བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ།

    རྩོམ་པ་པོ། བདུད་ལྷ་རྒྱལ།


ང་ད་དུང་ཡིད་མི་ཚིམ།
         བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ། 
                                   རྩོམ་པ་པོ།  བདུད་ལྷ་རྒྱལ།
     རྩོམ་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ནི། སྤྱིར་བཤད་ན་ཐག་གིས་གསལ་པོར་བཅད་ཟིན་ཡོད། དེ་ནི་རྩོམ་རིག་གིས་ཐད་ཀར་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་རྩོམ་རིག་གི་ཕན་ནུས་རང་བཞིན་དེས་རང་གི་དམ་བཅའ་ཤོར་ནས། རྩོམ་རིག་ལ་རང་རྐྱ་ཕེར་བའི་ཁེ་དབང་ཐོབ་ཡོད་པ་དེ་ཡིན། རྩོམ་རིག་རང་གི་ཁ་གཏོད་ས་དེ་སྤྱི་ཚོགས་ལ་དགག་སྒྲུབ་བྱ་བ་ལས་ཀྱང་། མི་དང་མིའི་བར་དང་། མི་དང་རང་བྱུང་ཁོར་ཡུག་གི་འབྲེལ་བ་དང་། ཡང་ན་མཐར་ཐུག་གི་གནས་ལ་དཔྱོད་པ་ལྷུར་ལེན་པ་སོགས་མདོར་ན་སྤྱི་ཚོགས་ལས་མི་རང་མཚན་པ་དང་རང་ལ་ཁ་གཏོད་པར་འགྱུར་བ་རྩོམ་རིག་སྤྱིའི་འཕེལ་ཕྱོགས་སུ་གྱུར་ཡོད་པ་ཆེས་གསལ་བར་མཐོང་ཐུབ།  
     འདི་ཕྱོགས་ནས་ང་ཚོར་ཆེས་གསལ་བའི་དཔེ་གཞིར་རུང་བ་ཞིག་ཡོད་པ་ཀྲུང་གོའི་དུས་སྐབས་གསར་པའི་རྩོམ་རིག་གོ། དེ་ཡང་ལོ་རབས་བརྒྱད་ཅུ་བའི་དུས་སྐབས་གསར་པའི་རྩོམ་རིག་གི་མཛད་རྗེས་གཙོ་བོ་གཅིག་ནི། གསར་རྩོམ་གྱི་སྟེང་ནས་ཀྲུང་གོའི་དེང་རབས་རྩོམ་རིག་དང་ལྷག་པར“རིག་གསར”གྱི་རྩོམ་རིག་གིས་ཆབ་སྲིད་ལ་ཞབས་འདེགས་ཞུ་བའི་གསར་རྩོམ་གྱི་རྣམ་པ་དེ་ལ་འདའ་འགོངས་བྱུང་བ་དང་། གཞུང་ལུགས་ཀྱི་སྟེང་ནས་སྔོན་མའི་སུའུ་ལེན་གྱི་རྩོམ་རིག་གི་ཕན་ནུས་རང་བཞིན་ལ་རྩིས་མཐོང་ཆེར་མཛད་པའི་གསར་རྗེའི་རྩོམ་རིག་ལ་འདའ་འགོངས་བཟོས་པ་དེ་རེད། འདིའི་གོ་རིམ་ནི་དུས་སྐབས་གསར་པའི་རྩོམ་རིག་ལ་མཚོན་ན་དངོས་གནས་དཀའ་ཚེགས་ཅན་ཞིག་ཡིན་ལ། དེ་བཞིན་དུ་འཕེལ་རྒྱས་འདིས་ཀྲུང་གོའི་རྩོམ་རིག་དེ་ལམ་གོལ་ཞིག་ནས་ལམ་ཡང་དག་ཅིག་ཏུ་དྲངས་པར་གྱུར་པ་དང་། མཚམས་འདི་ནས་ཀྲུང་གོའི་རྩོམ་རིག་དེ་རྩོམ་རིག་དངོས་སུ་གྱུར་པ་དང་འཛམ་གླིང་རྩོམ་རིག་གི་རྗེས་སུ་ཞུགས་པའོ་ཞེས་ཀུན་གྱིས་མགྲིན་གཅིག་ཏུ་གླེང་། རྩོམ་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བའི་སྟེང་ནས་ཁོ་གཉིས་ཀྱི་བར་ཐག་སྔར་བས་ཇེ་རིང་དུ་བཏང་བ་འཕེལ་རྒྱས་འདིའི་ཕྱོགས་གཅིག་ཡིན། དེས་ན་ང་ཚོ་ལའང་བོད་རྩོམ་དེ་སྤྱི་ཚོགས་དང་རིང་དུ་གནས་དགོས་པའི་བསྡོམས་ཚིག་ཅིག་འབབ་པར་འགྱུར་བ་གདོན་མི་ཟ།
     འོན་ཀྱང་དེང་གི་བོད་ཀྱི་གནས་བབ་ལ་མཚོན་ན། འདི་ལྟ་བུ་གཏན་ནས་མི་འོས་པར། དེ་ལས་ལྡོག་སྟེ་རྩོམ་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བ་ད་རུང་སྔར་བས་ཇེ་ཟབ་ཏུ་གཏོང་དགོས་པའི་དགོས་ངེས་རང་བཞིན་ཡོད། འདི་ནི་དེང་གི་བོད་ཀྱི་གནས་བབ་བྱེ་བྲག་པ་ཡིན་པ་འདིས་ཐག་གིས་བཅད་པ་ཡིན། དེ་ཡང་། ང་ཚོ་བོད་ལ་མཚོན་ན་དུས་ཡུན་ཆེས་རིང་པོ་ཞིག་གི་ནང་། རང་གི་དངོས་ཡོད་སྤྱི་ཚོགས་ཡལ་བར་བོར་བའི་རྣམ་པ་བྱུང་མྱོང་ཡོད། སྤྱི་ཚོགས་འདི་སྲིད་འཛིན་དོ་དམ་དང་དཔལ་འབྱོར་དོ་དམ་སོགས་སྟེང་གི་བཀོད་པས་དམིགས་ཡུལ་ཡོད་པ་དང་བྱེད་ཐབས་ལྡན་པ་གཉིས་ཀྱི་སྒོ་ནས་རྒྱུ་མཚན་དང་བཅས་པར་དོ་དམ་བྱ་བའི་སྲོལ་རྒྱུན་ལེགས་པོ་དེ་བོད་ལ་མེད། དེ་བས་བོད་སྤྱི་ཚོགས་འདི་ལུང་མ་བསྟན་པ་ཞིག་གི་ངོས་ནས་འཁོར་སྐྱོད་བྱས་པ་ཡིན། བསམ་བློའི་གཏེར་དུ་གྱུར་པའི་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་རིག་པའི་ཁ་གཏོད་ས་དེ་དེང་གི་ང་ཚོས་བཤད་པའི་དངོས་ཡོད་སྤྱི་ཚོགས་འདི་མ་རེད། དེ་བས་བོད་ཅེས་པའི་མི་རིགས་འདི་རིག་གནས་འཛོམས་པོར་ཡོད་ལ། འཚོ་བའི་ཆུ་ཚད་ཆེས་དམའ་བ། དམངས་ཀྱི་རྩོལ་བའི་ཚད་ཆེས་མཐོ་བའི་མི་རིགས་འདི་ལྟ་བུ་ཞིག་ཏུ་གྱུར་པ་རེད། དེས་ན་དངོས་ཡོད་སྤྱི་ཚོགས་ཀྱི་མཇུག་མ་དམ་དུ་བཟུང་ནས་རྐང་དྲི་བྲོ་རེག་བར་དུ་མི་གཏོང་བ་འདི་བོད་ཀྱི་ལོ་རྒྱུས་ཀྱི་བསླབ་བྱ་ཡིན།
     སྐྱ་ཟད་སྔོ་གཏུག་གི་དེང་གི་གནས་བབ་འདིས་ང་ཚོ་སྟེ། འཛམ་གླིང་མི་རིགས་སོ་སོའི་བདེ་སྡུག་གི་ཚད་ལ་གོ་ཐོས་ཡོད་པའི་ང་ཚོ་ལ། རྟག་ཏུ་མནར་གཅོད་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་རང་གི་གནས་བབ་ངན་པ་འདི་བསྒྱུར་དགོས་སྙམ་པའི་ལྷག་བསམ་ཟླ་བ་དཀར་པོ་ཡིད་ཀྱི་ཤར་རིའི་ཕྲག་ལ་འབྱོན་བཞིན་དུའང་ཡོད། དེང་གི་གནས་བབ་ངན་པ་འདི་བསྒྱུར་དགོས་ན། ང་ཚོ་ལ་སྒྱུར་བྱེད་ཀྱི་ལག་ཆ་སྟེ་རྣམ་པ་དེར་དཔྱོད་པའི་རིག་པའི་ལག་ཆ་ཞིག་དགོས་པ་སྨོས་མ་དགོས། འདི་ལ་རིག་གནས་ཡིན་ཚད་ཀྱིས་མི་ཆོག་ལ། ཡོན་ཏན་པ་ཡིན་ཚད་ཀྱིས་ཀྱང་མི་འོང་། གཙོ་བོ་དེང་གི་སྤྱི་ཚོགས་དང་ཉེ་བའི་སྤྱི་ཚོགས་རིག་པའམ། དཔལ་འབྱོར་རིག་པ། སློབ་གསོ་རིག་པ་སོགས་དགོས་པ་ཡིན། ཆེས་ཡིད་ཕངས་པ་ལ་འདིའི་སྐོར་གྱི་ཤེས་བྱ་རྒྱུད་ན་ཡོད་མཁན་བོད་ན་གཏན་ནས་མེད། འོ་ན་གལ་ཏེ་དེ་ལྟའི་ཡོན་ཏན་པ་ཡོད་པའི་དབང་དུ་བཏང་ནས། དེའི་སྐོར་ནས་དཔྱད་པ་ཞིག་བྲི་བའམ་ཁ་བརྡ་ཞིག་བྱེད་དུས་བོད་མི་རྣམས་ཀྱིས་ཨེ་གོ་འམ། སྤྱི་ཚོགས་སྤྱིའི་ཁོངས་མི་ལ་བརྡ་ཆད་དང་བརྡ་རྟགས་ལ་ཐུན་མོང་གི་གོ་བ་མེད་དུས། བར་གྱི་ཁ་བརྡ་དང་འདྲེན་བསྲེས(对话或沟通)དེ་འབྱུང་ཐབས་མེད། དེ་བས་དེང་གི་བོད་ལ་མཚོན་ན་ཐབས་འདི་ཡང་ཆ་རྐྱེན་མ་སྨིན་པས་དེ་འདྲའི་གོ་ཆོད་ཅིག་མ་རེད།(མ་འོངས་པར་འདིར་མ་བགྲོད་ཐབས་མེད་ཡིན)བཤད་མཁན་དང་བཤད་ཡུལ་གཉིས་འདྲེན་བསྲེས་བྱ་དགོས་པ་དང་། ལྷག་པར་བཤད་མཁན་གྱིས་བཤད་ཡུལ་དེར་བརྡ་སྤྲོད་པར་འདོད་ན་དེའི་སྔོན་འགྲོའི་ཆ་རྐྱེན་ནི་བཤད་མཁན་གྱིས་བཤད་ཡུལ་གྱི“སྐད”དེ་བེད་སྤྱོད་རྒྱུ་དེ་ཡིན། དེས་ན་དེང་གི་བོད་ལ་མཚོན་ན། བོད་མི་ཕལ་ཆེ་བས་ཉན་ཐུབ་ལ་ཉན་པར་སྤྲོ་བའི་མཚམས་སྦྱོར་གྱི་བརྡ་གོ་ཆོད་ཅིག་བོད་ལ་ཆགས་ཡོད་པ་རྩོམ་རིག་གོ། ངས་བསམ་ན་དེང་གི་བོད་མི་ལྟ་བུའི་རྩོམ་རིག་ལ་འཇུག་མི་མང་པོ་ཡོད་པ་གཞན་དུ་མི་སྲིད། དམངས་ཀྱི་བློ་བསྐྱེད(启蒙)པར་འདོད་མཁན་ལ་མཚོན་ན་འདི་ནི་འཁོར་སྒྱུར་གྱི་ཕག་ཏུ་འཁོར་ལོ་རིན་པོ་ཆེ་ཐོབ་པ་དང་གཉིས་སུ་མེད། དེ་བས་ན་དེང་གི་བོད་སྤྱི་ཚོགས་ལ་ཤ་ཚ་འདོད་པ་དང་ཤ་ཚ་ཤེས་མཁན་ཞིག་ཡིན་ན། ཐོག་མར་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཡལ་བར་འདོར་མི་རུང་། དེ་ནས་དམངས་ཀྱི་བློ་སྒོ་འབྱེད་ཆེད་རྩོམ་རིག་གི་ཐབས་འདི་བེད་སྤྱོད་པ་ཐབས་ཀྱི་མཆོག་ཡིན་སྙམ།
     རྒྱའི་དུས་སྐབས་གསར་པའི་རྩོམ་རིག་གིས་རྩོམ་རིག་ལ་རང་དབང་བརྩོན་ལེན་བྱེད་སྐབས་ཁོ་ཚོའི་སྒྲུབ་བྱེད་གལ་ཆེན་པོ་གཅིག་ནི།རྩོམ་རིག་གིས་སྤྱི་ཚོགས་བདག་ཏུ་གཉེར་མི་དགོས་ཏེ། སྤྱི་ཚོགས་བདག་ཏུ་གཉེར་བ་ལ་སྤྱི་ཚོགས་རིག་པ་སོགས་ཡོད་པའི་ཕྱིར་ཅེས་ཟེར། དེས་ན་ང་ཚོ་ལ་དངོས་ཡོད་སྤྱི་ཚོགས་བདག་ཏུ་གཉེར་བྱའི་ཤེས་བྱའི་རྣམ་གྲངས་མེད་པའི་ཕྱིར་ན་ལས་འདི་རྩོམ་རིག་གིས་ཕྲག་ཏུ་མི་ལེན་འོས་མེད་ཡིན། དེང་འདིར་དངོས་ཡོད་སྤྱི་ཚོགས་ཀྱི་ཆ་ནས་སམ་ཡང་ན་བསམ་བློ་གསར་པའམ་ལྟ་བ་གསར་པའི་ཁ་བརྡ་ཞིག་མི་དམངས་ཆེས་མང་པོའི་ཁྲོད་དུ་འབྱུང་དགོས་ན། རྩོམ་རིག་ལས་འཕྲོས་ཏེ་འབྱུང་བར་འགྱུར་བ་ཞིག་ཡིན་པ་འདི་ལས་ཀྱང་ཤེས་ཐུབ།
     དེ་ལྟར་ཇི་ལྟ་བུ་ཞིག་ཡིན་འོས་པའི་ཆ་ནས་བཤད་ན་བོད་རྩོམ་གྱིས་དངོས་ཡོད་སྤྱི་ཚོགས་འདི་བདག་ཏུ་གཉེར་དགོས་པ་དེང་གི་གནས་བབ་དང་འཚམ་པའི་བྱ་བ་གོ་ཆོད་ཅིག་ཡིན་སྙམ། འདི་ནི་རྩོམ་རིག་སྤྱིའི་འཕེལ་ཕྱོགས་དང་མི་མཐུན་ཡང་། མར་ཁེ་སིའི་གཞུང་ལུགས་ཀྱིས་གནས་ཚུལ་བྱེ་བྲག་པ་ལ་བྱེ་བྲག་པའི་སྒོ་ནས་ཐག་གཅོད་བྱ་དགོས་ཞེས་ཟེར་ལ། ཚད་མའི་གཞུང་དུ། “སྤྱི་དང་དམིགས་ཀྱིས་བསལ་བ་ཀུན།། བསྟན་བཅོས་ཀུན་ལ་རབ་ཏུ་གཅེས།།” ཞེས་པ་དེ་རེད། དེས་ན་བོད་ཀྱི་རྩོམ་རིག་གིས་འགན་འདི་འགྲུབ་པར་བྱ་བའི་ཐད་ནས་ཏེ། ཇི་ལྟར་དུ་ཡིན་པའི་ངོས་ནས་ཡིད་ཚིམ་པོ་བྱུང་ཡོད་དམ་ཞེ་ན། ཡིད་ཚིམ་པོ་བྱུང་མེད།
     དེ་ཡང་རྩོམ་རིག་གིས་སྤྱི་ཚོགས་ལ་ཕན་ནུས་འབྱིན་ཚུལ་གྱི་སྟེང་ནས་བཤད་ན། དེས་མི་རེ་གཉིས་ཤིག་གི་དགའ་སྣང་བརྟས་པར་བྱེད་པའམ། ཡང་ན་ནི“ལེགས་པོར་འདུག”ཅེས་དཔེ་ཆའི་ཁ་བསུམས་རྗེས་བརྩམས་ཆོས་རང་ལའང་རྫོགས་ཚིག་རྟ་འདྲ་བ་བབས་པ་ཞིག་ཡིན་ན། སྤྱི་ཚོགས་ཕན་ནུས་བྱ་བ་བཤད་དཀའ། རྩོམ་རིག་རང་ཐོན་སྐྱེད་ནུས་ཤུགས་མ་ཡིན་པས། རྩོམ་རིག་རང་གིས་ཐད་ཀར་སྤྱི་ཚོགས་སྒུལ་བར་བྱེད་པའམ་དཔལ་འབྱོར་གྱི་ཁེ་འདོན་པར་བྱེད་པ་མི་སྲིད། ཁོའི་ཕན་ནུས་འབྱིན་ཚུལ་ནི་མིའི་བླ་སྲོག་གསར་པ་བསྐྲུན་པའི་ངོས་ནས་སྤྱི་ཚོགས་ཀྱི་སྒུལ་ཤུགས་ཆེན་པོ་ལ་རྟིང་གནོན་ཆེན་པོ་བཟོ་བ་དེ་ཡིན། དེ་བས་ལ་ལས་རྩོམ་རིག་ནི་མིའི་རྣམ་ཤེས་བཟོ་སྐྲུན་བྱེད་པའི་བཟོ་འགོད་པའོ་ཞེས་ཟེར། དེས་ན་གཙོ་བོ་སྤྱི་ཚོགས་སྟེང་དུ་བསམ་པའི་མཐོ་རླབས་ཤིག་འཕྱུར་བར་བྱ་བ་གལ་ཤིན་ཏུ་ཆེ། དེང་གི་ང་ཚོ་ལ་མཚོན་ན། དཔལ་འབྱོར་གོང་དུ་སྤེལ་བ་འགན་འཁྲིའི་གཙོ་བོའི་ནང་གི་རྒྱལ་པོ་ཡིན་ཡང་དེང་གི་བོད་ཀྱི་གནས་བབ་ལ་བལྟས་ཏེ་བཤད་ན། ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས་དེ་བསམ་བློ་བཅིངས་གྲོལ་དང་ལྟ་བ་གསར་པ་བསྐྱེད་རྒྱུ་དེ་རེད། འདི་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་མ་ལྟ་བུར་གྱུར་ཡོད། འདི་ཕྱོགས་ནས་མཐོ་རླབས་ཤིག་འཕྱུར་བ་ཤིན་ཏུ་གལ། ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན། རྩོམ་རིག་གིས་སྤྱི་ཚོགས་འཕེལ་རྒྱས་ལ་རྨད་བྱུང་ལག་རྗེས་བཞག་པའི་དུས་ནི། ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་དུས་དང་། རྒྱ་ནག་གི་ལྔ་བཞིའི་ལས་འགུལ་དང་ཡང་ན་ང་ཚོ་དང་ཐག་ཉེ་བའི་ལོ་རབས་བརྒྱད་ཅུ་པའི་དུས་སྐབས་གསར་པའི་སྐབས་རེད། འདི་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། སྐབས་དེ་དག་ཏུ་བསམ་བློའི་བཅིངས་གྲོལ་གྱི་མཐོ་རླབས་ཤིག་འཕྱུར་ཡོད་ལ། སྐབས་དེ་དག་ཏུ་རྩོམ་རིག་ནི་ལོ་རྒྱུས་ཀྱི་ཁ་དཀྱུ་བའི་དཔུང་སྡེ་གཙོ་བོ་ཡིན་པ་དེ་རེད། དེང་གི་བོད་ཀྱི་རྩོམ་རིག་གིས་ཀྱང་འདི་ལྟ་བུ་ཞིག་འབྱུང་བར་བྱེད་ན་ད་གཟོད་སྤྱི་ཚོགས་ལ་དངོས་སུ་ཕན་བཏགས་པ་རེད། འོན་ཀྱང་ད་སྔ་ཡན་ཆད་དེ་ལྟའི་རེ་བའི་མྱུ་གུ་ཤིན་ཏུ་ཕྲ། རྩོམ་པ་པོ་ཚང་མས་ར་བྲག་འདོད་བྲག་དང་། ལུག་སྤང་འདོད་སྤང་བྱས་ནས་ཡོད་པ་ལས་ཐམས་ཅད་ཀྱིས་ཆེས་གསལ་བའི་དར་ཆ་གཅིག་ཏུ་སྒྲེང་རྒྱུ་བྱུང་མེད།
     དེ་ལས་གཞན་ཀུ་རེ་ཡིན་པའི་བདེན་གཏམ་ཞིག་བཤད་ན། བསམ་བློའི་མཐོ་རླབས་ཡིན་ནའང་འདྲ། རྩོམ་པ་པོའི་ཅོད་པན་ཡིན་ནའང་འདྲ། ཚད་ངེས་ཅན་ཞིག་གི་སྟེང་ནས་དེ་རྩོམ་རིག་དཔྱད་བརྗོད་ལ་ཤིན་ཏུ་རག་ལས། རྩོམ་རིག་དཔྱད་བརྗོད་ནི་ཀློག་པ་པོ་དང་བརྩམས་ཆོས་བར་གྱི་མཚམས་སྦྱོར་དང་། སྤྱི་ཚོགས་དང་རྩོམ་རིག་བར་གྱི་མཚམས་སྦྱོར། རྩོམ་པ་པོ་དང་བརྩམས་ཆོས་བར་གྱི་མཚམས་སྦྱོར་བཅས་ཡིན། དེང་གི་བོད་ཀྱི་རྩོམ་རིག་གི་གནས་བབ་ལ་བལྟས་ན་ལྷག་པར་དེ་ལྟར་ཡིན། འོན་ཀྱང་བོད་ཀྱི་དཔྱད་བརྗོད་ནི་མཐོ་རླབས་འཕྱུར་བའི་རམ་འདེགས་སུ་ལྟ་ཞོག“ས་བཅད་མ་སྟོང”ཙམ་རེད། འདི་དཔེར་ན་སྟ་རེ་རྣོ་ཡང་སྟ་ལྟག་མ་མཐུག་པས་ཤིང་གི་གཅོད་ནུས་རང་བཞིན་ལ་དམའ་ཕབ་པར་འགྱུར་བ་ལྟར་རེད།
     དེ་ནས་བོད་རྩོམ་གྱི་གསར་རྩོམ་ཕྱོགས་ལ་བལྟས་ནའང་། ཡིད་ཚིམ་པོ་འབྱུང་དཀའ། ཐོག་མར་རྩོམ་རིག་གི་བསམ་བློའི་ནང་དོན་ཕྱོགས་ནས་དངོས་ཡོད་སྤྱི་ཚོགས་དང་ཉེ་བར་བཏུད་དེ་ཡོད་ཀྱང་། སྤྱི་ཚོགས་ཀྱི་སྣང་ཚུལ་རིགས་རྩོམ་དུ་དྲངས་པ་ལས་བསམ་བློ་ལ་གཏིང་ཟབ་པ་རྒྱ་ཆེ་བ་ཅན་ཉུང་ལ། ལྷག་པར་རང་གི་ཐུན་མིན་མྱོང་རྟོག་གིས་ཕྱུག་པ་ཤིན་ཏུ་ཉུང་སྙམ། སྤྱིར་བཤད་ན་བྱ་བའི་བརྒྱུད་རིམ་ངོ་སྤྲོད་པ་ཙམ་དང་། རང་གི་བསྡོམས་ཚིག་གི་འགྲེལ་བ་ཙམ་ལས་མ་འདས། ཆེས་སླ་ས་ནས་བཤད་ན། རྩོམ་རིག་གིས་དམངས་ལ་ཕན་ནུས་འབྱིན་ཚུལ་དེ། རིག་གཞུང་གི་སྐོར་ལྟར་དུ་གཏན་ཚིགས་ཀྱི་རིགས་པ་བེད་སྤྱོད་རྒྱུ་མ་ཡིན་པར། ཡིད་འགྱུར་རམ་བརྩེ་དུང་གི་ཆ་ནས་སམ་ཡང་ན་གསལ་ཕྱུག་གཉིས་ལྡན་གྱི་སྣང་བརྙན་བཞེངས་བསྐྲུན་གྱིས་ཀློག་པ་པོའི་ཡིད་སེམས་དབང་མེད་དུ་དྲངས་ནས། ཀློག་པ་པོར་ཕྱིར་འདང་རྒྱག་རྒྱུའམ་བསམ་བློའི་སྐུལ་མ་གཏོང་བའི་ཚད་ལ་སླེབས་དུས་ད་གཟོད་ཕན་ནུས་བྱུང་བ་ཡིན། རྩོམ་རིག་གི་ཕན་ནུས་འབྱིན་ཚུལ་ཡང་འདི་ཡིན། འོན་ཀྱང་བོད་རྩོམ་གྱི་སྟེང་ནས་དངོས་ཡོད་དོན་སྙིང་ཅན་གྱི་སྣང་བརྙན་ག་ཚོད་ཅིག་ང་ཚོས་བགྲང་ཐུབ། དེ་ལྟར་དུ་བསམ་བློ་རྐྱང་བའི་ཆ་ནས་ཀྱང་དངོས་ཡོད་སྤྱི་ཚོགས་ལ་ཁ་གཏད་ཀྱི་རང་བཞིན་ཆེ་ཞིང་། དེར་མ་ཟད་ཕྱིའི་སྣང་ཚུལ་ལས་འདས་ནས་ནང་གི་རྩ་བ་ལ་རེག་ཐུབ་པའི་རྩོམ་མང་པོ་བགྲང་རྒྱུ་ཡོད་དམ། གཞན་པའི་རྩོམ་རིག་གི་གྲུབ་འབྲས་ནི་ཏག་ཏག་འདི་འདྲའི་སྟེང་ནས་བཤད་པ་ཡིན། དེ་བཞིན་དུ་རྩོམ་རིག་གི་སྒྱུ་རྩལ་ཆ་ནས་ཀྱང་དེ་འདྲའི་ཡིད་ཚིམ་པོ་འབྱུང་མི་ཐུབ། རྩོམ་རིག་བྱ་བ་དེ་བསམ་བློའི་ནང་དོན་ཡང་གལ་ཆེན་པོ་ཡིན་ཡང་། མཐར་གཏུགས་ན་རྩོམ་རིག་ཅིག་རྩོམ་རིག་ཡིན་བྱེད་དེ་གཙོ་བོར་ཁོའི་སྒྱུ་རྩལ་གྱི་རང་བཞིན་སྟེང་ན་ཡོད། བརྗོད་བྱའི་བསམ་བློ་གཏིང་ཟབ་མིན་དང་ཁ་ཕྱིར་བལྟས་དང་ནང་བལྟས་གང་ཡིན་ཡང་དེ་སྒྱུ་རྩལ་གྱི་ཚད་མཐོན་པོའི་སྟེང་ནས་མཚོན་པར་བྱ་རྒྱུ་རྩོམ་རིག་གི་རང་མདངས་ཡིན། འདི་ཕྱོགས་ནས་བོད་རྩོམ་གྱིས་རྣམ་གྲངས་ཀྱི་སྟེང་ནས་རྩོམ་ཚུལ་མི་འདྲ་བ་འགའ་ཞིག་ལ་ཚོད་ལྟའམ་འཚོལ་དཔྱོད་བྱས་མྱོང་ཡང་། སྣ་དེ་ནས་ཟབ་སར་ཕྱིན་ཏེ་རང་གིས་གྲུབ་འབྲས་བླངས་ཡོད་པ་ཤིན་ཏུ་ཉུང་། ཐ་ན་ད་བར་དུ་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་འབྲི་སྟངས་ཀྱི་ལམ་དུ་ཞུགས་པ་བོད་རྩོམ་གྱི་རྩོམ་ཚུལ་གཙོ་བོ་ཡིན་ཡང་། འདིའི་ཐད་ནས་འབྲས་བུ་མངོན་གསལ་ཅན་བླངས་པ་ཆེར་དཀོན། རྩོམ་རིག་ལ་གསར་དུ་འཇུག་མཁན་ལ་དགའ་སྣང་བརྟས་པར་བྱེད་པ་མང་དུ་ཡོད་ཀྱང་། ལོ་ངོ་ཉི་ཤུའི་བོད་རྩོམ་གསར་པའི་དུས་ཡུན་དང་བསྡུར་ཏེ་ལེན་འོས་པའི་ཆ་ནས་བཤད་ན་དངོས་གནས་ཡིད་ཚིམ་པ་འབྱུང་དཀའ།
     དེས་ན། བོད་ཀྱི་ཡོན་ཏན་པ་སྤྱི་དང་སྒོས་སུ་བོད་རྩོམ་གྱི་ལས་ལ་འཇུག་པ་དག་གིས། རྩོམ་རིག་གི་ལས་འདི་གཞན་རིགས་ཀྱི་ཟེར་རྗེས་འབྲངས་ནས་གནམ་བཤད་ས་བཤད་ཀྱིས་བར་སྣང་གི་ཤིང་བལ་ལྟ་བུ་ཞིག་ཏུ་མི་བྱེད་པར། རང་གི་ཕ་མ་རྒན་རྒོན། མིང་སྲིང་གཉེན་ཉེ། སྡེ་བ་ཚོ་བ་དག་གིས་མགོ་བ་མོ་དང་རྐང་ཆུ་བུར། སེན་མགོ་ཁྲག་དང་སེན་རྟིང་རྣག་གིས་འཚོ་གནས་ཀྱི་མཐའ་མཚམས་ན་འཕག་འཚག་བྱེད་བཞིན་པའི་གནས་བབ་ཡ་ང་བ་འདིར། རྩོམ་པ་པོ་ཞིག་གི་མྱོང་རྟོག་གི་ཚོར་བ་སྐྱེན་པོ་དེས་མྱོང་རྟོག་ཟབ་མོ་བྱ་བར་མཁྱེན། སྤྱིར་བཤད་ན་ང་ཚོའི་ལས་སུ་བྱ་བ་དེ་རྒྱང་རིང་རྒྱང་རིང་ཞིག་དང་ཐག་རིང་ཐག་རིང་ཞིག་ན་མེད། རང་གི་མིག་མདུན་དང་ཉེ་ལོགས་ན་ཤ་ཁྲག་རུས་རྒྱུད་གཅིག་པ་དག་གིས་མེད་མུག་གི་སྨྲེ་སྔགས་ཇི་ལྟར་འདོན་པ་དང་། དབུལ་ཕོངས་ཀྱི་སྡུག་རྣམ་ཇི་ལྟར་འཁྲབ་པ་འདི་ཁོ་ན་ཉིད་དོ།། བཟང་ངན་གང་ལྟར་རུང་། ང་ཚོ་ནི་དེང་གི་སྐྱེ་ཐོག་འདིའི་ནང་གི་མི་རིགས་ཀྱི་ལས་བྱེད་པ་པོ་དང་མཐོ་རིམ་རིག་གནས་ཀྱི་སློབ་གསོ་ཐོབ་པ་དག་རེད་ཨང་།། 

                       རྩོམ་སྒྲིག་པ། འཕགས་མི། 


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease