ཆོས་རྒྱལ་དྲུང་པ་རིན་པོ་ཆེས་མགུར།

     གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི།། ཆོས་རྒྱལ་དྲུང་པ་རིན་པོ་ཆེས།


ཟུར་ཟའི་ཡི་གེ
           གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི།།
                                ཆོས་རྒྱལ་དྲུང་པ་རིན་པོ་ཆེས།

སྤུ་གྲི་སོ་ཡི་སྦྲང་རྩི་བལྡགས།།

མཁས་པའི་མིག་འབྲས་ཡིག་ཆས་བཏོན།།
མཛེས་མས་བཞིན་རས་ངོམ་པས་རྒས།།
དཔའ་བོ་འཇིགས་མ་ཤེས་པས་ཤི།།
འཁོར་བའི་ཆོས་ལ་གད་མོ་བྲོ།།
སྙན་གྲགས་ཆན་རྣམས་འོན་པར་གྱུར།།
བཟོ་བའི་ལག་པ་གྲུམ་བུས་གདུང་།།
ཕྱེ་ལེབ་མར་མེའི་ནང་དུ་མཆོངས།།
ལོང་བ་མེ་སྒྲོན་ཐོགས་ནས་འགྲོ།།
ཞྭ་བོ་རྐང་ཁྲིས་འཁོར་ལོས་རྒྱུག།
བླུན་པོ་གསུང་བཤད་ཟབ་ཅིང་མཁས།།
གད་མོ་ཤོར་བའི་སྙན་ངག་མཁན།།
དབུགས་ཀྱི་རྒྱུ་བ་ཟད་ཉེ་ཀྱང་།།
ཆོས་པ་ཆོས་བཞིན་སྤྱོད་པས་འཁོར།།
ཆོས་མ་སྤྱོད་ན་འཁོར་མི་ཤེས།།
སྡིག་ཅན་ཆོས་བཞིན་འཁོར་མ་ཤེས།།
འཁོར་མ་ཤེས་པ་སྲིད་ཀྱིས་འཁོར།།
རྣལ་འབྱོར་རྣལ་འབྱོར་སྒོམ་པས་འཁོར།།
རྩ་འཁོར་མེད་ན་རྣལ་འབྱོར་མིན།།
ཆོས་རྒྱམ་འཁོར་བ་བལྟས་པས་འཁོར།།
འཁོར་བ་མེད་ན་ཆོས་རྒྱམ་མེད།།
             ༡༩༧༢  ༥  ༢༢


ཐོབ་པ་དང་ཤོར་བ།

 
ཤི་མ་མྱོང་བའི་གསོན་པོ་དེ།།
ཉམས་མྱོང་མེད་པའི་ཕ་རྒན་འདྲ།།
ཤི་ནས་གསོན་པོར་མ་གྱུར་པ།།
གློ་བུར་ལྐུག་པར་གྱུར་པ་འདྲ།།
མཁས་མ་མྱོང་བའི་བླུན་པོ་དེ།།
ལང་ཚོ་མེད་པའི་གཞོན་ནུ་འདྲ།།
བླུན་པོ་མཁས་པར་གྱུར་པ་དེ།།
མུ་ལྟོ་རྒྱལ་པོར་གྱུར་པ་འདྲ།།
སྒོ་ཁྱི་བདག་པོར་གྱུར་པ་དེ།།
གསར་བརྗེའི་རྒྱལ་ཁ་ཐོབ་པ་འདྲ།།
སྒོ་ཁྱི་བདག་པོར་གྱུར་པ་དེ།།
རྨི་ལམ་བཟང་པོ་སད་པ་འདྲ།།
རིང་འདྲིས་གྲོགས་པོ་འཕྲད་པ་དེ།།
རང་གི་མཛད་དེབ་ཀློག་པ་འདྲ།།
གྲོགས་པོ་གསར་པ་རྙེད་པ་དེ།།
གླུ་གཞས་གསར་པ་རྩོམ་པ་འདྲ།།
ཆོས་རྒྱམ་སྙན་ངག་བྲི་བ་དེ།།
རྒྱལ་པོས་དམག་རྩིས་ལེན་པ་འདྲ།།

 
གེ་སར་ལ་བསྟོད་པ།

གོ་ཁྲབ་གསེར་གྱི་རི་མོས་མཛེས་པ་དང།།
རྟ་མཆོག་ཙནྡན་སྒ་ཡིསསྤྲས་པ་འདི།།
དཔའ་བོ་དམག་དཔོན་ཁྱོད་ལ་གུས་པས་འབུལ།།
མཐའ་ཡིས་དམག་དཔུང་འཇོམས་པའི་ཕྲིན་ལས་མཛོད།།
དཔབ་བོ་ཁྱོད་ཀྱི་གཟི་བརྗིད་དེ།།

ཆར་སྤྲིན་དབུས་ཀྱི་གློག་ཞགས ་འདྲ།།
འཇིགས་བྲལ་ཁྱོད་ཀྱི་འཛུམས་མདངས་དེ།།
བཅོ་ལྔའི་ཟླ་བ་ཚེས་པ་འདྲ།།
ཁྱོད་ཀྱི་མཐུ་སྟོབས་ལྡོག་མེད་པ།།
རྒྱ་སྟག་གཟན་ལ་ཆས་པ་འདྲ།།
མང་པོའི་དཔུང་གིས་བསྐོར་བའི་དབུས།།
ཁྱོད་ནི་གཡག་རྒོད་ངར་མ་འདྲ།།
ཁྱོད་ཀྱི་དགྲ་བོར་གྱུར་པ་དེ།།
ཆུ་སྲིན་ཁ་རུ་ཟིན་པ་འདྲ།།
ཕ་མེས་བརྒྱུད་པ་འཛིན་པའི་བུར།།
དཔའ་བོ་ཁྱོད་ཀྱིས་སྲུངས་སྐྱོབས་མཛོད །།

དར་ལམ།
 
ལུག་ཁྱུ་བདེ་བར་བཀྲམ་པའི་སྤང་ལྗོངས་མེ་ཏོག་གཡུ་བཞིན་མཛེས་པས་བཀྲག།
ཁ་ཏྭ་ཏུང་སྒྲ་སྒྲོགས་བཞིན་ཐང་ཤིང་ཡལ་གའི་སྐྱ་གར་གཏམ་གླེང་བག་ཡངས་བྱེད།།
བྲག་དམར་རྒོད་ཚང་ཅན་གྱི་དབུ་རྩེར་ལྷ་ཐོའི་དར་ཆ་རླུང་གིས་བསྐྱོད་ལ་ལྟ།།
འབྲོག་པའི་ཕྱུགས་ལྷས་ནག་པོར་སྦྲ་ཁྱིམ་རྩེ་ནས་དུད་པ་སྔོན་པོ་དལ་བུས་ལང་།།
བླ་མཆོད་མགྲོན་དུ་ཕེབས་པའི་རྔ་དང་དུང་གི་རོལ་མོས་གྲགས་ཆ་རྒྱང་ནས་སྒྲོགས།།
ས་མཐོ་བོད་ཀྱི་གངས་ཅན་ཡུལ་ལྗོངས་མཇལ་བས་དགའ་སྐྱོའི་བློ་སྣ་ལྡོག་ཏུ་མེད།།
ལ་མོ་སྟོང་ཕྲག་བརྒལ་ཀྱང་ས་མཐའ་མ་མཐོང་རླུང་གི་བཤུད་གླུར་ཉན་བཞིན་བསྐྱོད།།
ཆུ་བོ་སྟོང་ཕྲག་བརྒལ་ཀྱང་གནམ་མཐའ་མ་རྙེད་ཆུ་སྒྲའི་གཏམ་འཆལ་ཉན་པས་སུན།།
ཐག་རིང་འབྲོག་པའི་སྦྲ་ནག་མཐོང་བར་འདུན་པ་གཏད་ནས་བསྐྱོད་ཀྱང་སླེབ་རྒྱུ་མེད།།
རྟ་དྲེལ་ངལ་དུབ་ཆེ་བས་རྩྭ་ཆུ་མེ་ཤིང་འཛོམས་སར་སྡོད་གུར་བརྒྱབ་ན་བསམ།།
                       ༡༩༧༢  ༡༡   ༡༠
 
མི་ཡི་སྲིད་པ་མངོན་པར་ཤར། །
དེ་ཚེ་གྲོལ་དང་འཁྲུལ་བ་འབྱུང་། །
གདོད་ནས་གྲོལ་བའི་གཟི་བརྗིད་ལ། །
དོགས་སྐྲག་ཐེ་ཚོམ་ཤར་བའི་ཚེ། །
སྡར་མའི་ཁྱུ་ཚོགས་ཇི་སྙེད་བྱུང་། །
གདོད་ནས་གྲོལ་བའི་གཟི་བརྗིད་ལ། །
སྤྲོ་ཞིང་རྗེས་སུ་འབྲང་བའི་ཚེ། །
དཔའ་བོའི་ཁྱུ་ཚོགས་ཇི་སྙེད་བྱུང་། །
སྡར་མའི་ཁྱུ་ཚོགས་མང་པོ་དེ། །
བྲག་ཕུག་ནགས་ཀླུང་དག་ཏུ་ཡིབ། །
སྤུན་ཟླ་བསད་ནས་ཤ་ལ་ཟོས། །
དུད་འགྲོ་རྣམས་ཀྱི་རྗེས་སུ་འབྲངས། །
གཅིག་གིས་གཅིག་ལ་འཇིགས་སྐྲག་བསླངས། །
དེ་ཚེ་རང་སྲོག་རང་གིས་བཅད། །
ཞེ་སྡང་མེ་དཔུང་ཆེན་པོ་སྦར། །
འདོད་ཆགས་ཆུ་བོ་རྟག་ཏུ་འུར། །
ལེ་ལོའི་འདམ་རྫབ་ངན་པར་འཕྱོ། །
ནད་དང་མུ་གེའི་བསྐལ་བ་བྱུང་། །
གདོད་མའི་གཟི་བརྗིད་ལ་གུས་པའི། །
དཔའ་བོའི་ཁྱུ་ཚོགས་མང་པོ་རྣམས། །
ལ་ལ་ས་མཐོའི་རི་བོར་ཕྱིན། །
ཤེལ་གྱི་གསེས་མཁར་མཛེས་པ་བརྩེགས། །
ལ་ལ་མཚོ་གླིང་མཛེས་པར་ཕྱིན། །
ཡིད་དུ་འོང་བའི་ཕོ་བྲང་བརྩེགས། །
ལ་ལ་བདེ་བའི་ཐང་ལ་ཕྱིན། །
ནས་འབྲས་གྲོ་ཡི་སོ་ནམ་གཞོལ། །
ཀུན་ཀྱང་རྟག་ཏུ་རྩོད་པ་མེད། །
རྟག་ཏུ་བྱམས་ཤིང་གཏོང་ཕོད་ཆེ། །
མ་བསྐུལ་རང་བྱུང་སྤྱང་གྲུང་གིས། །
གོང་མ་རིགས་ལྡན་རྟག་ཏུ་གུས། །
དོགས་སྐྲག་ཅན་གྱི་སེམས་ཉིད་དེ། །
བྱམས་པའི་མཛངས་ར་དག་ཏུ་བཅུག །
རྟག་ཏུ་ཐེ་ཚོམ་མེད་པ་ཡི། །
ཟབ་ཅིང་གསལ་བའི་འོ་མ་བསྣུན། །
འཇིགས་པ་མེད་པའི་གྲིབ་བསིལ་དུ། །
དགའ་ཞིང་སྤྲོ་བའི་རླུང་གཡབ་གཡོབ། །
དེ་ནས་ན་ཚོད་རྒྱས་པ་ན། །
སྲིད་པའི་ཟློས་གར་སྣ་ཚོགས་ཀྱིས། །
རང་བྱུང་རྩེད་མོའི་ར་བར་ཁྲིད། །
དེ་ལས་ན་ཚོད་ཆེར་རྒྱས་པས། །
གདོད་མའི་གཟི་བརྗིད་སྤེལ་བའི་ཕྱིར། །
དཔའ་བོའི་མདའ་ར་དག་ཏུ་ཁྲིད། །
དེ་ལས་ན་ཚོད་ཆེར་རྒྱས་པས། །
གདོད་མའི་རང་གཤིས་སད་པའི་ཕྱིར། །
མཛེས་ཤིང་གཟི་བརྗིད་ལྡན་པ་ཡི། །
མི་ཡི་སྲིད་པར་བལྟ་རུ་བཅུག །
དོགས་སྐྲག་ཅན་གྱི་སེམས་དེ་ཉིད། །
དཔའ་བོའི་སེམས་ལ་འགྱུར་སྲིད་ཅིང་། །
རྟག་ཏུ་གཞོན་པའི་གཟི་བརྗིད་དེ། །
ཐོག་མཐའ་མེད་པའི་མཁའ་རུ་བརྡལ། །
དེ་ཚེ་ཤར་ཆེན་ཉི་མ་མཐོང་། ། ཞེས་སོ། །
 
                               རྩོམ་སྒྲིག་པ། མྱི་གསར་བ།