གངས་ཁྲོད་ཀྱི་རྨི་ལམ།

    རྩོམ་པ་པོ། འབར་བློ་དཀར།


གངས་ཁྲོད་ཀྱི་རྨི་ལམ།


                 འབར་བློ་དཀར།

ཁྱེད་ཀྱིས་གངས་སྟེང་བརྒྱུད་ནས་རྒྱང་དུ་ལོག།
རྒྱུས་མེད་ཡུལ་གྲུ་མང་པོ་རྐང་ཐང་བརྒལ།།
ངས་ནི་གངས་ཁྲོད་རྨི་ལམ་སྣ་ཚོགས་རྨིས།།
རྨི་ལམ་ནང་ནས་རྟག་པར་ཁྱེད་དང་འཕྲད།།
ཁྱེད་རང་བཞུགས་པའི་གནས་དེའི་ནམ་མཁའ་དང་།།
སྤྲིན་དཀར་རླུང་གིས་དེད་པའང་མཐོང་སྙམ་བྱེད།།
 
ཁྱེད་ཀྱིས་ཧི་མ་ལ་ཡི་ཚུར་རྒྱབ་ཀྱི།།
མ་གྱུར་སེམས་ཅན་ཐམས་ཅད་ཨེ་མཐོང་ལགས།།
གཉོམ་དུང་དུང་བའི་གངས་རི་ཨེ་མཐོང་ལགས།།
གངས་རི་སྟེང་གི་ཉི་འོད་ཨེ་མཐོང་ལགས།།
 
གངས་ཁྲོད་རྨི་ལམ་སྣ་ཚོགས་རྨིས་པ་ཡི།།
རྨི་ལམ་བདེན་པའི་ཡིག་ཆུང་གཉོར་བ་ཡི།།
རིགས་ཀྱི་རྒྱུན་ཐག་སྲ་བུར་རྒྱུས་པ་ཡི།།
ཉམ་ཆུང་གྲོག་འབུ་ང་ཡང་ཨེ་མཐོང་ལགས།།
             2019  11  27


དགའ་བྱེད་ཚལ་གྱི་རི་དྭགས།
 
ཁྱེད་ལུས་སེང་ལྡེང་ནགས་ཚལ་གྱི།།
ཚེར་མའི་སྙིང་པོར་གྱུར་བ་ན།།
བདག་ནི་ཡང་ཡང་ཕུག་པ་ཡི།།
མི་མཆོག་སྟོན་པའི་ཞབས་ཆག་ཡིན།།
ཁྱེད་མིག་པདྨའི་སྡོང་བོ་ཡི།།
གེ་སར་དང་བཅས་དགོད་པ་ན།།
བདག་ནི་བུང་བ་ཆུང་ངུ་ལ།།
སྤྲུལ་ནས་ཁྱོད་རང་དཀྲིས་གསུམ་བརྒྱབ།།
ཁྱེད་ཞལ་ཟླ་བའི་ཚུལ་གྱིས་སུ།།
འཇིག་རྟེན་སྨག་རིམ་བསལ་བ་ན།།
བདག་ནི་ཀུ་མེད་གཞོན་ནུ་སྟེ།།
རྣམ་ཀུན་བརྩེ་བའི་འདབ་མ་གྲོལ།།
ཁྱེད་སེམས་ཡངས་པའི་སྐྱེད་ཚལ་གྱི།།
ཆུ་ཀླུང་ཇི་བཞིན་འབབ་པ་ན།།
བདག་ནི་ཆུ་འགྲམ་བྱེ་མ་ཡི།།
ནང་དུ་ཟགས་པའི་རྗེས་ཤུལ་ཡིན།།
ཁྱེད་ཕྱག་སྤྲིན་དཀར་ཡུག་གཅིག་སྟེ།།
ལྷོ་རུ་བརྐྱངས་པ་དེ་ཡིན་ན།།
བདག་ནི་ཡངས་པའི་ནམ་མཁའ་ནས།།
ཁྱོད་རང་དེད་པའི་རླུང་བུ་ཡིན།།
ཁྱེད་ཀྱི་རྒྱན་གོས་ཟ་འོག་མ།།
ནགས་ཚལ་ཇི་བཞིན་འཁྲུགས་པ་ན།།
བདག་ནི་ཡལ་གར་འབྱར་བ་ཡི།།
སྨིན་མ་སྨིན་པའི་ཤིང་ཏོག་ཡིན།།
ཁྱེད་ཀྱི་རྐང་རྒྱན་གདུབ་བུ་མ།།
སིལ་སིལ་སྒྲ་བཅས་འགུལ་བ་ན།།
བདག་སྙིང་ཟུག་པའི་འབུ་སྲིན་ཡང་།།
དྲན་པའི་རྒྱ་ལས་ཡང་ཡང་དཀྲོགས།།
         2019  11  18


ཆུ་པདྨ།

མཚན་མོ་མཁའ་ལ་རྒྱུ་སྐར་གྲངས་མེད་ཚེས།།
སྙིང་སྡུག་ཟླ་གཞོན་ལ་མོ་རྒྱབ་ནས་ཕེབས།།
མུན་པའི་ཕྱེད་ཀ་སེམས་ཀྱི་ཁང་སྟོང་རུབས།།
དེ་ཚེ་ཡང་ཡང་ངུ་བའི་ཆུ་པདྨ།།
རྨི་ལམ་ཆུ་མོ་ཤག་ཤག་དང་བཅས་ཏེ།།
ལ་རྒྱབ་གངས་ཐང་བརྒྱུད་ནས་ས་མཐའ་སྐོར།།
གློ་རྡེག་བལྟས་པས་ཟླ་བ་ཆུ་ནང་ཁུར།།
དེ་ཚེ་ཡང་ཡང་དགོད་པའི་ཆུ་པདྨ།།
ངག་གི་གླིང་བུ་མ་བུས་རྒྱང་ནས་གྲག།
ཚེ་ཡི་ལྕགས་གདང་སྟེང་དུ་བྱ་ཡང་བབས།།
སྙིང་པོས་སྟོང་བ་དག་ནི་སྙིང་པོར་གནས།།
དེ་ཚེ་ཡང་ཡང་འཁྲུལ་བའི་ཆུ་པདྨ།།
           2019  12  3


མིང་མེད།

ཁྱེད་རང་གནས་པའི་ས་ཕྱོགས་གང་དེ་ཡི།།
ནམ་མཁར་སྤྲིན་པ་བྱེའུ་མགོ་འདྲ་བ་ཞིག།
ག་ལེར་རླུང་གིས་སྐྱོད་པ་ཨེ་མཐོང་ངམ།།
དེ་ནི་ང་ཡི་བརྩེ་བའི་འཕྲིན་སྐྱེལ་གྱི།།
ཕོ་ཉར་མངགས་པའི་གཞོན་ནུ་དོན་འགྲུབ་ཡིན།།
སེམས་ཀྱི་ཕར་རྒྱབ་སེམས་ཀྱིས་མྱོང་བ་འམ།།
ཡང་ན་འཆར་ཡན་མེ་ལོང་ཕྱིས་པ་ན།།
ཁྱེད་ཀྱང་བདག་གི་སྙིང་གཏམ་རོ་མངར་གྱི།།
ཚིག་གི་སྦྲང་རྩི་བསྒུག་ནས་བཞུགས་སྙམ་པས།།
བརྩེ་བའི་འཕྲིན་ཆུང་རེ་གཉིས་འབྲི་འདོད་སྐྱེས།།
ད་བར་ང་རང་རྒྱུས་མེད་གྲུ་ཁ་ནས།།
ཡི་གེའི་ཁང་བཟང་ཕུབ་ནས་དྲན་གདུང་གི།
སྐྱོ་བའི་གླུ་གཞས་ངག་ལ་གྱེར་ནས་སུ།།
རྒྱང་རིང་ཁྱེད་ཕྱོགས་ཤོག་བྱ་གཏོང་བཞིན་ཡོད།།
ལས་ཀྱི་ཐག་སྣེ་གཅིག་ན་ཁྱེད་རང་ཡོད།།
ཐག་སྣེ་གཅིག་ན་ང་ཡི་རྨི་ལམ་ཡོད།།
ངས་ནི་ལོ་ཟླ་བརྩེགས་པའི་སྒོ་ཐེམ་ནས།།
སྟོང་འདང་བརྒྱབ་ཅིང་རྨི་ལམ་སྣ་ཚོགས་རྨིས།།
ཁྱེད་ཀྱང་བབས་ཆགས་ཚུགས་ཀའི་རི་མོ་ལས།།
ཨུ་ཚུགས་དང་བཅས་དུས་ཚོད་བསགས་ནས་ཡོང་།།
ནམ་ཞིག་གློ་བུར་འགྱུར་ལྡོག་དྲག་པོ་ཡིས།།
དགུན་ཁར་མེ་ཏོག་བཞད་པ་མཐོང་སྲིད་དམ།།
དེ་ཚེ་ང་ནི་རླུང་བུ་ལ་སྤྲུལ་ནས།།
ཁྱེད་ཞལ་པད་མའི་བུང་བ་དཀྲོགས་པར་ངེས།།

                2019  11  13



ལོག་ཕེབས།
 
ལྟོས་དང་ཉི་ནུབ་མཚམས་ནས་བྱ་ཁྱུ་འཕུར་བྱུང་།།
རང་དབང་ནམ་མཁར་བརྩེ་བའི་གཤོག་རྡང་སྦྲེལ་ཏེ།།
ནགས་ཚལ་གཅིག་ལས་ནགས་ཚལ་གཞན་དུ་འཕུར་བྱུང་།།
རི་ཆེན་རི་ཆུང་ཆུ་ཕྲན་གྲངས་མེད་བརྒལ་ནས།།
ཡང་བསྐྱར་ཕྱིར་ལ་ལོག་པའི་ངང་ཚུལ་ལྟོས་དང་།།
ལོག་ཕེབས་ཁོ་ནས་ཀྱང་ནི་ཅི་ཞིག་སྟོན་ནམ།།
 
གྲོགས་དག་འུ་ཅག་རྣམ་ཤེས་བྱེའུ་ཆུང་ཕྲ་མོ།།
སྲོག་གི་ཡལ་གར་འཚང་ནས་ཅི་ཙམ་འདས་སོང་།།
ཕར་ངོས་ཡངས་པའི་རི་ངོགས་ག་ལ་བ་དེར།།
འཕུར་མི་འདོད་ལ་འཕུར་བར་བསམ་མི་ཕོད་དེ།།
ལས་ཀྱི་རླུང་ཕྲན་སྐད་ཅིག་ལྡང་ཙམ་བྱས་ཚེ།།
ངེས་མེད་གཞན་དུ་འགྲོ་བར་ཟློག་ཐབས་མེད་འདྲ།།
 
དེ་ཕྱིར་ཉི་ནུབ་མཚམས་ཀྱི་བྱ་ཁྱུ་ཇི་བཞིན།།
རྒྱང་རིང་ཡུལ་གྱི་ནགས་ཚལ་འཇིགས་པའི་ཀློང་དུ།།
འཕུར་བའི་གཤོག་རྩལ་བརྐྱང་ངམ་བརྩེ་བའི་གྲོགས་དག།
ཡང་བསྐྱར་ལོག་ཕེབས་ཡོང་བའི་སྨོན་འདུན་ཕྲ་མོ།།
ཁྱོད་ཀྱིས་ཐོབས་ཤིག་ངས་ཀྱང་དྲག་ཏུ་འདེབས་ཨང་།།
               2019  11   29

                      རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease