚ་ཁུག་གི་ཡུལ་ལུང་འདི་ལ་རྒྱང་བལྟ་ཡང་ཡང་བྱ་དུས། རྟའི་གོང་ན་དཔུང་རྗེན་དུ་རྒྱུག་པའི་དཔའ་བོ་སྟག་གཟིག་གི་གོང་བ་ཅན་དེ་ཚོ་མིག་ལམ་དུ་འཆར་འོངས་ལ། རྨ་ཀླུང་སའི་དལ་ཁུགས་སུ་གྲགས་པའི་ཡུལ་གྲུ་འདིའི་ཕང་བར་རྣ་བ་གླགས་ནས་ཉན་ཚེ། གདོང་དམར་བཙན་པོའི་དམག་རྟས་ས་ཆེན་གྱི་བྲང་ཁོག་ཤེད་ཀྱིས་བརྡུངས་མྱོང་བ་ཡང་རྣ་ལམ་དུ་ལྷང་ལྷང་གྲགས་ཡོང་།
ཨ་ཕྱི་རྡོ་གོ ཁྱེད་ཀྱིས་ངོ་མཚར་བའི་ལོ་རྒྱུས་གང་ཡང་བསྐྲུན་མེད་ན་ཡང་། ཁྱེད་ནི་ཁོའུ་མོ་ཆེ་གྲོང་ཚོའི་ནང་རྡོ་ཕ་བོང་ནང་བཞིན་ཨུ་ཚུགས་ཀྱིས་འགྱིང་བའི་ཆེས་མཐའ་མཇུག་གི་བོད་མི་གཅིག་པུ་སྟེ། གྲོང་ཚོ་ཆེན་པོ་འདིའི་མཇུག་མཐའི་སོ་སྲུང་བ་དེ་ཡིན་པར་བརྟེན། ལོ་རྒྱུས་ཀྱི་གླེགས་བམ་ཏུ་འབྲི་བར་འགྱུར་བ་ནི་ཕ་མེས་ཀྱི་མགོ་རུས་རྡུང་མཁན་དེ་ཚོ་མ་ཡིན་པར། གྲོང་ཚོ་འདིའི་ནང་ཆེས་མཐའ་མཇུག་གི་འཕག་འཚག་རྒྱག་མཁན་ཏུ་གྱུར་པའི་ཁྱེད་ཉིད་ཡིན་ཏེ། ལོ་རྒྱུས་ཀྱིས་ཁྱེད་ཉིད་གདམ་དགོས་དོན་ཡང་གནད་འདི་ལ་ཐུག་ཡོད་པར་འདོད། ཁྱེད་ཀྱིས་ཆེས་མཐའ་མཇུག་གི་དབུགས་ཀྱི་རྒྱུ་བ་ཕྲན་བུ་དེ་ཡང་གནས་འདི་ནས་གཏོང་རྩིས་ཡིན་ཡང་། ཁྱེད་རང་ཕེབས་ཤུལ་ནས་གྲོང་ཚོ་ཆེན་པོ་འདིའི་མཚར་སྡུག་གི་ལོ་རྒྱུས་ཡང་འཇའ་ལྟར་ཡལ་དགོས་པ་ཡིན་པས་ཕངས་སེམས་མི་ཆེའམ། ཁོའུ་མོ་ཆེ། འདི་ནི་ཕལ་བའི་ནང་གི་ཕལ་བར་གྱུར་པའི་ས་མིང་ཞིག་ཡིན་ངེས་ན་ཡང་། གནས་འདི་ན་ཕ་མེས་ཚོའི་བར་མེད་དུ་བཞུར་གྱིན་པའི་ཟུངས་ཁྲག་དྲོན་མོ་དེ་ལྷག་ཡོད་པ་མ་ཡིན་ནམ། སྤོབས་པའི་མགོ་བོ་གྱེན་དུ་འདེགས་པའི་མེས་པོ་གོང་མ་ཚོས། ཕ་ས་སྨུག་པོ་འདི་ཁྱེད་དང་ང་ལ་བསྐྱུར་ཡོད་པ་མ་ཡིན་ནམ། ཕ་མཁར་མཐོན་པོ་དེ་ཁྱེད་དང་ང་ལ་བཞག་ཡོད་པ་མ་ཡིན་ནམ།
                ༢༠༢༣ལོའི་ཟླ༥བའི་ཚེས༢༣ཉིན་གཅན་ཚ་ནས།
                        རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease