ལོ་ཆེན་བཻ་རོ་ཙ་ནའི་ཞེ་བློ་བདེ་བའི་མགུར།

     ལོ་ཆེན་བཻ་རོ་ཙ་ནས་གསུངས


ལོ་ཆེན་བཻ་རོ་ཙ་ནའི་ཞེ་བློ་བདེ་བའི་མགུར། 


           ལོ་ཆེན་བཻ་རོ་ཙ་ནས་གསུངས།
ཞབས་ཏོག་རྣམ་གསུམ་བླ་མ་བསྟེན་པ་འདི༔
བཻ་རོ་ཙ་ན་པཎ་ཆེན་འཛོམས་པ་འདྲ༔
ཁོ་བོའི་གཏུག་ས་འདི་རྣམས་དགྱེས་པ་ན༔
གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ༔
 
ཤེས་རབ་རྣམ་གསུམ་མདོ་རྒྱུད་བལྟ་བ་འདི༔
རིན་ཆེན་གླིང་དུ་ཚོང་དཔོན་ཕྱིན་པ་འདྲ༔
ལུས་སྲོག་ལོངས་སྤྱོད་ཆོས་ཕྱོགས་སོང་བ་ང་༔
ཚེ་འདིར་སྡུག་ཅིང་ཕོངས་ཀྱང་ཞེ་བློ་བདེ༔
 
བསླབ་པ་གསུམ་གྱིས་ལེགས་པར་བརྒྱན་པ་འདི༔
རྒྱལ་པོའི་ལྷ་གཅིག་བག་མར་ཕྱིན་པ་འདྲ༔
རང་གི་ཆོས་ཚུགས་དྲང་པོར་ཟིན་པ་ང་༔
གཞན་གྱིས་ངན་སྨྲས་བརྗོད་ཀྱང་ཞེ་བློ་བདེ༔
 
སྡེ་སྣོད་གསུམ་ལ་ལྟད་མོ་བལྟ་བ་འདི༔
མུན་པའི་གླིང་དུ་སྒྲོན་མེ་བཏེགས་པ་འདྲ༔
རྐྱེན་བསྐུལ་དགྲ་ལ་བཟོད་པ་སྒོམ་པ་ང་༔
གཞན་དོན་མ་ཕེར་ཟེར་ཡང་ཞེ་བློ་བདེ༔
 
ལུས་ངག་ཡིད་གསུམ་ཆོས་ལ་འཁོར་བ་འདི༔
ཐག་རིང་མགྲོན་པོ་ཕ་ཡུལ་སླེབས་པ་འདྲ༔
རྟག་ཏུ་དགེ་སྦྱོར་དག་ལས་མ་ཡེངས་ང་༔
མི་རྗེས་མ་སླེབས་ཟེར་ཡང་ཞེ་བློ་བདེ༔
 
ཐོས་བསམ་སྒོམ་པ་ཕྱོགས་མེད་བྱས་པ་འདི༔
ནམ་མཁའི་དཀྱིལ་དུ་མདུང་བསྐོར་བྱས་པ་འདྲ༔
ཕྱི་ནང་ཆོས་ཀྱི་སྒྲོ་འདོགས་ཆོད་པ་ང་༔
ཆོས་ཀུན་མི་ཤེས་ཟེར་ཡང་ཞེ་བློ་བདེ༔
 
ཨ་ཏི་རྟོགས་པའི་རྣལ་འབྱོར་འཕྱོ་བ་འདི༔
གཞན་དྲིང་མེད་པའི་ཁྲི་མུན་ཐར་བ་འདྲ༔
ཉན་འཆད་སྒོམ་ལ་མཁས་པར་གྱུར་པ་ང་༔
མི་ཆོས་མི་མཁས་ཟེར་ཡང་ཞེ་བློ་བདེ༔
 
རང་བས་གཞན་ལ་གཅེས་པར་འཛིན་པ་འདི༔
བྱང་ཆུབ་སེམས་དཔའི་དགེ་སྦྱོར་སྐྱེས་རབས་འདྲ༔
ངོ་བསྲུང་ཕྱོགས་སུ་གདམས་ངག་མི་སྟེར་ང་༔
མི་སེམས་མ་ཟིན་ཟེར་ཡང་ཞེ་བློ་བདེ༔
 
སྦྱིན་པ་གསུམ་གྱི་རྒྱགས་ཕྱེ་སྒྲུབ་པ་འདི༔
དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་འདྲ༔
ཅི་ཡོད་བླ་མའི་ཕྱོགས་སུ་འབུལ་བ་ང་༔
ལྟོགས་གྲི་འཁྱགས་གྲིར་ཤི་ཡང་ཞེ་བློ་བདེ༔
 
ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིད་པ་འདི༔
འཇིགས་པའི་འཕྲང་ལ་ལམ་རྒྱ་གཙུགས་པ་འདྲ༔
བཟང་ངན་འབྲིང་གསུམ་གོང་དུ་འཁུར་བ་ང་༔
འཁོས་མེད་ཉམ་ཆུང་ཟེར་ཡང་ཞེ་བློ་བདེ༔
 
བཟོད་པ་གསུམ་གྱི་གོ་ཆ་གྱོན་པ་འདི༔
བཙན་པོའི་མཁར་ལ་རུས་སྦལ་འཛེགས་པ་འདྲ༔
འཇིག་རྟེན་བྱ་བ་ཐམས་ཅད་བློས་བཏང་ང་༔
ཁེ་ཉེན་དབང་ཆུང་ཟེར་ཡང་ཞེ་བློ་བདེ༔
 
བརྩོན་འགྲུས་གསུམ་གྱི་རྟ་བཟང་རྒྱུག་པ་འདི༔
མཚང་ཅན་མི་དང་ཡུས་ཆེན་འཕྲད་པ་འདྲ༔
ཞོགས་པའི་ཡུལ་དུ་མི་སྐྱོ་ཚུགས་པ་ང་༔
འགྲོ་ས་མ་བྱུང་ཟེར་ཡང་ཞེ་བློ་བདེ༔
 
བསམ་གཏན་གསུམ་གྱི་ས་མཁར་འཛིན་པ་འདི༔
སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་འདྲ༔
སེམས་ཀྱི་གཞི་རྩ་ལེགས་པར་ཆོད་པ་ང་༔
ལྟ་ལོག་ཆོས་མིན་ཟེར་ཡང་ཞེ་བློ་བདེ༔
 
བསླབ་གསུམ་ལྡན་ཞིང་སྤོབས་པས་ཁྱོགས་པ་འདི༔
རི་རབ་རྩེ་ནས་རི་ཕྲན་མཐོང་བ་འདྲ༔
ཐེག་པའི་འཇུག་སྒོ་ཀུན་རྫོགས་རྫོགས་ཆེན་ང་༔
མུ་སྟེགས་ཕྲ་མེན་ཟེར་ཡང་ཞེ་བློ་བདེ༔
              རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease