ཟླ་བཅུ་བའི་དྲན་པ་སྙོར་བའི་ཕོ་བྲང་སྔོན་པོ་ཚང་།

    མི་བཅོ་ལྔའི་སྙན་ངག

ཟླ་བཅུ་བའི་དྲན་པ་སྙོར་བའི་ཕོ་བྲང་སྔོན་པོ་ཚང་།
 
༡ མཐར་ཐུག་གི་མཛེས་སྡུག
                           མགོ་ལོག་ཆུ་ཐིགས།

ག་ལེར་ཕེབས་དང
ལམ་ལ་སྟེང་འོག་མི་འདུག
 
དལ་བུར་དལ་བུར
ང་ཚོ་ཆ་ཚང་ལམ་ལ་ཆས་ངེས 
 
དུས་ཚོད་གསུམ་པོའི་རིང་ལ
ཁྱོད་རང་རང་དབང་གི་བྱེའུ་ཁྱུ་བཞིན་འཚོ་རོགས
 
མཇུག་མཐར
ཁྱོད་རང་མཐར་ཐུག་གི་མཛེས་སྡུག་ཏུ་གྱུར་འགྲོ
 
༢ གལ་ཏེ།
ནང་སེམས་ཀྱི་དྭངས་གཙང་བོར་ལ་ཉེ་ཡང
ང་ད་དུང་འུ་ཚུགས་ཀྱིས་འཛུམ་ནས་འདུག་དགོས་བྱུང
 
ད་ལྟའི་ང་ལ་རྒྱང་རིང་མེད་པས
རང་གི་ནང་སེམས་སུ་ལོག་ཐབས་བྲལ
 
གལ་ཏེ་དུས་ཚོད་ལ་ཕྱིར་ཟློག་ཡོད་ཚེ
ང་རང་ཁ་བ་བཞིན་དྭངས་གཙང་གིས་ཞི་ནས་འགྲོ་ངེས
 
༣ འབྲོག་ཐང་གི་གཞས་བ་ཞིག་དྲན་པ།

ཡུལ་འདིའི་གཞས་མཁན་ཚོའི
རྣམ་ཤེས་ཀྱི་གསང་ན་འོད་ཟེར་མི་འདུག 
ནང་སེམས་ཀྱི་གཏིང་དུ་བརྩེ་བ་མི་འདུག
 
ངས་ཉན་གྱིན་ཉན་གྱིན་དུ
ངས་ཁྱོད་ཀྱི་ངག་ལ་བྱིན་རླབས་ཞུགས་པའི
ཕ་སྐད་མ་ཡིག་གི་གཞས་དག་དྲན་གྱིན་འདུག
 
ཀྱེ་མ  ཀྱེ་མ
ཡུལ་ལ་ཐན་པ་ཚེས་ཏེ
ངག་ལ་བྱིན་རླབས་མི་འདུག
 ༢༠༡༩/༥/༢༨ ལ་ཁྲིན་ཏུའུ་ནས་གྲུབ
 
 

ཆུང་དུས་འདམ་རྫབ་མཐོང་བའི་གླུ།
                              གསའ། རྨ་ལྷོ

ཆུང་དུས་ཁྱོད་ནི་དུག་གི་ལོ་མ་དང
འཆི་བདག་བཞིན་དུ་ང་ཡི་ཉེ་གམ་བཅར
 
འདྲིས་པའི་བག་ཆགས་སྙིང་རུས་ཕྱེད་ཀ་ཞིག
མེ་ཡིས་བསྲེག་ཅིང་ཐལ་བ་སྤར་གང་གྱུར
 
བརྩེ་བའི་ནང་གི་ཕུགས་བསམ་དྭངས་མ་དེ
མི་ཁས་སྣོག་ཅིང་རབ་ཏུ་ཚ
 
དུས་ཚོད་ཉིད་ནི་གསེར་གྱི་མུན་པ་འདོད
སྟོན་དུས་འདི་ལ་སུན་སྣང་སྐྱེ
 
རླུང་བུའི་ཤུགས་གླུ་ལེན་ཅིང་རྐང་བྲོ་འཁྲབ
རྩྭ་ཕྲན་དག་ཀྱང་ཁབ་ཀྱི་རྩེ་མོར་སྨྲ
 
ཡིད་ཀྱི་པདྨའི་ཚལ་ལ་ཁ་བ་བབས
ཁ་བའི་འདབ་མའི་སྟེང་ལ་གྱེས་བྲལ་ཆགས
 

ཐུག་འཕྲད།
                མེ་ཚང་།

ཞི་འཇགས་ཀྱིས་དལ་བུར་རྒས་པའི་རླུང
ཁེར་རྐྱང་གི་རྟག་བརྟན་ལ་དགའ་བའི
ཁྱོད་ནི
དུས་ཚོད་ཡུན་རིང་ཕྱིན་རྗེས་ཀྱི་ཀློང་དུ
བྱིལ་བྱིལ་གནང་བའི་མེ་དྲོད་ཅིག
 
བརྩེ་དུང་གི་ལག་པ་ཟུང་གིས
དམ་ལྷོད་མེད་པར
རི་དྭགས་རྒྱ་རུ་ཚུད་པ་ལྟ་བུའི
རང་ཉིད་སུ་ཡིས་སྐྱོབ་པར་ནུས
 
སྙིང་སྡུག་ཅིག
བརྩེ་བའི་མཚོ་ཆེན་འགྲམ་དུ་ལོག་སྟེ
ཁེར་རྐྱང་གི་གླུ་སྒྲ་ལ་ཉན་ཡོད

 
བུ་མོ་ལགས

       གངས་རྡེའུ

ཁྱོད་ཁ་རོག་གེར་སྡུག་བསྔལ་གྱི་ཀློང་དུ་སིམ་ཚེ
ངས་ཁྱོད་ལ་མྱ་ངན་གྱི་རྡོ་རིང་ཞིག་བཞེང་རྩིས་ཡོད
ངའི་ཕྲ་ཕུང་ནང་གི་བཅོས་མའི་ཡལ་ག་དག་གཏུབ་སྟེ
ཁྱོད་ལ་བརྩེ་དུང་གི་གླུ་དབྱངས་ཚན་པ་ཞིག་ལེན་པར་རྩོམ
བུ་མོ་ལགས
ལས་སྐལ་གྱི་ཐག་པས་ང་རང་ཁྱེད་ཀྱི་པང་དུ་ཁྲིད་ཚེ
ངས་ཁྱོད་ལ་སྙན་ངག་ལྟ་བུའི་སྒྱུ་འཕྲུལ་གྱི་མེ་ཏོག་ཆུན་པོས
དབུ་རྒྱན་དང་ཕྱགས་ལྷམ་བཟོས་ཚེ

 
ཁྱོད་ལ་མགུར་བའི་མཆྀད།

                          འདྲེ་རྐང་ཏོ།

དུས་ཚིགས་འདིར
ངས་ནི་ཁྱོད་ཁོ་ནའི་སེམས་པ་པང་དུ་བླངས་ནས
ནམ་མཁའི་དབྱིངས་སུ་འཇའ་ཚོན་ཞིག་བྲིས
མཐའ་མེད་པའི་ནམ་མཁའ་རུ
རང་དབང་གིས་འཕུར་བའི་བྱེའུ་ཞིག་བྲིས
ལྗང་ནེམ་ནེམ་གྱི་ནགས་ཚལ་ཞིག་བྲིས
ནགས་ཚལ་དེའི་མཐའ་རུ་ལྷུང་ལྷུང་འབབ་ཀྱིན་པའི་ཆུ་ཕྲན་ཞིག་བྲིས
དེའི་རྗེས་སུ་བྱེའུ་དེ་སྡོང་མགོར་བབས་ཏེ
ཁེར་རྐྱང་གི་བཟོ་ལྟ་སྣ་ཚོགས་བསྟན་ཡོད་པ་ཞིག་བྲིས
 
མ་འོངས་པ་ཞིག་ལ
ཁྱོད་ཀྱི་སྐྲ་ལོ་ཕུར་ཞོར
ངལ་དུབ་ཀྱིས་ཡར་ལངས་ནས
ངའི་སྙན་ངག་འདི་ཀློག་དུས
ཁྱོད་རང་ཕྱི་རོལ་ཏུ་ཧད་དེ
དངན་པ་མ་འཐེན་རོགས
 

ད་ལྟ་བ།
            དབལ་ཡན་མ།

དུས་ཚིགས་ཀྱི་འཁྱགས་པས
སྨྲ་བ་མཐའ་དག་བསྡམས་པར་བྱས
ཁེར་རྐྱང་གི་འགྲུལ་བཞུད་ཅིག་གི་རྗེས་སུ
གཞི་ནས་ངལ་དུབ་ཀྱི་སྣ་དབུགས་འཚང
 
གཞོན་ནུ་མ་ཞིག་གི་ལང་ཚོ་ཐག་རིང་དུ་ལུས་ཟིན
ཚེ་སྲོག་ལྟ་བུའི        
ཇ་ཕོར་བ་གང་འཐུང་རྗེས
ལག་པ་ཕར་བསྲིང་ཚེ་རེག་ཐུབ་པའི
ཁོ་མོའི་གློ་དང་མཆིན་པ         
བདག་གི་ཉེ་སར་བཏུད
 
གཡོ་འགུལ་ཆེ་བའི་དུས་ཚིགས་སུ
འུ་གཉིས་མཉམ་དུ
རྒྱང་རིང་དང་རྒྱང་རིང་མ་ཡིན་པའི་ཡུལ་དུ་ལུས
 
ཁངས་སྐྱ་ལྷབ་ལྷུབ་འཐོར་ཤུལ་དུ
ཚེ་སྲོག་གྲངས་མེད་ཀྱི་ཟམ་པ་ཆད་མེད་དུ་བརྩིགས
 
དུས་ཚིགས་འདི་ཉིད་འཁྱགས་པའི་ནགས་ཚལ་དུ་ཚེས་རྗེས
ཁྱོད་རང་ཁྱོད་ཀྱི་ངལ་དུབ་ཀྱི་འདམ་དུ་བྱིང་བར་འགྱུར་རོ
  

ནམ་ཞིག
           བྱ་ར།

བདག་གི་ཚེ་སྲོག་གི་མཚར་སྡུག
ཁམས་ཆེན་མོའི་ཀློང་དུ་ཡོང་བའི་ལྟད་མོ་བ
ང་ཡི་མིག་སྔོན་དུ་འཆི་བའི་གྲིབ་ཆེན་ཕོག་དུས
ལྟད་མོ་གང་ཡང་མི་མཐོང་བའི་ཡུལ་འདི་དང་གྱེས་ཏེ
ང་རང་ཕ་ཡུལ་གཞན་ཞིག་ཏུ་བུད་འགྲོ་ངེས           
  

ཁྱོད
        སད

ཟླ་འོད་ལ་ཆགས་པའི་གཞས་དེ་ང་ཡིས་ཉན་ཐེངས་རེར
ཁྱོད་ནི་ཕྱིར་འོང་མེད་པའི་མི་ཞིག་ཏུ་གྱུར་ཟིན
ངས་ལག་པས་གང་སར་བརྙབས་ཀྱང
 
ང་རང་ཁ་ཕྱོགས་ངེས་མེད་དུ་གདུང་བའི་རླུང་གིས་དེད་ཚེ
འུ་གཉིས་ཀྱི་འདས་སོང་གི་ཁ་ཆད་ཡང་ཡང་དྲན
དྲན་དྲན་པའི་མཐའ་མར     ང་ནི
ནང་སེམས་སུ་ལུས་པའི་བྱ་སྒྲོ་རྐང་གཅིག
ཆགས་པས་གཞོབ་ཟིན་པའི་བྱ་སྒྲོ་རྐང་གཅིག
 
ས་སྲོད་ནི་རྨི་ལམ་ཁུར་ཡོང་བའི་རླུང་ལྡོམ་ཞིག
ཕལ་ཆེར་ཁྱོད་ཀྱིས་བཏང་མྱོང་བའི་གཞས་ཆག་པོ་དེ་རེད
དེས་ང་རང་མུན་པའི་གྲོག་རོང་དུ་ཁྲིད་པར་བྱེད
 
ངས  ཁྱོད་ཀྱི་མིང་ནས་ལན་མང་འབོད་བཞིན
ཤུགས་ཆེན་པོས་འབོར་ཞོར་ཧམ་སེམས་ཀྱི་གཡང་སར་ཕྱིན་ཚེ
ཁྱོད་ནི་ངའི་ཁ་གཏད་ན   མུ་མཐའ་མེད་པའི་གཙང་བོ་དེའི་ཕ་རོལ་ན
སྤེན་མའི་མེ་ཏོག་གི་ཟོལ་གྱིས་སྡུག་གུར་བཞད་འདུག
འཐུ་བར་དཀའ་ཞིང    སྣོམ་ཐབས་བྲལ་བར་བཞད་འདུག
ཟླ་འོད་ལ་ཆགས་པའི་གཞས་དེ་ང་ཡིས་ཉན་ཐེངས་རེར
ཁྱོད་ནི་ཕྱིར་འོང་མེད་པའི་མི་ཞིག་ཏུ་གྱུར་ཟིན
ངས་ལག་པས་གང་སར་བརྙབས་ཀྱང
           2019 11 9 མཚན་དགུང་དུ།  
 

ཟླ་བ་ཚེ་རིང་། 
                  ངར་ཞགས།

སྙིང་པོ་མེད་པའི་ཟླ་བ་ཚེ་རིང
ལོ་ཟླ་ལས་རིང་ཐབས་མི་འདུག
དུས་ཚོད་ཀྱི་ཚེ་སྲོག་སྐད་ཅིག་མ་དེ་དག་འདས་ཟིན་མོད
ཟླ་བ་ཚེ་རིང་ད་དུང་ཟླ་བ་ཚེ་རིང་རེད
 
ནང་སེམས་མཚོན་བྱེད་ཀྱི་སྨྲ་བ་དེ་དག
ཟླ་བ་ཚེ་རིང་གི་ཁེར་རྐྱང་ལ་མུ་གེའི་ཐོག་ཏུ་ཟླ་ལྷག་རེད་འདུག
ཡིན་ནའང
ཟླ་བ་ཚེ་རིང་ཟླ་བ་ཚེ་རིང་ལས་གཉིས་སུ་གྱེས་ཐབས་བྲལ
 
མི་དེ་ནི
ཆུང་དུས་ཀྱང་ད་ལྟའི་ཁོ་རང་རང་རེད
ཁོ་ལ་སེང་གེའི་སྦར་མོ་ངོམ་སྤྱད་ཀྱི་པ་ལགས་མི་འདུག
ཁོ་ལ་འཇིག་རྟེན་ལྟག་སྒོ་འདན་སྤྱད་ཀྱི་སྒོར་ཁུག་ཀྱང་མི་འདུག
ཁོ་རང་རང་ལ་ཡི་ཐང་ཆད་རྗེས
སྡིག་པའི་མེ་ཏོག་ལས་དབྱར་ཁ་ཚེས་ཏེ
མི་ཚེ་ནི་རྫོགས་ལྡན་གྱི་ཕོ་བྲང་ན་འདར་བཞིན་གཡོ
   { རྩོམ་ཐུང་འདི་པ་ལགས་ཀྱི་བརྩེ་བ་མ་ཐོབ་པའི་སྙིང་ཉེ་དག་ལ་སེམས་ནས་འབུལ། }

 
ཞོགས་པ་དེ།

                  ཀླད་ཁུ།

སྨིག་རྒྱུ་ལས་འཆི་བ་ལ་བཅར་བཞིན་པའི་ཁྱོད་རང་ལ་མཚོན་ན
ཞོགས་པ་ནི་ལག་ནང་དུ་ཚེས་པའི་དབྱར་ཁ་ཞིག་རེད
 
ས་སྲོད་ཀྱི་སྟེང་དུ་འགུལ་བཞིན་པའི་ཆུ་ཡི་གཉེར་མ་མཛེས་པོ
ཁྱོད་ཀྱི་མཆུ་ཏོ་གཉིས་ཀྱི་མཚམས་དང་བར་དུ་ཤི་སོང
སེམས་པ་སྐྱོ་སྐྱོ་མ་གནང་དང
ངས་ཁྱོད་ལ་རྨི་ལམ་ཞིག་འགྲེལ་བ་བརྒྱག་ཆོག་ཨང
 
འོད་སྣང་ལ་དགའ་བ་ཁྱོད་ཀྱི་གཤིས་ཀ་རེད
མུན་པ་ལ་དགའ་བའང་ཁྱོད་ཀྱི་གཤིས་ཀ་རེད
 
དོན་དམ་པར་ངས་ཁྱོད་ལ་འཕྲིན་ཞིག་བསྐུར་ཡོང
འཕྲིན་གྱི་ནང་དོན་ནི་ཁྱོད་ལ་བཤད་མ་མྱོང
བཤད་པ་མྱོང་བ་ཐམས་ཅད་ངད་བརྗེད་ཚར་སོང
ང་ཁྱོད་ཀྱི་གྲིབ་མ་ནང་འགྲོ་བ་དགའ་བོ་ཡོད
ནམ་ཡིན་ན་ཁྱོད་ཅེས་པ་ནི་སྐྱོ་གདུང་མཚོན་བྱེད་རེད་ཨང་།
  

ཞི་མོCMལ་བྲིས་པ།
                      གཟའ་སྨྱོན། 

ཆུང་དུས་ཨ་ཙི་སྙམ་སྤྱད་བར་ཐག་ཉེ་ཞིང་།།
ཆེ་དུས་ཧ་བོ་བསམ་སྤྱད་ཁ་ཐག་བཀྱེད་པའི།།
སེམས་ཀྱི་མེ་ཏོག་འདྲ་བའི་ཆུང་འདྲིས་ཞི་མོ།།
འུ་གཉིས་སོ་སོར་གྱེས་ནས་ལོ་ངོ་གཉིས་རེད།།
བདེ་མིན་གནས་ཚུལ་མ་གོ་ལོ་ངོ་གཉིས་རེད།།
ཕན་ཚུན་ཁ་ངོ་མ་ཐུག་ལོ་ངོ་གཉིས་རེད།།
ཕར་ཚུར་གྱེས་བརྡ་བཞག་ནས་ལོ་ངོ་གཉིས་རེད།།
འོན་ཏང་དེ་རིང་ཁྱོད་དང་ཕ་ཡུལ་གཅིག་པའི།།
སློབ་གྲོགས་ཤིག་དང་འཕྲད་དེ་བཤད་ཚུལ་ལྟར་ན།།
ཁྱོད་རང་སློབ་གྲྭ་མ་སོང་སློབ་བཤོལ་བྱས་ཏེ།།
རྫོང་མཁར་ཁ་ཐག་ཉེ་སའི་རུ་གྲོང་ཞིག་ཏུ།།
ཕ་རྒན་ཁ་ལ་ཉན་ཏེ་དུད་ཚང་ཞིག་ལ།།
མནའ་མར་བསྡད་དེ་བུ་རྒྱུད་རེ་ཟུང་ཞིག་གི།
ཨ་མར་འགྱུར་གདའ་དཀའ་ལས་མྱོང་གདའ་ཟློས་དུས།།
སེམས་པ་སྐྱ་མོ་གོར་མོ་རྡོ་ལས་འཁྱག་གི།
སེམས་ཁུར་ཁྲི་ཡིས་ཀླད་པར་བསྐོར་བ་བརྒྱག་གི།
ཕྱིར་དྲན་ཐག་སྣེས་སྨྲེང་བའི་དབྱིངས་སུ་འཐེན་གི།
རིག་འདོད་མྱེ་ལྕེ་སྣང་བའི་སྒང་དུ་མཆེད་གི།
ཡིན་ཡང་འུ་གཉིས་ལས་དབང་ཁ་ནག་དེ་ཡིས།།
ཉི་ཟླ་བཞིན་དུ་ཤར་ནུབ་དབྱེ་མཚམས་བཅད་པས།།
ང་རང་གསལ་ཚེ་ཁྱོད་རང་ཏག་ཏག་མོག་ཅིང་།།
ཁྱོད་རང་ཤར་ཚེ་ང་རང་ངེས་པར་ནུབ་པས།།
ཚེ་འདིར་རང་གཉིས་འཛོམས་པའི་དུས་ནི་ཡོད་མིན།།
འོན་ཀྱང་ཁོ་བོ་ཁྱོད་ལ་དགའ་ནི་དྲགས་པས།།
ད་དུང་རེ་བ་མ་ཤི་ཐག་རིང་ཞིག་ནས།།
འཕྲད་རེད་བསམ་ནས་རེ་བསྒུག་སྙིང་ལ་བཅངས་ཡོད།།
ཚེ་གཅིག་ཨེ་རེད་སེམས་ཏེ་སྨོན་ལམ་བཏབས་ཡོད།།         
 

ཡུལ་སྡེ
           ལྗང་མ

ནགས་འདབས་ན་ཆགས་པའི་རུ་སྡེ་ཆུང་ཆུང
ལོ་རྒྱུས་དང་དེབ་ཐེར་གང་ལ་མེད་ཅིང
ཁྱེད་ནི
མི་ཚོགས་ཤིག་གི་རྣམ་ཤེས་འཁྲེང་སའི
གཞིས་ཀ་ཞིག་སྟེ
རི་སྡེ་ལགས
ལྷབ་ལྷུབ་ཏུ་བབ་པའི་ཁ་བ་དང
དལ་དལ་དུ་རྒྱུ་བའི་རླུང་བའི་ཁྲོད་ན
ལྷོད་ཆགས་གེར་གནས་པའི
ཁྱེད་ཀྱི་མཛེས་དཔལ་རེ་རེ་ནི
ང་ཚོའི་མཛེས་སྡུག་དང་ཁོ་ཚོའི་ལོངས་སྤྱོད་ཡིན
དེ་བས་ཕ་ཡུལ་ནི
ཁྱེད་ཀྱི་མིག་ཀོང་དུ་འཁྱིལ་བའི་འཇའ་ཚོན་ཡིན་ན
ཕ་ཡུལ་ནི
ང་ཡི་འཛུམ་ཀོང་དུ་བཞད་པའི་མཛེས་སྡུག་ཅི་ལ་མིན     
  

སེང་གེ་དང་སེང་གེའི་འདྲ་འབག
                            ཀླད་ཕོར།

དགེ་འདུན་ཐུགས་མཐུན་གཏམ་ལ་ཁ་གཡར་ནས།།
སྐྱོན་དང་ཉེས་པ་ཐེར་འདོན་མི་བྱེད་པར།།
ངན་པ་ལང་ཤོར་ཚོགས་ཀྱི་རྒྱབ་སྐྱོར་བ།།
ང་ཡི་ཁོར་ཡུག་འདི་ཡི་ནད་ཅིག་རེད།།
 
གཞན་ངོ་མ་ལོན་ཁྱི་རྒན་བཞིན་དུ་འདུར།།
གཞན་ངོ་མ་དཀར་གཡོག་མོ་བཞིན་དུ་རྒྱུགས།།
རང་གཤིས་མི་གཙང་ཕུང་བོ་ཕྱིར་མི་མངོན།།
རང་ཚུགས་གསེར་ནག་འདྲ་བོ་དུང་དུ་སྦས།།
 
བསམ་པ་མེད་ཀྱང་ཡོད་མདོག་སྟོན་མཁན་དང་།།
སྤྱི་དོན་ཁ་གཡར་རང་དོན་སྒྲུབ་མཁས་པའི།།
རང་ཉིད་སེམས་བཟང་ཡིན་པའི་འགྲེམ་སྟོན་མཁན།།
ཝ་སྐྱེས་སེང་གེར་བརྫུས་པའི་ནད་ཅིག་རེད།།
 
ཆོས་པའི་ཆོས་ཚུལ་སྟོན་ན་ཡག་མོད་ཀྱང་།།
ཆོས་མིན་ཚུལ་འཆོས་བྱེད་པ་གད་མོའི་གནས།།
གཟིགས་སྤགས་བཀབ་པའི་བོང་བུའི་རྣམ་ཐར་ལ།།
སྐྱོ་གར་ཙམ་ལས་དོན་མེད་སྙིང་རྗེའི་གནས།།
 
ལྟ་སྒོམ་ཉམས་ལེན་གྱི་རྟོགས་པ་མེད་ཀྱང་། །
ལུང་རིགས་སྡེ་སྣོད་ཀྱི་འཆད་ཉན་དབེན་ལ། །
གང་འདོད་སུ་ཡིན་ལ་མཆིལ་ཞགས་འཕེན་པའི། །
གོམས་གཤིས་ངན་པ་འདི་ཅི་འདྲིའི་སྐྱོ་བ། །
 
ཡོན་ཏན་ཅན་ལ་སྡང་སེམས་སྐྱེ་བ་དང་།།
ངན་གཡོའི་རིགས་ལ་རྒྱལ་ཁ་སྟེར་བ་སོགས།།
ཀླད་མེད་རྨོངས་འཐོམ་རིགས་ཀྱི་ལས་ཀ་འདི།།
འཁོར་ཡུག་ངན་པའི་ནད་ངན་ཚབས་ཆེན་རེད།།
 
ཐོབ་དང་གོ་ས་ལ་ཧམ་སེམས་སྐྱེས་ཤིང་། །
ཁ་ཡག་ཚིག་སྒྲིག་གི་བྱང་ཆ་ཐོབ་པའི། །
མཁས་པའི་གྲལ་དཀྱིལ་དུ་ང་འོ་སྙམ་པའི། །
དེང་དུས་ཅོལ་ཆུང་གི་རིགས་འདི་སྙིང་རྗེ། །
 
ང་རྒྱལ་ཁེངས་དྲེགས་ཀྱི་མགོ་བོ་མཐོ་ལ། །
བཟང་ངན་བྱ་གཞག་ལ་དབྱེ་བ་མེད་པར། །
ཁེ་འདོད་གྲགས་འདོད་ཙམ་སྙན་པར་དམིགས་པའི། །
དེང་དུས་མཁས་རློམ་དག་གཞི་ནས་མཚར་རོ། །
 
འཚེ་མེད་ཞི་བདེ་ཡི་ལམ་བུ་མི་འཚོལ། །
འདི་མེད་ཕྱི་མེད་ཀྱི་ཕམ་ཁ་ཉོ་བའི། །
བསམ་མེད་གླེན་རྟགས་ལ་དགའ་བའི་མི་རྣམས། །
སྐྱབས་གསུམ་ཀུན་འདུས་ཀྱི་བླ་མས་སྐྱོབས་ཤིག །
 
 

མི་ཚེའི་སྐྱེ་འཚར།
                  ལྕགས་ཀྱུ་མ།

མི་ཞིག་གིས་རང་ཉིད་ཅི་ཡང་མི་ཤེས་པ་ནས་ཤེས་པ་དང་ཤེས་པ་ནས་འཐུས་ཚང་བྱེད་འདོད་ཚེ།  ཅིས་ཀྱང་རྩ་ཚིག་གསུམ་ལག་ལེན་དུ་བསྟར་དགོས།   རང་ཉིད་དམན་སར་འདུག་ཅིང་གཞན་པ་གོང་དུ་བཀུར་མཁས།
མི་ཚེའི་རིན་ཐང་འཚོལ་ཞིང་རང་རྐྱའི་སྒེར་ཚུགས་ཐུབ་པ།   དུས་ཚོད་ཀྱི་རིན་ཐང་རྟོགས་ཤིང་ཕྱོགས་ལྷུང་ལྟ་གྲུབ་མེད་པ།
 
མི་ཞིག་གིས་རང་ཉིད་ཀྱི་མི་ཚེའི་ནང་གི་བྱ་གཞག་ཅིག་ལེགས་འགྲུབ་མོས་ན།  གཞུང་ལུགས་དང་ལག་ལེན་ཟུང་འབྲེལ།  ཐབས་ལམ་དང་གཞི་རྩ་སྲུང་མཁས།   ཚགས་སྒྲིག་དང་ལེགས་ཆ་བསྡུ་མཁས།
 
མི་ཞིག་གིས་རང་ཉིད་ལ་ཕ་རོལ་པོའི་ཡིད་ཆེ་དང་དགའ་བ་ཐོབ་འདོད་ན།
ཕ་རོལ་པོའི་རང་ལ་བུ་ལོན་མཇལ་མིན་མི་བལྟ་བར་ཀུན་སློང་གཙང་མས་འོས་འཚམས་ཀྱི་གཏོང་ལེན་བཅའ་བ།  ཕ་རོལ་པོའི་བྱས་པ་ཨེན་ཙམ་ཡིན་ཡང་དགའ་བས་དང་ལེན་དང་ལན་དུ་ལྡབ་འགྱུར་གྱིས་དྲིན་གཟོ་བཅའ་བ།
དེ་ལས་ཀྱང་གལ་ཆེ་བ་ནི།  རྒྱུན་ལྡན་འཚོ་བའི་ནང་བཅོས་མིན་གྱི་འཛུམ་མདངས་དང་ལྷད་མེད་ཀྱི་འདང་བརྩེ་དབུལ་རྒྱུ་དེའོ།།

               
པདྨའི་ཇ། 
ཞིང་གྲོང་ཞིག་ནས་རྐྱེན་ལམ་དུ་སོང་བའི་བུ་མོ་ཞིག་ལ། 
            རྩོམ་པ་པོ།  རྩྭའི་ལས་དབང་། 
                 སྒྱུར་མཁན།  ཁ་བ་བུ་ཡུག

བུ་མོ།     པདྨའི་ཇ་ཤིང་ལ་མྱུག་གསར་འབུས་ཀྱིན་ཡོད་དམ།
ཁྱོད་ཀྱིས་བདག་ལ་ཇ་གསར་འཐུ་འོང་བར་ཁས་བླངས་ཡོད
སྨད་འབྲིང་ཡུལ་ཚོའི་འཕྲོད་རྟེན་ཁང་དུ
སེང་འབྲུག་སྟག་རྩེའི་ཕོ་བྲང་གི་མདུན་དུ
དར་ལག་གཡང་འཛོམས་ཐོག་ཁང་གི་ཟས་ཅོག་སྟེང་དུ
ཁྱོད་ཀྱིས་བདག་ལ་ཇ་གསར་འཐུ་འོང་བར་ཁས་བླངས་ཡོད
བུ་མོ།    པདྨའི་ཇ་ཤིང་ལ་མྱུག་གསར་འབུས་ཀྱིན་ཡོད་དམ།
སྟོང་ལོ་16པའི་བྱིས་པ་ཚོར་སློབ་ཁྲིད་བྱེད་སྐབས་སུ
17ལོར་འཕྲུལ་རྟ་གཅིག་མི་བཞིས་ཞོན་འོང་པའི་ས་སྲོད་དུ
18ལོར་མཉམ་དུ་བསྲེགས་ཟས་ཟོས་ཏེ་འུར་འཐེན་དུས
ཁྱོད་ཀྱིས་བདག་ལ་ཇ་གསར་ཞིག་སྤྲིངས་བར་ཁས་བླངས་ཡོད
བུ་མོ།    པདྨའི་ཇ་ཤིང་ལ་མྱུག་གསར་འབུས་ཀྱིན་ཡོད་དམ
ཁྱོད་ཀྱིས་བདག་ལ་ཇ་གསར་ཞིག་སྦང་བར་ཁས་བླངས་ཡོད
ཆར་ཞོད་ཆེ་བའི་ཉིན་དེར
ཁྱོད་ཀྱིས་ང་ཤི་རྗེས་སུ་འཕོ་བ་བཏོན་ནས་ཐར་ལམ་སྟོན་ཆོག་ཟེར
དབྱར་ཟླ་དྲུག་པའི་རྩྭ་ཐང་དུ་དགྱེས་འཛོམས་བྱེད་ཉིན
ཁྱོད་ཀྱིས་ང་ནི་ཁ་ཁོག་དང་འཛེམ་བག་གང་ཡང་མེད་པའིི་མི་ཞིག་རེད་ཟེར
མི་འཇིགས་ས་ཞིག་རེད་ཟེར
འོན་ཀྱང་།  བུ་མོ་ལགས།
ཅིས་ཕྱིར་དུ་པདྨའི་ཇ་ཤིང་ལ་མྱུག་གསར་འབུས་མ་ཐག
ཁྱོད་རང་བྲེལ་འཚུབ་ངང་དག་ཞིང་དུ་བུད་སོང
ཅིས་ཕྱིར་དུ་པདྨའི་ཇ་ཤིང་ལ་མྱུག་གསར་འབུས་མ་ཐག
ཁྱོད་རང་འཇིག་རྟེན་འདིའི་དཀའ་སྡུག་གི་འཕག་འཚག་ལ་སུན་སོང
ཅིས་ཕྱིར་དུ་བདག་ལ་ནམ་ཡང་པདྨའི་ཇ་གསར་འཐུང་མི་ཐུབ་པར་བྱས་ཤིང
ནམ་ཡང་པདྨའི་ཇ་གསར་གླེང་སློང་མི་འདོད་པར་བྱས

                           རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease