རྫོགས་ཆེན་ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས།

    ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།


རྫོགས་ཆེན་ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས་ལས་ཚན་བཤུས།

                   ཞབས་དཀར་ཚོགས་དྲུག་རང་གྲོལ།


ཨེ་མ་ཧོ།
ད་ཡང་སྐལ་ལྡན་སྙིང་གི་བུ་རྣམས་ཉོན།།
སེམས་ཞེས་བྱ་བའི་ཡོངས་གྲགས་སྒྲ་བོ་ཆེ།།
ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ།།
འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་།།
འདོད་ནི་ཐེག་པའི་རྣམ་གྲངས་མང་དུ་ཡོད།།
མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས།།
 
སོ་སོ་སྐྱེ་བོ་རྣམས་ཀྱིས་ང་ཡང་ཟེར།།
མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས།།
ཉན་ཐོས་པ་ཡིས་གང་ཟག་བདག་མེད་ཟེར།།
སེམས་ཙམ་པ་ཡིས་སེམས་ཞེས་མིང་དུ་བཏགས།།
ལ་ལས་ཤེས་རབས་ཕ་རོལ་ཕྱིན་པ་ཟེར།།
ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས།།
ལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས།།
ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས།།
ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས།།
ལ་ལས་ཆོས་ཀྱི་དབྱིངས་ཞིག་མིང་ཏུ་བཏགས།།
ལ་ལས་ཀུན་གཞི་ཞེས་པ་མིང་དུ་བཏགས།།
ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས།།
མིང་ནི་བསམ་གྱིས་མི་ཁྱབ་ཅི་བཏགས་ཀྱང་།།
དོན་ལ་འདི་ཉིད་ཡིན་པས་ཤེས་པར་གྱིས།།
 
ཁྱེད་རྣམས་སེམས་ཉིད་རང་སར་གློད་པ་ཞོགས།།
བཞག་དུས་ཐ་མལ་ཤེས་པ་རྗེན་ན་བ།།
བལྟས་པས་མཐོང་རྒྱུ་མེད་པས་ས་ལེ་བ།།
རིག་པའི་མངོན་སུམ་ས་ལེ་ཧྲིག་གེ་བ།།
ཅིར་ཡང་མ་གྲུབ་སྟོང་ཞིག་སེང་ངེ་བ།།
གསལ་སྟོང་གཉིས་སུ་མེད་པའི་ཡེ་རེ་བ།།
རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད།།
ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ།།
གཅིག་པུ་མ་ཡིན་དུ་མ་རིག་ཅིང་གསལ།།
དུ་མ་མ་ཡུན་དབྱེར་མེད་རོ་གཅིག་པ།།
གཞན་ན་མེད་དེ་རང་རིག་འདི་ཉིད་དོ།།
 
སྙིང་དབུས་བཞུགས་པའི་གདོད་མའི་མགོན་པོའི་ཞལ།།
མངོན་སུམ་ད་ལྟའི་དུས་འདིར་མཐོང་བ་ཡིན།།
འདི་དང་འབྲལ་མེད་གྱིས་ཤེས་སྙིང་གི་བུ།།
འདི་མིན་གཞན་ལས་ལྷག་པ་སུ་འདོད་པ།།
གླང་པོ་རྙེད་ཀྱང་གླང་རྗེས་འཚོལ་བཞིན་དུ།།
སྟོང་གསུམ་ཐམས་ཅད་ཐགས་སུ་བཏགས་ན་ཡང་།།
སངས་རྒྱས་མིང་ཙམ་རྙེད་པར་མི་འགྱུར་རོ།།
དངོས་གཞིའི་གནས་ལུགས་དོན་གྱི་ངོ་སྤྲོད་དོ།།
     འདན་མ་བསམ་དགས་ཡི་གེར་ཕབས།
                   རྩོམ་སྒྲིག་པ། འབར་བློ་དཀར། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease