རྟོག་པ་འོག་འགྱུ།

    རྩོམ་པ་པོ། མགར་གློག་མིག


རྟོག་པ་འོག་འགྱུ།

གང་ཞིག་བསམ་པ་དངོས་གཞི་དེ་ལས་ཟུར་དུ་མར་འཕྲོས་པའི་སེམས་བྱུང་། (ཁ་བྱང་གི་འགྲེལ།)    

                         མགར་གློག་མིག 



ཀྱེ་ལགས་གནས་འདིའི་ས་སྲོད་ཤིན་ཏུ་མཛེས།།

མི་དག་རང་གི་འདས་དོན་དྲན་བཞིན་དུ།།

སྲོད་ཀྱི་མཚམས་སྤྲིན་མདངས་ལ་ལྟ་བར་བྱེད།།

འདི་ཡང་སེམས་ངལ་གསོ་བའི་ཐབས་ཚུལ་ཞིག།

འདི་ནས་རྒྱང་ལ་འཐེན་པའི་འགྲོ་ལམ་དང་།།

ལམ་སྣེ་ལམ་ལ་མཐུད་པའི་ངང་ཚུལ་འདིས།།

གང་གི་སེམས་ལ་རྨི་ལམ་ལྷག་མ་རེ།།

མཚར་སྡུག་སྙིམ་པས་སྐྱོར་ཏེ་རྨི་བར་བྱེད།།

དུས་ཀྱི་འགྲོས་ལ་བཏེགས་པའི་སྙིང་ཆུང་ཡང་།།

ལྷོད་ཅིང་དལ་ལ་དལ་ཞིང་ལྷོད་པར་འདྲ།།

 

གང་ཁྱོད་བདག་དང་ཉེ་བར་བཅར་བའི་ཚེ།།

ང་ཡང་སྨྲ་བ་མེད་པར་མདུན་ཕྱོགས་ཀྱི།།

རི་སྒང་དེ་ཡི་ཟོམ་དུ་སོང་ཙ་ན།།

སྨུག་ཞག་ལྡེམ་པའི་ནགས་ཚའི་ཡལ་ག་ནས།།

ཡིད་གར་འོང་བའི་བྱ་བྱིའུ་སྐད་སྙན་ཚོགས།།

ཐོས་འཛིན་བུ་གའི་དབུས་སུ་རྒྱུ་བའི་ཚེ།།

འཆར་ཡན་ཞེས་པའི་མིང་ལ་འགྲེལ་བཤད་རྙེད།།

ད་དུང་དེ་ལས་ན་ཆུང་གཞོན་ནུ་ཞིག།

འདས་སོང་”ཞེས་པའི་གཞས་གང་གཏོང་བཞིན་དུ།།

མིག་འདུན་རྒྱང་ལ་ཕྱོགས་ཏེ་ཆས་པར་མཐོང་།།

 

མི་ནི་རི་སྒང་དར་ལྕོག་ཐེད་པོ་སྟེ།།

ཁངས་དང་ཆར་བས་དུས་བཞིར་རེས་མོས་རྡུང་།།

ལས་ཀྱི་རླུང་བུས་ཕྱོགས་བཞིར་ངེས་མེད་འདེད།།

ཚེ་ཡི་འདུ་བྱེད་ཟུར་བཞི་ཉིན་བཞིན་ཟད།།

ད་དུང་རེ་བའི་རྨི་ལམ་རྒྱང་དུ་འཐེན།།

ད་དུང་སྣང་བའི་གཤོག་པ་མཁའ་རུ་གཡོ།།

               ༢༠༢༢/༨/༢༢ཉིན།

                       རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease