རྟ་བཤད་རིན་ཆེན་རྒྱན་དྲུག

    རྒན་པོའི་ངག་སྒྲོས་ཚན་བཤུས།


ར་བཤད་རིན་ཆེན་རྒྱན་དྲུག་ཅེས་བྱ་བ།  

                
རྒན་པོའི་ངག་སྒྲོས།


དང་པོ་འདོ་བའི་འབྱུང་ཁུངས་བཤད།།
བྲག་ཐོག་བྱ་རྒྱལ་རྒོད་པ་དེས།། 
སྤྲེལ་མོ་ཞིག་ལ་ཆགས་པ་སྤྱད།།
སྒོ་ང་ལྔ་ཙམ་རྡོལ་བའི་རྗེས།།
འདོ་བའི་རིགས་ལ་མི་འདྲ་བ།།
གྱི་ལིང་ཆེ་ཆུང་གཉིས་ལ་སོགས།།
རྟ་ཡི་རིགས་ལ་བཅུ་ཙམ་བྱུང་།། ཞེས་དང་།
 
གནམ་ལ་འཕུར་བའི་གྱི་ལིང་རྟ།།
ས་ལ་བབ་ནས་རྒུན་བུ་འཐུ།།
དྲང་སྲོང་གཅིག་གིས་དམོད་ངན་དེས།།
མགོ་ནག་མི་ཡི་ཞོན་པར་གྱུར།། ཞེས་སོ།
 
ཕོ་རབ་བསོད་ནམས་རང་འཁོར་ཅན།།
ཅང་ཤེས་རྟ་ཕོ་འཚོལ་བ་ལ།།
བཤད་པའི་ཚུལ་དང་མ་འདུས་པར།།
འདོ་བའི་ཡག་བཞིན་ཤེས་དགོས་ཟེར།།
རྟ་རབ་ཅིག་གི་མགོ་བོ་ལ།། 
སྲོག་ཆགས་བདུན་གྱི་གཟུགས་བརྙན་ཚང་།།
རྣ་བུག་ཇག་པའི་སྐུང་ལུང་ལ།།
རྣ་རྩེ་རྒོད་ཀྱི་ཐུལ་ཕྲན་དགོས།།
བྲེ་སེར་འབྲོང་གི་དཔྲལ་ཞེང་ལ།།
སྦལ་རྒན་རྒྱ་བོའི་མིག་ཕོར་དང་།།
ཞེ་སྡང་སྦྲུལ་གྱི་མིག་འབྲས་དགོས།།
མཁའ་ལྡིང་ཁྱུང་གི་གདོང་པ་ལ།།
སེང་གེ་དཀར་མོའི་སྣ་ཁུག་དང་།།
འཇུ་རུ་ཤ་བའི་མ་ནེ་དགོས།།
རྟ་རབ་གཅིག་གི་གཟུགས་བཞི་ལ།།
སེམས་ཅན་དགུ་ཡི་ཡག་དགུ་ཚང་།།
ཁྲ་བྲང་ཁྱུང་སྐེ་ཡུ་མོ་མགོ།
སྟོད་ཀྱི་ཡག་སུམ་དེ་ན་ཚང་།།
ཤྭ་སྤུ་གླང་གྲོད་ཉ་མོའི་རྒྱབ།།
བར་གྱི་ཡག་སུམ་དེ་ན་ཚང་།།
བ་རྔ་ཤྭ་རྗང་རྒོ་བོ་དྲུག།
སྨད་ཀྱི་ཡག་སུམ་དེ་ན་ཚང་།།

རྟ་མགོ་རས་པའི་མཆོད་རྟེན་ལ།།
ཤ་གྱི་ཐོག་ཙམ་ཞིག་མེད་ན་བཟང་།།
མགོ་ཡི་རྟགས་ཏེ་རྣ་བ་ཡིན།།
མཐོ་བ་བས་ཀྱང་དམའ་ན་བཟང་།།
རྣ་རྩེ་བདུད་ཀྱི་སོ་བ་ཡིན།།
རྣ་རྐེད་ཇག་པའི་སྐུང་ལུང་ལ།།
རྣ་འདབས་ལྕགས་ཀྱི་སྦུག་གུ་དགོས།།
མཇུག་གི་རྟགས་ཏེ་རྔ་མ་ཡིན།།
མདའ་བ་བས་ཀྱང་མཐོ་ན་བཟང་།།
རྔ་མ་བྲག་ཐོག་ཆུ་ཕྱར་ལ།།
རྔ་རྟགས་མུ་ཏིག་བསྟར་འདྲ་ལ།།
རྔ་སྣེ་མེ་ཏོག་གཏོར་འདྲ་དགོས།།
 
མགོ་བོ་དངུལ་ཆུང་དྲིལ་ཡག་ལ།།
རྣ་མཆོག་ལོག་ནས་བཏགས་འདྲ་དགོས།།
ཡ་མཆུ་པོ་ཏིབརྩིགས་འདྲ་ལ།།
རྣ་མཆོག་ལོག་ནས་བཏགས་འདྲ་དགོས།།
དུང་སོ་གའུ་ཁ་སྦྱོར་ནི།།
གཡང་དཀར་ཐང་ལ་བསྒྲིགས་འདྲ་དགོས།།
ལྟོ་བ་ཆུ་སྐྱེས་བུམ་པ་ལ།།
སིག་བཞི་ལོག་ནས་བཏགས་འདྲ་དགོས།།
རྐང་ལག་ཤིང་སྐམ་སྡོང་བོ་ལ།།
རྨིག་བཞི་ལོག་ནས་བཏགས་འདྲ་དགོས།།
བྲང་ཡར་ལྷ་ཁང་སྒོ་ཕྱེས་ལ།།
སོག་པ་མཛོ་རྒན་ཤ་ཤོར་དགོས།།
སྒལ་བ་ཉ་མོའི་རྒྱབ་འདྲ་ལ།།
རྒྱིད་པ་རྒྱ་ཟོར་འགུགས་འདྲ་དགོས།།
རྨིག་པ་ལྕགས་འཁོར་བསྒོར་འདྲ་དང་།།
མཚོས་སྤེན་ཅ་ལ་བསྟར་འདྲ་དགོས།།
རྔ་མ་བྲག་ཐོག་ཆུ་ཕྱར་དགོས།།
རྔ་རྩེ་ཕོ་རོག་ཆུ་འཐུང་དགོས།།
ཤྭ་རྒན་འདྲ་ལེའི་ཉྭ་ཞིག་དགོས།།
རྒོད་རྒན་འདྲ་ལེའི་ལྟོ་བ་དགོས།།
རྒོ་བོ་འདྲ་ལེའི་དྲུག་ཞིག་དགོས།།
 
སྟོད་ལྷུ་བཞིའི་འཐེན་ཐག་ཟེ་ན་ཡོད།།
ཟེ་ལབ་རྩེ་བཞིན་དུ་མཐོ་ན་བཟང་།།
སྨད་ལྷུ་བཞིའི་འཐེན་ཐག་ཉྭ་ན་ཡོད།།
ཉྭ་རྒྱ་ཟོར་ཙམ་ཞིག་འགུགས་ན་བཟང་།།
སྔུན་ནས་བལྟས་ན་ཧང་སེ་ཡོད།།
ཤྭ་ཡུ་མོས་ཁྱི་སྐད་ཉན་འདྲ་དགོས།།
ཟུར་ནས་བལྟས་ན་མེར་སེ་ཡོད།།
འབྲོང་བྲེ་སེར་རྫ་ནས་འགྱིང་འདྲ་དགོས།།
རྒྱབ་ནས་བལྟས་ན་རྒུར་སེ་ཡོད།།
མགོ་རྒུར་ནས་རྒུམ་འབུ་འཐུ་བ་འདྲ།།
སྣོད་གསུམ་ཆེ་དགོས་རྐོང་གསུམ་ཆུང་།།
མིག་ཕོར་འབེར་ཁ་རྨིག་པ་ཆེ།།
མིག་རྡོ་ལྡོང་སྦལ་ཆུང་ན་བཟང་།།
གཉིས་ནི་རིང་ལ་གཅིག་ཐུང་དགོས།།
བཞི་ནི་ཕྲ་ལ་གཟུགས་བོངས་ཆེ།།

རྣ་རྩེ་གཉིས་ཀ་རིང་བ་དང་།།
སྐེ་ནི་ཐུང་དགོས་སུག་བཞི་ཕྲ།།
ལུས་བོངས་ཆེ་བའི་རྟ་མཆོག་ཡག །
རྟ་རབ་རྐྱང་དང་སེང་གེ་འདྲ།།
རྟ་འབྲང་ཤ་བ་རྒོ་བ་འདྲ།།
རྟ་མཐའ་བྱི་བ་གྲུམ་པ་འདྲ།།
གྱིི་ལིང་གནམ་ས་རྣམ་པ་གཉིས།།
གནམ་གྱི་གྱི་ལིང་སེང་གེ་འདྲ།།
གང་ནས་བལྟས་ཀྱང་བཞི་ཟུར་ཅན།།
ས་ཡི་གྱི་ལིང་སྦལ་བ་འདྲ།།
མགོ་ཐུང་སྣ་ཉག་མིག་རྩ་རྒོད།།
               ཅེས་པ་གྱི་ལིང་ངོ་།།

​   འོད་མིག་དང་གློག་ཞགས་བཅས་ཀྱིས་ཡི་གེར་ཕབས།
                             རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease