གཉིད་མི་ཁུགས་པའི་མཚན་མོ།
རྩོམ་པ་པོ། སྦྲ་འཚོ།
རྩོམ་པ་པོ། སྦྲ་འཚོ།
ཡར་ངོའི་ཟླ་བ། ཞར་བཀོད་གསུམ།
སྦྲ་འཚོ། ཉག་རོང་།
ད་ནངས་ཞོགས་པར་ཤོག་བྱ་ཞིག་བཟུང་ནས
ནམ་མཁའ་ལ་གཏོང་རྩིས་བྱེད་དུས
ང་ཡི་གམ་དུ་བྱིས་པ་ཞིག་རྒྱུག་འོངས་ནས
“ཤོག་བྱ་འདི་ང་ལ་གནང་རོགས”ཟེར
ངས“ཤོག་བྱ་འདི་ངའི་མི་ཚེ་ཡིན་པས་སྟེར་ཐབས་མེད”ཅེས་ལན་ལྡོན
བྱིས་པས་ཡུད་ཙམ་ལ་བསམས་རྗེས
“དེ་ན་ཁྱོད་འཕུར་ཐུབ་བམ”ཟེར
ངས་དེར་ལན་ཅི་ཡང་མ་འདེབས་པར་ཤོག་བྱ་གཏོང་རྩིས་བྱེད
དེ་མ་ཐག་བྱིས་པ་གཞན་ཞིག་རྒྱུག་འོངས་ནས
“ཤོག་བྱ་མ་གཏོང”ཟེར
ངས“ནམ་མཁར་བདག་པོ་སུ་ཡང་མེད”ཅེས་སྨྲས
བྱིས་པ་དེས་ཧབ་དགོད་ཡིད་ཚིམས་པ་ཞིག་བརྒྱབ་རྗེས
“ནམ་མཁར་བདག་པོ་མེད་ན ཉི་ཟླ་ཁྱིམ་དུ་ལྡོག་དོན་ཅི་རེད”ཟེར
ངས་དེ་ལ་ལན་ཅི་ཡང་རྙེད་མ་སོང
ཡང་ན་ལན་ཞིག་མེད་པས་ཡིན་རྒྱུ་རེད
ཕྱི་དྲོ་ཆུ་བོའི་འགྲམ་ནས་ཉ་ཞིག་བཟུང་རྩིས་བྱེད
དེ་མ་ཐག་ཆུ་རྐྱལ་ཞིག་འཕུར་འོངས་ནས
“ཆུ་འདི་ན་ཉ་མེད་པར་མ་ཟད ཆུ་སྲིན་ཡང་མེད”ཟེར
ང་རང་ངོ་མ་ཡ་མཚན་ནས་ཆུ་ནང་དུ་བལྟས་པས་ཅི་ཡང་མི་འདུག
ངས“ཉ་དེ་གང་ལ་སོང་བ་རེད ད་ལྟ་གང་ན་འདུག”ཅེས་དྲིས
ཆུ་རྐྱལ་དེས་དབུགས་རིང་ཞིག་ཤུགས་ཀྱིས་འཐེན་ཞོར
“ཉ་དེ་ནམ་མཁར་འཕུར་སོང”ཟེར
ངས་མགོ་བོ་དགྱེ་ནས་བལྟས་པས་ནམ་མཁའ་ལ
མཁའ་དབུགས་རྙིང་པ་ཞིག་དང་དེའི་རྒྱབ་ན་ལྕགས་བྱ་ཞིག་ལས
ངས་འཚོལ་རྒྱུའི་ཉ་དེ་འཕུར་གྱིན་མི་འདུག
ཡང་ན་ང་རང་ལོང་བ་གྱུར་ནས་ལྟ་བྱེད་ཉམས་པས་ཡིན་རྒྱུ་རེད
དགོང་མོར་ནགས་གསེབ་ན་རི་དྭགས་ཤིག་རྔོན་དུ་སོང
ཡུད་ཙམ་གྱིས་རི་བོང་ཞིག་རྒྱུག་འོངས་ནས
“ཡར་མ་འགྲོ
ཡར་ནང་སེང་གེས་སེང་གེ་ཞིག་ཟ་བཞིན་འདུག”ཟེར
ངས་ནགས་གསེབ་ནས་ཡར་ངོའི་ཟླ་བ་འཚོལ་དགོས་པས
“ནགས་གསེབ་ན་ཡར་ངོའི་ཟླ་བ་འདུག་གམ
ཡང་ན་རི་འདིའི་རྩེ་མོ་ན་ཅི་ཞིག་འདུག”ཅེས་དྲིས
རི་བོང་དེས་ཅུང་ཟད་དོགས་མི་བདེ་བའི་ངང་ནས
“ཡར་ངོའི་ཟླ་བ་ཨེ་ཡིན”ཟེར
ངས་ཐེ་ཚོམ་མེད་པར“ཡིན་དང་ཡིན”ཞེས་སྨྲས
རི་བོང་གིས“ཁྱོད་ཀྱི་ཁོག་ན་ཡོད་པ་དེ་ཅི་རེད”ཟེར
ངས“སྙིང་རེད”ཅེས་ལབ་པ་ཡིན
རི་བོང་དེས་ཡིད་ཚིམས་པ་ཞིག་བགད་རྗེས
“དེ་ཁྱོད་ཀྱིས་འཚོལ་དགོས་པའི་ཡར་ངོའི་ཟླ་བ་རེད”ཟེར
དེ་ནས་ངས་སྐད་ཆ་ཡོད་ཚད་སྦ་གསང་མེད་པར་ཁོག་སྙིང་ལ་བཤད་པ་ཡིན
༢༠༢༢/༣/༢༩
གཉིད་མི་ཁུགས་པའི་མཚན་མོ།
མིག་ཟུང་བཙུམས་ཐེངས་རེ་རེར།
ཁྱོད་ཀྱིས་ང་ཁོ་ན་དྲན་བཞིན་ཡོད་སྙམ་པའི་འདུན་པ་དེས།
ག་ཤེད་ཅིག་ནས་ང་ལ་ཟ་འཕྲུག་ཅིག་ལངས་བྱུང་།
མཚན་མོ་ནི་ཧ་ཅང་ཁུ་སིམ་ཞིག་རེད།
ཁུ་སིམ་ཡིན་པས་ལྷག་ཏུ་ང་རང་སྨྲེང་དགོས་བྱུང་།
ངས་ཁྱོད་རང་དྲ་ཡོལ་རྒྱབ་ཏུ་ཡོད་སྙམ་ནས།
ལག་པ་བསྲིངས་ནས་ཁྱོད་ཀྱི་གདོང་ལ་རེག་རྩིས་བྱ་དུས།
ང་རང་གཞི་ནས་མལ་ས་ནང་ཡོད་པ་རྟོགས་བྱུང་།
ངས་མལ་ཁྲིའི་སྟེང་ནས་འགྲེ་ལྡོག་ཡང་ཡང་བརྒྱབ་རྗེས།
རྒྱང་རིང་ཟེར་བ་ཞིག་ཡོད་པ་ཚོར་བྱུང་།
༢༠༢༢/ ༣/ ༢༦
སྙིང་ཉེ། ངས་འདི་ལྟར་སེམས།
སྙིང་ཉེ། ངས་འདི་ལྟར་སེམས།
ང་ཁྱོད་ཀྱི་ཞབས་ལྷམ་བྱ་འདོད།
ཁྱོད་ཀྱི་རྐང་ཟུང་གི་ངལ་དུབ་བསལ་མཁན་ང་ཡིན་དགོས།
སྙིང་ཉེ། ངས་འདི་ལྟར་སེམས།
ང་ཁྱོད་ཀྱི་མིག་ཟུང་བྱ་འདོད།
དགའ་སྡུག་གི་གསེབ་ནས་མིག་ཆུ་གཏང་ས་ང་ཡིན་དགོས།
སྙིང་ཉེ། ངས་འདི་ལྟར་སེམས།
ང་ཁྱོད་ཀྱི་མེ་ལོང་བྱ་འདོད།
དུས་ཚོད་ཀྱི་ལག་པ་ཅི་འདྲའི་བཙན་ཡང་སྙིང་གི་སྲུང་མ་ང་ཡིན་དགོས།
སྙིང་ཉེ། ངས་འདི་ལྟར་སེམས།
ང་ཁྱོད་ཀྱི་ན་ཚ་བྱ་འདོད།
མཚན་མུན་ནག་གི་ཁྲོད་དུ་ཁྱོད་ཀྱི་སྐྱོ་ངལ་བཏུང་མཁན་ང་ཡིན་དགོས།
སྙིང་ཉེ། ངས་འདི་ལྟར་སེམས།
ང་ཁྱོད་ཀྱི་གྲུ་པ་བྱ་འདོད།
བརྩེ་དུང་གི་རྒྱ་མཚོའི་ཀློང་ནས་ཕ་རོལ་ཏུ་བསྐྱོད་མཁན་ང་ཡིན་དགོས།
སྙིང་ཉེ། ངས་འདི་ལྟར་སེམས།
ང་ཁྱོད་ཀྱི་བདུད་རྩི་བྱ་འདོད།
ཁྱོད་རང་ཡིད་སེམས་སྐྱོ་དུས་ཆང་རག་ལྡུད་མཁན་ང་ཡིན་དགོས།
༢༠༢༢/༣/༢༥
རྒོད་པོ།
རྒོད་པོ་ཞིག་ཐག་རིང་ལ་འཕུར་གྲབས་བྱས
ཁང་པ་དམར་པོ་དེ་ལ་མཆུ་ཏོས་ཨུ་ཁུང་འགའ་བརྟོལ
ཐང་རིང་དུ་འཕུར་བ་ནི
རྒོད་པོ་གཅིག་པུ་རེད
ཁྱོད་ཀྱིས་ཁོ་ལ་གཤོག་ཟུང་གཡར་མི་དགོས་ལ
སེམས་ཤུགས་ཀྱང་བསྩལ་ག་ལ་དགོས
ཐག་རིང་དུ་འཕུར་བ་ནི
རྒོད་པོར་རློམ་ནས་འདུག་མཁན་དག་ག་ལ་ཡིན
མདུན་ཕྱོགས་སུ་བསྐྱོད་དེ
མཚོ་དང་མཚེའུ་མང་པོ་འཐུང་ཕོད་མཁན་ཡང
བྱ་མང་པོ་ནང་གི་རྒོད་པོ་གཅིག་པུ་རེད
༢༠༢༡/ ༡༡/ ༡༨
![]() |
|
Signature is customized by Netease