ཨ་འབུམ་བན་ཆུང་མཆོག་གྲུབ་ལ་གདམས་པ་བཞུགས་སོ།།
ཁྲག་འཐུང་བདུད་འཇོམས་གླིང་པ།
རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག །
མགོན་རིགས་བརྒྱའི་ཁྱབ་བདག་མཚོ་སྐྱེས་རྗེ།།
གནས་མི་འབྲལ་ཆོས་ཀྱི་འཁོར་ལོ་རུ།།
དུས་གསུམ་དུ་རྟག་བཞུགས་རྗེས་སུ་ཟུངས།།
འཁོས་ཆུང་མོད་ཉམ་ཐག་རྒད་པོའི་གཏམ།།
ད་ཁྱོད་ལ་ངེས་པར་དགོས་གལ་ན།།
ངས་འཆོལ་གཏམ་ལད་མོ་གྱེར་ཡང་གྱེར།།
དོན་དལ་འབྱོར་མི་ལུས་ད་རེས་ཐོབ།།
དེའི་ཡོན་ཏན་མ་བརྗེད་དྲན་པས་ཟུངས།།
འདི་ཐར་ལམ་བསྒྲོད་པའི་ཤིང་རྟ་ཡིན།།
ཡུལ་སྲིད་མཚོར་བརྒལ་བའི་གྲུ་གཟིངས་ཡིན།།
དུས་གཏན་གྱི་བསོད་ནམས་བསགས་རྟེན་ཡིན།།
མཆོག་ཐུན་མོང་དངོས་གྲུབ་བསྐུལ་མ་ཡིན།།
ཡར་བདེ་ཆེན་མྱུར་ལམ་སྐྱེལ་མ་ཡིན།།
འདི་ཐོབ་པ་སྔོན་གྱི་དགེ་འབྲས་ལགས།།
དེང་འཁོར་འདས་གཉིས་ཀྱི་ས་མཚམས་ཡིན།།
དེ་གང་བསྒྲོད་གང་ཟག་ཁྱོད་ལ་རག །
ཚེའི་སྟོད་ཆ་དོན་མེད་ལས་ལ་ཟད།།
ད་ཚེ་མཇུག་དགུང་ཁའི་ཉི་ཞུར་ཙམ།།
ལས་བདེ་སྡུག་གང་བྱེད་རང་ལ་རག །
རང་འཆི་བའི་ནངས་བར་བབ་པའི་ཚེ།།
སྟོང་གསུམ་པོའི་ནོར་གྱིས་འཚང་བ་མིན།།
བློ་མི་བདེ་དུང་ངེ་ཕྱི་མར་འགྲོ།།
གཉེན་རྩ་ལག་གང་གིས་སྐྱོབ་པ་མིན།།
དེ་མ་བརྗེད་མྱུར་དུ་ཆོས་ལ་འབུངས།།
མི་གཅིག་གི་ལྟོ་གོས་མི་འགྲུབ་སེམས།།
ཡུལ་གཞན་ལ་ཁྱི་བཞིན་ཉུལ་ཉུལ་ཡང་།།
དེར་ཆོག་ཤེས་རན་ཙམ་སྐྱེ་དུས་མེད།།
མཐར་བདུད་ཀྱི་དབང་དུ་འགྱུར་ཉེན་ཆེ།།
ནོར་བསགས་ཀྱང་གཞན་གྱི་ཧབ་ཐོབ་བྱེད།།
ཚེ་འདི་ནི་རྨི་ལམ་གནས་སྐབས་འདྲ།།
དེ་ཙམ་ལས་གཏན་དུ་སྡོད་མ་སེམས།།
དེང་བསྐལ་བ་སྙིགས་མའི་མར་བཤམ་འདིར།།
ཚེ་ཚད་ལ་ངེས་པ་མེད་ལུགས་དང་།།
ཕ་མཚན་ལྡན་བླ་མ་དཀོན་ལུགས་དང་།།
ཆོས་ལྟ་སྒོམ་ཐོས་པ་ཉུང་ལུགས་དང་།།
དོན་ཡང་དག་འགྲུབ་པ་མེད་ལུགས་ལ།།
ཚུལ་དཔོག་སྟེ་མྱུར་དུ་ཆོས་འབུངས།།
མི་གཅིག་གིས་ཚེ་གཅིག་ལས་མི་ཐུབ།།
ལས་བྱ་བྱེད་མང་པོ་འགྲུབ་ཁོམ་མེད།།
སྤྱོད་མདོ་མེད་ཚེ་གཅིག་དཀོར་ནག་དང་།།
ལས་ཟད་མེད་ཚོང་ཁེའི་བན་རྒོད་ཚོའི།།
རྗེས་མ་འབྲངས་རང་ཚོད་རང་གིས་ཟུངས།།
ཆེ་གྲགས་འདོད་འདྲེ་བརྡུང་གཅོད་པ་དང་།།
རང་བརླག་པའི་དམྱལ་མཁན་བླ་ཆེན་གཟུགས།།
ཆེ་འདོད་ཕྱིར་གྲུབ་མཐའ་ཆགས་སྡང་བའི།།
རྗེས་མ་འབྲངས་རང་ཚོད་རང་གིས་ཟུངས།།
དཔེ་ཧྲུལ་པོས་བསླུས་པའི་བསམ་མེད་དང་།།
རང་མགོ་འཁོར་གཞན་བཅོས་སློབ་དཔོན་དང་།།
མཁས་རློམས་པའི་ཅོར་ཆུང་སྙིང་མེད་ཀྱི།།
རྗེས་མ་འབྲངས་རང་ཚོད་རང་གིས་ཟུངས།།
གནས་མཐུན་རྐྱེན་འཛོམས་པའི་སྐྱིད་ཚལ་དུ།།
ལུས་མ་བཅོས་མི་རོ་ལྟ་བུར་བཞག །
ངག་མ་བཅོས་ལྐུག་པ་བཞིན་དུ་བཞག །
སེམས་མ་བཅོས་སྤྲོས་མཐའ་བྲལ་བར་ཞོག །
དེ་མཉམ་བཞག་ཀུན་གྱི་ཡང་རྩེ་ཡིན།།
ལས་སྤྱོད་ལམ་གང་དང་གང་གི་ཚེ།།
ཡེ་བརྡལ་ཁྱབ་ཤེས་རབ་ཆེན་པོ་རུ།།
ངར་རང་གནས་ཡེ་ཤེས་རང་དབང་བ།།
དོན་རྗེས་ཐོབ་ཀུན་གྱི་དམ་པ་ཡིན།།
ཉམས་བདེ་སྡུག་བཟང་ངན་གང་ཤར་ཡང་།།
དེ་བཅོས་བསྒྱུར་མེད་པར་རང་སར་ཞོག །
ངོ་ཤེས་ན་ཞེན་པ་མེད་པ་གནད།།
འདི་གདམས་ངག་ཀུན་གྱི་ཡང་རྩེ་ཡིན།།
བློ་རིང་པོའི་སྣ་ཁ་བསྟུང་བྱས་ནས།།
དུས་མྱུར་དུ་འཆི་ཆོས་ཤིག་ལ་རེམ།། ཨེ།།
འཁོར་འདས་ཀྱི་ཆོས་ཀུན་ཆོས་ཉིད་ཀྱི་མཁའ་རུ།།
ཡུལ་མེད་དུ་ཟང་ཐལ་ངོ་མ་ཞིག་རེད་ན།།
བདག་མེད་ཀྱི་ཤེས་རབ་བླ་མ་རུ་བཞུགས་ཡོད།།
ལྟ་བ་ཡི་རྒྱལ་པོ་རང་ས་ན་ཨེ་རི།། ཧེ་ཧེ།།
གདོད་མ་ཡི་གནས་ལུགས་རང་ངོ་རུ་འཕྲོད་ནས།།
བསྒོམ་བསྒྲུབ་ཀྱང་མི་དགོས་རང་དབང་ལ་ཡན་གཏོང་།།
ཡེ་གྲོལ་གྱི་སངས་རྒྱས་རང་ཐོག་ཏུ་ཕེབས་པས།།
བདེ་སྐྱིད་ཀྱི་གཏན་སྲིད་ངེས་པ་ཞིག་འདི་ན།། ཧོ་ཧོ།།
ངང་གནས་ཀྱི་ཡེ་ཤེས་ཆུ་རྒྱུན་བཞིན་བར་མེད།།
དགག་སྒྲུབ་ཀྱང་མི་དགོས་བྱ་བྱེད་ཀུན་ཆམ་བཞག །
བཟང་ངན་གྱི་སྤྱོད་པ་བྱེད་དོན་ཡང་ཅི་ཡོད།།
བྱུང་རྒྱལ་གྱི་སྤྱོད་པ་མ་བཅོས་ངོ་མ། ཡ་ཡ།།
ལྷུན་གྲུབ་ཀྱི་ཡེ་གདངས་ལོངས་སྤྱོད་ཀྱི་འཁོར་ལོར།།
ཤེས་རབ་ཀྱི་མིག་ལ་ལྟད་མོ་རུ་མངོན་པའི།།
གོང་འཕེལ་གྱི་རོལ་བ་ཚད་ཕེབ་ཏུ་སྨིན་ཅིང་།།
ཆོས་ཟད་ཀྱི་རྣལ་འབྱོར་བདེ་སྐྱིད་ལ་ཡན་བརྡལ།། ཡེ་ཡེ།།
ཆོས་ཟད་ཀྱི་རྣལ་འབྱོར་བུམ་སྐུ་རུ་ལྡང་ནས།།
ཡེ་རྫོགས་ཀྱི་ཡོན་ཏན་མངོན་གྱུར་དུ་གདེང་ཐོབ།།
ཆོས་སྐུ་ཡི་རྒྱལ་པོ་ངོ་བོ་རང་ཉིད་ལས་མེད་པའི།།
རང་བྱུང་གི་ཡེ་ཤེས་རང་དབང་དུ་བསྒྱུར་ནས།།
འཆུག་མེད་དུ་སྐྱིད་ཉམས་ངོ་མ་ཞིག་གྱིས་དང་།།
རྣམ་མཁྱེན་གྱི་ལམ་ལ་གྲོལ་འགྱུར་ནི་ངོ་མ།།
ཁྱོད་རང་གིས་བསྐུལ་ངོ་བཟློག་ཐབས་ནི་མ་ཡོད།།
བླུན་པི་ཡི་ཐ་ཤལ་བདུད་འཇོམས་ཀྱི་རྡོ་རྗེས།།
སྨྱོ་འཆོལ་གྱི་ཚུལ་ལྡན་གླུ་ཆུང་བླང་ཡོད།།
ཨ་འབུམ་གྱི་བན་ཆུང་ལ་མཆོག་གྲུབ་ལ་སྟེར་གཏོང་།།
དགེའོ། དགེའོ།།
གོ་ཁྲབ་ཀྱིས་ཡི་གེར་ཕབས།
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease